རྒྱ་བལ་འབྲུག་གསུམ་གྱི་བོད་མི་མང་པོ་ཕྱི་རྒྱལ་ཁག་ཏུ་འགྲོ་ཐབས་བྱས་ཏེ་དཀའ་ངལ་སྣ་ཚོགས་འཕྲད་ཀྱི་ཡོད་པ་ལྟར། བོད་རིགས་བུ་མོ་གཉིས་གཞན་གྱི་མགོ་སྐོར་འོག་ཚུད་དེ་སྒོར་མོ་མང་པོ་ཤོར་བ་མ་ཟད། ཨ་ཧྥེ་རི་ཁའི་མཐའ་འཁོབ་ཅིག་ཏུ་གཡུགས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༦ ཉིན་ཕྱི་རྒྱལ་ཁག་ཏུ་མི་གཏོང་མཁན་རྒྱ་མཚོ་ཟེར་བ་ཞིག་གིས། བོད་རིགས་བུད་མེད་གཉིས་དང་བལ་ཡུལ་གྱི་མི་ ༥ བཅས་ཁྱོན་མི་གྲངས་ ༧ ཡུ་རོབ་ནང་གཏོང་རྒྱུ་བྱས་ཏེ། ལྡི་ལི་ནས་ལྷོ་ཨ་ཧྥི་རི་ཁའི་(Burkina Faso Ouagadougou)ཟེར་བའི་ས་ཆ་ཞིག་ཏུ་བསྐྱལ་ཡོད་པ་དང་། དེ་རུ་ཟླ་ ༦ ཙམ་ལྷག་རྗེས། མི་དེས་ཁོང་ཚོའི་དངུལ་དང་ཕྱི་སྐྱོད་ལག་འཁྱེར་ཚང་མ་འཁྱེར་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། བལ་པོའི་ལམ་གྲོགས་ཚོས་བོད་རིགས་གཅིག་པ་ཡིན་པའི་ཉེས་འཛུགས་འོག བོད་པའི་བུ་མོ་གཉིས་ལ་རྡུང་རྡེག་མནར་གཅོད་མང་པོ་བཏང་ཡོད་འདུག
རྗེས་སུ་དགོང་མོ་ཞིག་ལ་བུ་མོ་གཉིས་ཐབ་ཚང་གི་སྒེའུ་ཁུང་ནས་མཆོངས་ཏེ་བྲོས་ཡོད་པ་དང་། སྟབས་ལེགས་ནས་བུ་མོ་གཅིག་གིས་ལག་འཁྱེར་ཁ་པར་འཁྱེར་ཡོད་སྟབས། ཡར་མར་ལ་འབྲེལ་བ་བྱས་མཐར་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༣ ཉིན་སྡེ་དགེའི་སྐད་འཕྲིན་ཚོགས་པ་ཞིག་ལ་འབྲེལ་བ་མཐུད་ཐུབ་སྟེ། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནས་ཚུལ་དེ་སྙན་གསེང་ཞུས་ཡོད་ཅིང་། དབུས་ནས་གོ་སྒྲིག་གནང་བ་ལྟར་ཡན་ལག་ཁང་གིས་ཚོགས་ཆུང་ཞིག་བཙུགས་ཏེ། ཚོགས་ཆུང་གི་ཚོགས་མི་ཨ་རིར་གནས་སྡོད་དཀོན་མཆོག་བསྟན་འཛིན་ཞུ་བ་ལྷོ་ཨ་ཧྥི་རི་ཁའི་ནང་བསྐྱོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་སྐྱབས་བཅོལ་ལས་ཁུངས་སུ་བུ་མོ་གཉིས་ཀྱི་གནས་ཚུལ་ཞུས་པ་བརྒྱུད་གནས་སྐབས་རིང་ཨ་ཧྥི་རི་ཁའི་ནང་གནས་སྡོད་ཆོག་པའི་ཡིག་ཆ་བཟོས་རྗེས་ཁོ་ཕྱིར་ལོག་ཡོད་པ་དང་། བུ་མོ་གཉིས་ལོ་གཅིག་ལྷག་རིང་ལྷོ་ཨ་ཧྥི་རི་ཁའི་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ཁང་དུ་བསྡད་རྗེས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་བུ་མོ་ཁོ་རང་གཉིས་ཀྱི་འདོད་པ་ལྟར་ཁེ་ན་ཌའི་སྐྱབས་བཅོལ་ཁང་དུ་འབྱོར་ཡོད་འདུག
འདི་གའི་གསར་འགོད་པས་བུ་མོ་གཉིས་དང་དཀོན་མཆོག་བསྟན་འཛིན་ལགས། དེ་བཞིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ལ་འབྲེལ་བ་བྱས་ཏེ། ཐེངས་འདིའི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱས་པར། ཐོག་མ་བུ་མོ་གཉིས་ལ་རྒྱ་མཚོ་ཟེར་བ་དེར་འབྲེལ་བ་ཇི་ལྟར་བྱུང་བའི་སྐོར་དྲིས་པར། བུ་མོ་ xxxx ལགས་ཀྱིས་སྔོན་ཆད་ང་ཚོས་ཕན་ཚུན་ངོ་ཤེས་ཀྱི་མེད། ལྡི་ལིར་ཡོད་པའི་ངེད་གཉིས་ཀྱི་གྲོགས་མོ་ཞིག་བརྒྱུད་དེ་ངོ་ཤེས་པ་རེད། ཁོ་མོར་སྐལ་བཟང་རྒྱ་མཚོ་ཟེར་བ་ཞིག་གིས་ཕྱི་རྒྱལ་དུ་འགྲོ་མཁན་རེ་འཚོལ་རོགས་བྱོས་ལབ་འདུག ད་དུང་ཕྱི་རྒྱལ་དུ་བཏང་ན་མི་རེས་ཧིན་སྒོར་འབུམ་ ༡༠ དང་ཕྱེད་ཀ་རེ་སྤྲོད་དགོས་པ་མ་ཟད། དེའི་ནང་ནས་འབུམ་ ༣ དང་ཕྱེད་ཀ་སྔོན་ལ་སྤྲོད་དགོས་ཀྱི་ཡོད་སྐོར་དང་། སྐལ་བཟང་རྒྱ་མཚོ་ཟེར་བ་དེས་ཡུ་རོབ་ཀྱི་རྒྱལ་ཁབ་གང་དུ་གཏོང་དགོས་ནའང་གཏོང་ཐུབ་ཀྱི་ཡོད་པ་མ་ཟད། བརྟན་པོ་ཞེ་དྲག་ཡོད་ཟེར་གྱི་འདུག་ཅེས་ངེད་གཉིས་ལ་བཤད་སོང་། དེ་ནས་ངེད་གཉིས་ཧྥ་རན་སིར་འགྲོ་རྒྱུ་བྱས་ཏེ་སྐལ་བཟང་རྒྱ་མཚོ་ཟེར་བ་དང་སྐད་ཆ་མང་པོ་བཤད་རྗེས། སྔོན་ལ་བལ་པོའི་ནག་རིས་ཊཱ་(Nagrita) བཟོ་བར་ཧིན་སྒོར་ཁྲི་ ༥ རེད་སྤྲད་པ་ཡིན། ཐོག་མ་དྷ་ས་ནས་ཡིན་པའི་ཨ་ནེ་ཞིག་དང་ཨ་ཅག་ཅིག་སོགས་བོད་མི་མང་པོ་ཞིག་གིས་ཀྱང་བལ་པོའི་ནག་རིས་ཊཱ་བཟོ་རྒྱུ་བྱས་འདུག་ཀྱང་། ཁོང་ཚོས་མི་གཏོང་མཁན་དེ་ག་འདྲ་ཡོད་མེད་རྩད་གཅོད་བྱས་ཏེ། མོ་རྒྱག་ཏུ་བཅུག་རྗེས་མོ་ཡག་པོ་མི་འདུག་ཟེར་ནས་ཕྱིར་འཐེན་བྱས་སོང་། ངེད་གཉིས་ཀྱིས་སྒོར་ཁྲི་ ༥ རེ་སྤྲད་ཚར་སྟབས། གལ་སྲིད་ངེད་གཉིས་ཀྱི་ངོས་ནས་འགྲོ་གི་མིན་ལབ་ན་དངུལ་དེ་ཚུར་སློག་མིན་མི་ཤེས་སྟབས། བླ་མ་ཞིག་ལ་མོ་བརྒྱབ་པར་མོ་ཡག་པོ་འདུག་གསུངས་བས་ངེད་གཉིས་འགྲོ་རྒྱུ་སེམས་ཐག་བཅད་པ་ཡིན། སྐལ་བཟང་རྒྱ་མཚོ་ཟེར་བ་དེས་༧གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་བླ་མ་ཆེ་རུ་ཆེ་ཚད་ལ་དཔང་བཙུགས་ནས་བརྟན་པོ་ཞེ་དྲག་ཡོད། ད་བར་མི་མང་པོ་བཏང་བ་ཡིན། གལ་སྲིད་གཏོང་མ་ཐུབ་ན་སྒོར་མོ་ཚང་མ་ཕྱིར་སློག་ངེས་ཡིན་ཞེས་མནའ་མང་པོ་བསྐྱལ་སོང་། ཡིན་ནའང་། མི་གཏོང་མཁན་དངོས་གནས་དེར་ངོ་ཐུག་རྒྱུ་བྱུང་ཡོད་པ་མ་རེད། ཕྱིས་སུ་ང་ཚོ་ལམ་ལ་ཆས་སྐབས་གཞི་ནས་མི་དེར་ངོ་ཐུག་ནས་ཧིན་སྒོར་འབུམ་ ༣ དང་ཕྱེད་ཀ་སྔ་འདོན་གྱིས་སྤྲད་པ་ཡིན། སྐབས་དེར་ཁོ་ཚོས་ཉིན་བཅུའི་ནང་ཚུད་དུ་ངེད་གཉིས་ཧྥ་རན་སིའི་ནང་བསླེབས་ཐུབ་པ་བྱེད་ཆོག་ཅེས་ཁས་ལེན་བྱས་སོང་། ཞེས་སོགས་བརྗོད་བྱུང་།

ཡང་ཁོ་མོས་མུ་མཐུད་དུ་བརྗོད་དོན། ༢༠༡༣ ཕྱི་ཟླ་ ༧ པའི་ནང་ངེད་གཉིས་རྒྱ་གར་ནས་ཐོན་སྐབས་རོགས་པ་བལ་པོའི་མི་ཡོད་སྐོར་ཅི་གང་ལབ་མ་སོང་། ང་ཚོ་ལྷོ་ཧྥི་རི་ཁའི་ལེ་མོ་ཐོ་གྷོ་(Lemo Togo)ཟེར་བའི་ས་ཆ་དེར་བསླེབས་སྐབས། རྒྱ་མཚོས་བལ་པོའི་མི་འགའ་བསླེབ་ཀྱི་ཡོད་པས་ཁོ་ཚོར་བསྒུག་དགོས་ཟེར། ང་ཚོ་ས་ཆ་དེར་བསྡད་ནས་ཉིན་ ༡༦ འགོར་རྗེས། བལ་པོའི་སྐྱེས་པ་ ༣ དང་བུད་མེད་ ༢ བཅས་མི་ ༥ བསླེབས་སོང་། དེ་ནས་ང་ཚོ་ལེ་མོ་ཐོ་གྷོ་ནས་མཚན་གཅིག་ལ་བྷར་ཁེ་ནཱ་ཧྥ་སོ་(Burkina Faso Ouagadougou)ཟེར་བ་ཞིག་ཏུ་ཕྱིན་པ་དང་། ས་ཆ་དེ་ནས་ང་ཚོ་ཚང་མ་ཁང་པ་གཅིག་གི་ནང་དུ་བཞག་སོང་། ཁོང་ཚོས་གཏོང་གི་ཡིན་གཏོང་གི་ཡིན་ཟེར་ནས་ཟླ་བ་ ༣ ལྷག་ཕྱིན་སོང་། ས་ཆ་དེ་ན་ཁོ་རང་ལ་ཁང་པ་ཡོད་སྐོར་བརྗོད་སོང་ཡང་ང་ཚོར་གང་ཡང་བསྟན་མ་སོང་། བལ་པོའི་མི་ཚོས་ཁོ་ལ་རླུང་ཡང་ཡང་བསྟན་སྟབས་ཐེངས་གཅིག་བལ་པོའི་སྐྱེས་པ་ཞིག་གཏོང་ཐབས་བྱས་ཀྱང་གཏོང་ཐུབ་མ་སོང་། ང་ཚོ་ས་དེར་ཡུན་རིང་ལྷག་སྟབས་བལ་པོའི་ལམ་རོགས་སྐྱེས་པ་ཞིག་ལ་དུག་སྦྲང་གིས་སོ་བརྒྱབ་སྟེ་གྲོངས་སོང་། རིམ་གྱིས་ཁོ་རང་ཡང་ང་ཚོ་དང་བར་ཐག་ཇེ་རིང་དུ་བཏང་སྟེ། མཚམས་རེར་མི་ནག་པོ་རེའི་ལག་ཏུ་ཚལ་དེ་འདྲ་བསྐུར་ཡོང་བ་མ་གཏོགས་ཁོ་རང་དེ་ཙམ་ཡོང་གི་མི་འདུག བར་སྐབས་ཤིག་ནས་ཁོ་གང་དུ་སོང་མིན་གོ་ཐོས་མེད་པ་ཆགས་སོང་། ང་ཚོའི་ཡིག་ཆ་ནག་རིས་ཊཱ་དང་སྒོར་མོ་ཁོ་རང་གི་ལག་ཏུ་ཡོད་པ་རེད། ཅེས་བརྗོད་བྱུང་།
ཡང་གསར་འགོད་པས། ཨ་ཧྥི་རི་ཁར་སྡོད་རིང་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དྲིས་པར་ཁོང་མོས་བརྗོད་དོན། མི་དེ་གར་སོང་ཧ་མ་གོ་བ་ཆགས་རྗེས། ཁོ་བོད་པ་ཡིན་པའི་རྐྱེན་གྱིས་བལ་པོའི་ལམ་རོགས་ཚོས་ངེད་གཉིས་ལ་སྡིགས་དམོད་དང་གཅར་རྡུང་སོགས་བཏང་ནས་བརྙས་བཅོས་མང་པོ་བྱས་སོང་། ངེད་གཉིས་ལ་གཅར་རྡུང་གཏོང་གི་ཡོད་པ་ཧ་གོ་ན་ལམ་ཁྲིད་བསླེབ་ཡོང་གི་རེད་བསམས་ཏེ། ཁོ་ལ་ཁ་པར་བཏང་ནས་ངེད་གཉིས་ལ་གཅར་རྡུང་གཏོང་གི་ཡོད་པའི་སྐད་སྒྲ་གོ་རུ་བཅུག་སོང་། ཡིན་ནའང་ལམ་ཁྲིད་ཁོ་རང་ཨ་ཧྥི་རི་ཁའི་ས་ཆ་གཞན་ཞིག་ཏུ་ཡོད་སྐོར་བཤད་དེ་ཡོང་གི་མི་འདུག ངེད་གཉིས་ནས་ཀྱང་། ཁ་པར་ནང་ནས་བལ་པོའི་མི་ཚོས་ངེད་གཉིས་ལ་གཅར་རྡུང་གཏོང་གི་འདུག ཁྱེད་འདིར་ཡོང་རོགས་ཞེས་ཞུ་བ་བརྒྱབ་ཀྱང་གཏན་ནས་ཡོང་མ་སོང་། རིམ་གྱིས་ཁ་པར་ཡང་འགྱོག་གི་མི་འདུག དེ་ནས་བལ་པོའི་མི་ཚོ་ཁོང་ཁྲོ་ལངས་ཏེ་ངེད་གཉིས་ལ་གཅར་རྡུང་ཚད་མེད་བཏང་བ་མ་ཟད། ཁང་པའི་ནང་བཅུག་སྟེ་བདུན་ཕྲག་ ༢ ལྷག་རིང་ཟ་མའང་བཟའ་རུ་བཅུག་མ་སོང་།
དགོང་མོ་ཞིག་ལ་ངེད་གཉིས་ནང་དུ་བཅུག་སྟེ་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་སྟེ་ཁོ་ཚོ་ཕྱི་རུ་ཕྱིན་སོང་། དཀོན་མཆོག་གི་ཐུགས་རྗེ་ཞིག་གིས་ངེད་གཉིས་ཐབ་ཚང་གི་སྒེའུ་ཁུང་ནས་མཆོངས་ཏེ་འབྲོ་ཐུབ་སོང་། སྐབས་དེར་ངེད་གཉིས་ལ་ལག་འཁྱེར་ཁ་པར་ཞིག་དང་གློག་གསོག་ཆས་ཤིག་མ་གཏོགས་དངུལ་གཅིག་ཀྱང་མེད་པའི་ཁར། ལུས་ལ་གྱོན་གོས་ཀྱང་སྲབ་པོ་ཞིག་ལས་རྐང་མགོའི་ལྷམ་ཡང་གྱོན་རྒྱུ་རག་མ་སོང་། མཚན་མོ་དེར་ངེད་གཉིས་ས་ཆ་དེ་ནས་ཐག་རིང་སའི་ནགས་གསེབ་ཅིག་ཏུ་ཡིབ་ནས་བསྡད་པ་ཡིན། ཕྱི་ཉིན་ནམ་ལངས་སྐབས་མི་རིགས་ནག་པོ་བཟའ་ཟླ་གཉིས་ཞོགས་རྩལ་སྦྱོང་དུ་ཡོང་བ་དང་འཕྲད་སོང་བས། དབྱིན་སྐད་ཐོག་ནས་ངེད་གཉིས་སྲོག་ཉེན་ལ་ཐུག་ཡོད་སྐོར་བཤད་པར། ཅུང་སྙིང་རྗེ་བ་ཡིན་ས་རེད། ངེད་གཉིས་ཁོང་ཚོའི་རླངས་འཁོར་འཇོག་སའི་ནང་ཞག་གཉིས་རིང་སྡོད་དུ་བཅུག་པ་མ་ཟད། ཟ་མ་ལྷག་མ་དེ་འདྲ་ཡང་སྤྲད་སོང་། སྐབས་དེར་ངེད་གཉིས་ཀྱིས་ཁ་པར་ཐོག་ནས་ཡར་མར་འབྲེལ་བ་བྱས་ཏེ་སྡེ་དགེའི་སྐད་འཕྲིན་ཚོགས་པར་འབྲེལ་བ་བྱེད་ཐུབ་སོང་། ཞེས་བརྗོད་བྱུང་།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ལ་འབྲེལ་བ་བྱུང་རྗེས། ཐེངས་ཤིག་རྒྱ་མཚོས་ངེད་གཉིས་ལ་ཁ་པར་ཡོང་སྟེ་ཁྱེད་གཉིས་ཀྱིས་སྡེ་དགེ་ཚོགས་པར་འབྲེལ་བ་བྱས་འདུག་གཱ། ངས་ཁྱེད་གཉིས་ལས་སླ་བོར་འཇོག་གི་མིན། ཁྱེད་གཉིས་བསད་དེ་དེ་སྔོན་འདས་གྲོངས་ཕྱིན་པའི་བལ་པོའི་སྐྱེས་པ་དེའི་ཕུང་པོ་དང་མཉམ་དུ་འཇོག་དགོས། ཁྱེད་གཉིས་ཕྱིར་རྒྱ་གར་དང་བལ་པོ་གང་དུ་འགྲོ་བསམ་ཡང་། གནམ་ཐང་གི་ལས་བྱེད་ཚོ་ངའི་ངོ་ཤེས་པ་རྐྱང་རྐྱང་ཡིན། ཁྱེད་གཉིས་ཐར་ས་ཡོད་པ་མ་རེད་ཅེས་འཇིགས་སྐུལ་བྱས་སྟབས། ངེད་གཉིས་དངོས་གནས་ཞེད་ཐག་ཆོད་སོང་། མི་དེ་དང་པོར་ཐུག་དུས་དངོས་གནས་འཇིག་རྟེན་འདི་ན་མི་འདི་འདྲ་ཡག་པོ་ཞིག་ཡོད་ས་མ་རེད་བསམ་པ་ཞིག་འདུག་ཀྱང་། རྒྱུན་རིང་པོར་གཤིབ་པ་དང་། ལྷག་པར་དུ་ཕྱིས་སུ་ཡུ་རོབ་དང་ཨ་རི་སོགས་ནས་བོད་མི་མང་པོས་ངེད་གཉིས་ལ་ཁ་པར་དང་སྐད་འཕྲིན་ནང་ནས་འབྲེལ་བ་གནང་ཡོང་སྐབས། དཀར་མཛེས་རྫོང་ནས་ཡིན་པའི་ཁོ་རང་གི་ཕ་ཡུལ་གཅིག་པ་དང་ངོ་ཤེས་ཚོས་ཨ་་་་ཁ་་་་་ཁ། ཁྱེད་གཉིས་དེ་འདྲ་མི་ཁྲེལ་མེད་ཅིག་ལ་ཐུག་འདུག་ལབ་སོང་། ཁོས་དེ་སྔོན་ནས་བུ་ལོན་རྐྱང་རྐྱང་བླངས་ཏེ་མི་མང་པོར་མགོ་སྐོར་བཏང་ཚར་སྟབས། ཨ་ཧྥི་རི་ཁ་ལྟ་བུའི་ལུང་པ་སྐྱོ་བོ་དག་ཏུ་གབ་སྡོད་བྱས་ནས་སྡོད་པ་ལས་བོད་པ་རང་གི་སྤྱི་ཚོགས་ནང་གོམ་པ་རྒྱག་ས་མེད་པ་ཆགས་ཡོད་པ་རེད་ལབ་ཀྱི་འདུག ཅེས་བརྗོད་བྱུང་།
ད་སྐབས་རྒྱ་མཚོ་ཟེར་བ་དེར་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་མེད་དང་། དངུལ་དེ་དག་ཕྱིར་རག་ཐབས་བྱེད་ཀྱིན་ཡོད་མེད་བྲིས་པར། ངེད་གཉིས་མི་རེས་ཧིན་སྒོར་འབུམ་ ༣ དང་ཕྱེད་ཀ་རེ་ཁོའི་ལག་ཏུ་ཡོད་པ་མ་ཟད། ཨ་ཧྥི་རི་ཁར་འགྲོ་སྐབས་ངེད་གཉིས་ཀྱིས་ཨ་སྒོར་ ༥༠༠ རེ་འཁུར་ཡོད་པ་དེའང་ཁོའི་ལག་ཏུ་ཤོར་སོང་། ང་ཚོ་ལེ་མེ་ཐོ་གྷོ་ཟེར་བ་དེར་ཡོད་སྐབས། ཐེངས་ཤིག་ཁོས་སྒོར་མོ་བརྗེ་བོ་རྒྱག་ས་རག་གི་མི་འདུག ཁྱེད་གཉིས་ཀྱི་ཨ་སྒོར་དེ་ཚོ་གཡར་རོགས་ལབ་སོང་བས་གཡར་བ་ཡིན། ཁྱོན་བསྡོམས་ངེད་གཉིས་ཀྱི་ཧིན་སྒོར་འབུམ་ ༨ ཡས་མས་ཤིག་ཁོའི་ལག་ཏུ་ཡོད་པ་རེད། ཡིན་ནའང་། ད་ལྟ་འབྲེལ་བ་བྱེད་ས་གཏན་ནས་རག་གི་མི་འདུག སྔོན་མའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་མེད་པ་བཟོས་འདུག ངེད་གཉིས་ཀྱི་དངུལ་དེ་དག་མི་གཞན་གྱི་ས་ནས་སྐྱེད་ཀ་བྱས་ཏེ་གཡར་ཡོང་བ་ཡིན་ལ། མ་འོངས་པར་དེ་ཚོ་ཕྱིར་སྤྲོད་དགོས་པ་རེད། ཡིན་ནའང་དེ་ཚོ་ང་རང་གཉིས་ཀྱིས་དཀའ་ལས་བརྒྱབ་སྟེ་ལས་ཀ་བྱས་ན་རིམ་གྱིས་འགྲིག་འགྲོ་བ་རེད་བསམ་གྱི་འདུག གལ་སྲིད་དངུལ་དེ་དག་ཚུར་རག་ན་གང་འཚམ་ཞིག་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ལ་སྤྲོད་དགོས་བསམ་ཡོད། སྡེ་དགེ་ཚོགས་པས་ངེད་གཉིས་ཀྱི་སྲོག་བསྐྱབས་ཏེ་མི་ཚེ་གསར་པ་ཞིག་གི་གོ་སྐབས་བསྐྲུན་པ་རེད། བཀའ་དྲིན་ཆེན་པོ་ཡིན། ཞེས་བརྗོད་བྱུང་།

དཀོན་མཆོག་བསྟན་འཛིན་ལགས་སུ་ཁོང་ལྷོ་ཨ་ཧྥི་རི་ཁའི་ནང་བསྐྱོད་པའི་བརྒྱུད་རིམ་དང་། བུ་མོ་གཉིས་ལ་ཐུག་སྐབས་ཀྱི་མཐོང་ཚོར་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་ཕ་ཡུལ་སྡེ་དགེའི་སྐད་འཕྲིན་ཚོགས་པའི་ནང་ཁྱབ་རྗེས། མི་མང་པོས་ཆེ་ས་ནས་བུ་མོ་གཉིས་ལ་སྲོག་ཉེན་མེད་པ་ཞིག་དང་ཆུང་ས་ནས་དཀའ་སྡུག་མེད་པ་ཞིག་ངེས་པར་དུ་བཟོ་དགོས་སྐོར་གསུངས་སོང་། ཡིན་ནའང་། ལྷོ་ཧྥི་རི་ཁའི་ནང་འགྲོ་མཁན་མ་རག་པའི་དཀའ་ངལ་འཕྲད་སོང་། ཁ་ཤས་འགྲོ་འདོད་ཡོད་ཀྱང་ཡིག་ཆ་མ་འགྲིག་པ་དང་། ལས་ཀ་ནས་དགོངས་པ་མ་རག་པ་སོགས་ཀྱི་དཀའ་ངལ་འཕྲད་སྟབས། ང་ལ་ཡིག་ཆ་འགྲིག་གི་ཡོད་སྟབས་ང་འགྲོ་ཆོག་ཅེས་ཞུས་པར་ཚོགས་མི་མང་པོས་ཡག་པོ་འདུག་ལབ་སོང་། དེའི་སྐོར་ངའི་ནང་མི་སྤུན་མཆེད་ཚོར་ཞུས་པར་ཚང་མས་ལྷོ་ཨ་ཧྥི་རི་ཁའི་ནང་ནད་ཡམས་ཚབས་ཆེན་ཡོད་པ་དང་ལུང་པ་ཉེན་ཁ་ཆེན་པོ་ཅན་ཡིན་སྐོར་གསུངས་སོང་། ཡིན་ནའང་ངས་ཁོང་ཚོར་གཅིག་བྱས་ན་ངའི་ཚེ་སྲོག་ལ་ཉེན་ཁ་འཕྲད་སྲིད་ཀྱང་བུ་མོ་དེ་གཉིས་སྐྱོབ་ཏུ་མ་སོང་ན་སེམས་ནས་བཟོད་ཀྱི་མི་འདུག་ཅེས་ཞུས་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་གྱི་ཕྱི་དྲོར་ནད་རིགས་སྔོན་འགོག་གི་ཁབ་ཅིག་བརྒྱབ་སྟེ་ཐད་ཀར་ལྷོ་ཨ་ཧྥི་རི་ཁའི་ནང་ཕྱིན་པ་ཡིན། ཞེས་བརྗོད་བྱུང་།
ཁོང་གིས་མུ་མཐུད། དང་ཐོག་ང་རང་གི་སེམས་ལ་བུ་མོ་གཉིས་ཀྱི་གནས་ཚུལ་དེ་བདེན་པ་ཨ་ཡིན། གཅིག་བྱས་ན་ཁོ་ཚོ་ཁ་མཐུན་བྱས་ཏེ་མགོ་སྐོར་གཏོང་གི་ཡོད་སྲིད་པ་རེད་སྙམ་པའི་དོགས་པ་དང་འཇིགས་སྣང་ཡང་སྐྱེས་བྱུང་། ཡིན་ནའང་། གནམ་ཐང་ནས་བུ་མོ་གཉིས་དངོས་སུ་མཐོང་མ་ཐག་ངའི་སེམས་ཀྱི་དོགས་པ་ཚང་མ་ཡལ་སོང་། བུ་མོ་གཅིག་ལ་ལྷམ་མེད་པ་དང་། བུ་མོ་གཞན་དེའི་ལུས་ལ་ཕྱི་ནང་མཐོང་བའི་གྱོན་གོས་སྲབ་སྲབ་ཅིག་ལས་མི་འདུག ལྷག་པར་དུ་ཁོང་གཉིས་ཀྱི་གདོང་དང་སྐེ་སོགས་སུ་རྨ་ཁས་ཁེངས་བ་དེ་མཐོང་དུས་རང་དབང་མེད་པར་མིག་ཆུ་ཤོར་ཡོང་བ་ཞིག་རེད། དེ་ནས་ངས་ཁོང་གཉིས་འཁྲིད་དེ་མགྲོན་ཁང་ཞིག་ཏུ་ཕྱིན་ཏེ་གཟུགས་པོར་འཁྲུས་བྱེད་རོགས་ཞེས་བཤད་པར། ཁོང་གཉིས་གྲོད་ཁོག་ལྟོགས་ཀྱི་འདུག་པས་དང་པོར་ཟ་མ་བཟའ་འདོད་འདུག་ཟེར། དེ་ནས་ངས་ཁོང་གཉིས་ཟ་ཁང་དུ་འཁྲིད་ནས་ཟ་མ་ཟ་རུ་བཅུག་པ་ཡིན། ཞེས་བརྗོད་བྱུང་།
མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་སུ་དཀའ་སྡུག་ཞུས་པའི་སྐོར་ལ་ཁོང་གིས། ང་ལྷོ་ཨ་ཧྥི་རི་ཁའི་ནང་བསླེབས་རྗེས། སྡེ་དགེའི་དབུས་རྒྱུན་དང་ནེའུ་ཡོག་ས་གནས་རྒྱུན་ལས་གཉིས་ཀྱི་གོ་སྒྲིག་འོག ངས་ས་གནས་དེའི་ཚོགས་པ་གཉིས་ལ་འབྲེལ་བ་ཞུས་པ་ཡིན། ཡིན་ནའང་ཚོགས་པ་དང་པོ་དེས་ཡ་ལན་སྤྲོད་ཀྱི་མི་འདུག དེ་ནས་ང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁུངས་སུ་དཀའ་སྡུག་ཞུ་རུ་ཕྱིན་པ་ཡིན། ལས་ཁུངས་ཁར་བཀག་འགོག་གིས་དཀའ་ངལ་ཏོག་ཙམ་འཕྲད་སོང་ཡང་། ཕྱིས་སུ་ནང་དུ་འཛུལ་བཅུག་ཡང་ཐོག་མར་དེ་ཙམ་གྱིས་ཡ་བྱེད་ཀྱི་མི་འདུག དེ་ནས་ངས་བོད་མི་སྤྱི་ཡོངས་ཀྱི་ད་ལྟའི་གནས་སྟངས་དང་། བྱེ་བྲག་གིས་བུ་མོ་གཉིས་ཀྱི་དཀའ་སྡུག་ཞུས་པ་དང་སྦྲགས། བུ་མོ་གཉིས་ཀྱི་གདོང་དང་སྐེ་སོགས་ཀྱི་རྨ་ཁ་རྣམས་བསྟན་ཏེ་ང་རང་རང་དབང་མེད་པར་མིག་ཆུ་ཤོར་སོང་། སྐབས་དེར་ཁོང་ཚོས་གཙང་ཤོག་སྒམ་ཆུང་གང་ངའི་མདུན་དུ་བཞག་སྟེ། “སྐྱིད་སྡུག་བཤད་དེ་ངུ་ན་ངུ་ས་ནོར་མེད་པས་ངུས་ཤོག” ཟེར། དེ་ནས་སྐད་ཆ་བཤད་རྒྱུ་མེད་པར་ང་ཅུང་ཙམ་ལྷག་སོང་། ཁོ་ཚོས་ཁྱེད་བུ་མོ་འདི་གཉིས་དང་འབྲེལ་བ་ག་རེ་ཡོད་ཟེར། ངས་བུ་མོ་འདི་གཉིས་སྔོན་མ་ངོ་ཙམ་ཡང་མི་ཤེས། སྐད་འཕྲིན་ཚོགས་པ་བརྒྱུད་ནས་བུ་མོ་འདི་གཉིས་ཀྱི་དཀའ་སྡུག་ཧ་གོ་ནས་ཡོང་བ་ཡིན་ཞེས་ཞུས་པ་ཡིན། དེ་ནས་ངས་དང་ཐོག་དཀའ་སྡུག་ཞུས་ཀྱང་ཡ་མི་བྱེད་མཁན་གྱི་ཚོགས་པ་དེར་ཐད་ཀར་ཁ་པར་བཏང་སྟེ། ཕྱི་ཉིན་དེར་བུ་མོ་གཉིས་ལྷོ་ཧྥི་རི་ཁའི་ནང་གནས་སྐབས་འདུག་ཆོག་པའི་ཡིག་ཆ་བཟོ་དགོས་པ་དང་། སྨན་ཁང་ནས་གཟུགས་པོར་བརྟག་དཔྱད་དགོས་པ་བཀའ་མངག་བྱས་སོང་བ་མ་ཟད། ཕྱི་ཉིན་ནས་བཟུང་བུ་མོ་གཉིས་ལ་སྡོད་གནས་གོ་སྒྲིག་བྱེད་ཆོག་ལ། ལས་ཁུངས་ར་བའི་ནང་ཕྱི་མི་གང་བྱུང་འཛུལ་མི་ཆོག་པས་ཁོང་གཉིས་ལ་ཉེན་ཁ་གང་ཡང་ཡོད་པ་མ་རེད་ཅེས་རོགས་རམ་ཡག་པོ་གནང་སོང་། ལས་ཀ་དེ་དག་ཚང་མ་འགྲུབ་ཚར་རྗེས་ང་རང་ཕྱིར་ལོག་པ་ཡིན། ཞེས་བརྗོད་བྱུང་།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་སུ། བུ་མོ་གཉིས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ལ་འབྲེལ་བ་ཞུས་ཡོད་མེད་དྲིས་པར་ཁོང་གིས། བུ་མོ་གཉིས་ཀྱི་གནས་ཚུལ་དེ་ ༢༠༡༤ ལོའི་ཕྱི་ཟླ་དང་པོའི་ནང་ཙམ་ལ་སྡེ་དགེ་དབུས་རྒྱུན་ལས་ཁང་ལ་འབྱོར་སྐབས། དབུས་རྒྱུན་གྱིས་སེམས་ཚོར་ཆེན་པོའི་ཐོག་ནས་བཀོད་ཁྱབ་དང་ལམ་སྟོན་ཞུས་པ་ལྟར། ཚོགས་ཆུང་བཙུགས་ཏེ་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་རྗེས། བུ་མོ་གཉིས་ཀྱི་ལུས་དང་སྲོག་ལ་དངོས་འབྲེལ་ཛ་དྲག་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་འབྱོར་བྱུང་། དེ་ནས་ང་ཚོས་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་སོགས་ལ་ཡིག་འབྲེལ་དང་། ཁ་པར་ལམ་ནས་འབྲེལ་བ་ཞུས་པ་ཡིན། འོན་ཀྱང་སྐབས་དེའི་སྐུ་ཚབ་དོན་གཅོད་ནས་ང་ཚོའི་དོན་གཅོད་ཡོད་ས་དང་། བུ་མོ་གཉིས་ཡོད་སའི་ས་ཆ་གཉིས་ཧ་ཅང་ཁ་ཐག་རིང་པོ་རེད། ང་ཚོའི་ནུས་པས་སྙོབ་ཀྱི་མི་འདུག་ཅེས་བཀའ་ལན་གནང་སོང་། དངོས་འབྲེལ་ཡུལ་དུས་དང་། གནད་དོན་གཞན་གྱིས་རྐྱེན་པས་གཞུང་འབྲེལ་ལག་པ་འཆིང་མ་བདེ་བ་ཡོད་སྲིད་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་ལ་སྡེ་དགེ་ཚོགས་པའི་ངོས་ནས་ཐེངས་འདིའི་ལས་དོན་དེའི་ཐོག་འགྲོ་གྲོན་དང་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་དྲིས་པར། ཁོང་གིས། ཐོག་མར་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་ཆེད་དུ་འཁོར་ཀོ་པདྨ། ཨ་ཐུབ་འཕྲིན་ལས་སྒྲོལ་མ། དཀོན་མཆོག་བསྟན་འཛིན། ཨ་རི་ནེའུ་ཡོག་ས་གནས་སྡེ་དགེ་ཚོགས་པའི་རྒྱུན་ལས་ངག་དབང་ཆོས་གྲགས་བཅས་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་བྱས་པ་ཡིན། ཁོང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ཛ་དྲག་གི་དཀའ་ངལ་འཕྲད་པའི་བུ་མོ་གཉིས་ལས་གཅིག་བོད་ནས་ཕེབས་པའི་སྡེ་དགེ་བ་ཞིག་ཡིན་པ་དང་། གཞན་དེ་ཕ་ཡུལ་མངའ་རིས་ནས་ཡིན་པའི་ལྷོ་ཕྱོགས་གཞིས་ཆགས་ཀྱི་བུ་མོ་ཞིག་ཡིན་པ་ཧ་གོ་སོང་། སྐབས་དེར་ཐེངས་དང་པོར་ཨ་སྒོར་ ༥༠༠ བཏང་པ་རེད། སྤྱིར་བཏང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་རང་ཁོངས་མི་སྣ་ལ་མ་གཏོགས་ལྟ་རྟོག་དང་རོགས་རམ་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་བུ་མོ་གཉིས་ལ་ནང་མི་གཉེན་ཉེ་རོགས་རམ་ཐུབ་མཁན་སུ་གང་མེད། རོགས་སྐྱོར་གནང་རོགས་ཞེས་རེ་སྐུལ་ཤུགས་ཆེན་པོ་ཞུས་པར་བརྟེན་ཏེ་ཁོ་གཉིས་ཀར་རོགས་རམ་བྱས་པ་མ་ཟད་ཁོ་གཉིས་ལ་སྐད་ཆ་དྲིས་པར། ཕྱི་རྒྱལ་ལུང་པ་ཡག་པོ་ཞིག་ལ་ཐར་ཐུབ་གནང་རོགས་ཞེས་ཚུར་རེ་འདུན་ཞུས་པ་ལྟར། ཐོག་མ་ཨ་རིར་གནས་བཞུགས་བསྟན་འཛིན་རྣམ་རྒྱལ་ལགས་དང་བླངས་ཐོག་འགྲོ་རྒྱུའི་བཀའ་མོལ་བྱུང་ཡང་། རྗེས་སུ་ཡན་ལག་མྱུར་སྐྱོབ་ཁང་གི་ཚོགས་མི་དཀོན་མཆོག་བསྟན་འཛིན་ལགས་དང་བླངས་ཐོག་འགྲོ་རྒྱུའི་བཀའ་མོལ་བྱུང་བ་ལྟར་ཁོང་ཕྱིན་པ་རེད། མདོར་ན་ཁོང་གི་ཕར་ཚུར་གྱི་ལམ་གླ་དང་། བུ་མོ་གཉིས་ལ་སྔ་ཕྱིར་དངུལ་སྨར་བཏང་བ་བཅས་ཁྱོན་བསྡོམས་ད་བར་ཨ་སྒོར་ ༥༤༠༠ ལྷག་ཙམ་ཕྱིན་སོང་། འགྲོ་སོང་དེ་ཚོ་ཚང་མ་སྡེ་དགེའི་རྒྱ་ཆེའི་མང་ཚོགས་ཀྱིས་ཛ་དྲག་དཀའ་ངལ་ཅན་དང་། ནད་པ་ཉམ་ཐག་ཚོའི་ཆེད་དུ་ཡན་ལག་མྱུར་སྐྱོབ་ཁང་ལ་ཞལ་འདེབས་གནང་པའི་ཁོངས་ནས་བཏང་བ་རེད། ཅེས་སོགས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

ཡོང་ཁུངས་བོད་ཀྱི་དུས་བབ།

དཔྱད་མཆན་སྤེལ།

%d bloggers like this: