རྗེ་བཙུན་མི་ལ་རས་པ་ནི།  རབ་བྱུང་དང་པོའི་ལྕགས་འབྲུག (སྤྱི་ལོ1040)ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་སྐྱ་རྔ་རྩ་རུ་འཁྲུངས།  མཚན་ལ་ཐོས་པ་དགའ་ཞེས་ཞུ།  ཆུང་ངུར་ཡབ་གཤེགས་ཏེ་སྡུག་མང་པོ་མྱངས།  དེ་རྗེས་མཐུ་བསླབས་ནས་འཁོན་གླན་པར་མི་མང་པོ་བསད།  སླད་ནས་སྡིག་པ་ལ་འགྱོད་དེ་ཆོས་བྱེད་པར་རབ་བྱུང་དང་པོའི་ས་རྟ (སྤྱི་ལོ1078) ལོ་ལྷོ་བྲག་ཏུ་ཕེབས་ཏེ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ།  དེར་ལོ་དྲུག་ཟླ་བརྒྱད་ཙམ་བཞུགས་ཏེ་བླ་མ་དེ་ལས་དབང་དང་མན་ངག་རྫོགས་པར་བླངས།  མར་པ་ལོ་ཙཱ་བའི་བཀའ་ལྟར་སྡིག་སྒྲིབ་སྦྱོང་བའི་ཕྱིར་དཀའ་བ་ཚད་མེད་སྤྱད་དེ་སྲས་མཁར་དགུ་ཐོག་བརྩིགས།  དགུང་ལོ་ཞེ་ལྔ་པ་རབ་བྱུང་དང་པོའི་ཤིང་བྱི (སྤྱི་ལོ1084) ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཤིང་སྒྲུབ་པའི་དམ་བཅའ་མཛད་དེ་ལོ་དགུའི་རིང་དཀའ་སྤྱད་དྲག་པོས་བསྒོམས་པས་མཆོག་གི་དངོས་གྲུབ་ཐོབ།  དེ་ནས་ས་ཕྱོགས་གཞན་དུ་འབྱོན་བཞུད་མཛད་དེ་སྣོད་དུ་རུང་བའི་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་པ་ཅི་རིགས་གནང་།  སྒྲུབ་བརྒྱུད་ཀྱི་བསྟན་པའི་སྲོལ་བཙུགས།  རས་ཆུང་བ་དང་དྭགས་པོ་ལྷ་རྗེ་སོགས་སློབ་མ་གྲགས་ཅན་མང་པོ་བྱུང་།  ཉམས་མགུར་མང་དུ་བརྩམས་པ་རྗེས་རབས་པས《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ》ཞེས་བྱ་བ་བསྒྲིགས།  མཐར་དགུང་ལོ་གྱ་བཞི་པ་རབ་བྱུང་གཉིས་པའི་ཆུ་ཡོས (སྤྱི་ལོ1123) ལོར་མཁའ་སྤྱོད་དུ་སྐུ་གཤེགས།

ཡོང་ཁུངས་དྲ་རྒྱ་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading