མི་རིགས་ཤིག་གི་མགྱོག་མྱུར་གྱིས་འཕེལ་རིམ་དང་ཆོས་ལུགས་ཤིག་གི་ཉམས་རྒུད།
བསྟན་འཛིན་ཆོས་རྒྱལ།
ལྷག་བསམ་དྭངས་མོ་ཞིག་གིས་རྒྱང་རིང་དུ་བལྟས་ན་མི་རིགས་ཤིག་འཆི་གསོན་ཆ་མི་འཚལ་བའི་ཤུགས་རིང་ཞིག མི་རབས་འདིའི་སེམས་ཁམས་ནས་མཆེད་ཅིང༌། དེ་དང་མཉམ་དུ་ཕྱི་རབས་པ་དང་སྔ་རབས་པའི་ལྟ་བའི་བར་ན་མི་མཐུན་པའི་མཆིལ་ཞགས་རེ་རེའང་ཐོལ་གྱིས་འབབ། སྤྱི་ཚོགས་ཤིག་ལ་མཚོན་ན་འདི་ནི་ཡོང་མི་སྲིད་པ་ཞིག་གཏན་ནས་མིན།
བོད་མི་རིགས་ཀྱི་ལོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལ་ཕྱིར་འདང་ཞིག་བརྒྱབ་ཚེ་ནང་ཆོས་དར་ནས་བཟུང་གང་ཟག་ཕལ་ཆེ་བ་ཞིག་གི་སེམས་སུ་ནང་ཆོས་ནི་ནོར་འཁྲུལ་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པའི་གྲུབ་མཐའ་ཡང་དག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དེ་ལ་ཅུང་ཙམ་མི་འདོད་པའི་གཏམ་གྱི་ཟུར་ཞིག་བྱུང་ཡང་ཚང་མས་ཚད་ངེས་ཅན་ཞིག་གི་ངོས་ནས་དེ་ལ་དགག་གཞག་གི་མཆིལ་མ་འཕེན་ངེས། དེར་མ་ཟད་ནང་ཆོས་ཀྱི་དཔྱད་བརྗོད་དང་རྩོམ་རིག་གི་འགྲན་བསྡུར་སོགས་ཧ་ཅང་གི་འཕེལ་རྒྱས་སུ་ཕྱིན་ཡོད་ལ། དེ་དག་གི་ཤུགས་རྐྱེན་སྤྱི་ཚོགས་ཁྲོད་ལ་མངོན་ཆེད་ལྷ་སྒྲུང༌། བྱིས་སྒྲུང༌། སྙན་རྩོམ། ལོ་རྒྱུས། ཐ་ན་བཟོ་བ་དང་གསོ་བ་རིག་པ་ཟློས་གར་སོགས་ཀྱང་་འདིས་སྟངས་འཛིན་འོག་གནས་ཡོད། ད་དུང་ཉིན་རེའི་འཚོ་བ་དང་གོམས་གཤིས་ཀྱི་ཁྲོད་དུ་ཡང་སྔ་དགུང་དཀོན་མཆོག་ལ་གསོལ་འདེབས་ལྷ་དང་བླ་མ་ལ་ཡིད་ཆེས། དབུལ་ཕོངས་ལ་སྦྱིན་པ་སོགས་ཤུགས་རྐྱེན་གང་མང་ཐེབས་ཡོད།
དེ་ལྟར་ལོ་ཟླ་རིམ་གྱིས་འདས་ཤིང་མི་རབས་ཀྱང་བརྗེ་བསྒྱུར་བྱུང་བས་སྤྱི་ཚོགས་འདིའི་ཁྲོད་ཀྱང་སྔོན་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་སྣ་ཚོགས་བྱུང་ཞིང༌། ཁྱད་པར་དུ་རྒྱ་ནག་གིས་བོད་ཀྱི་མགོ་སྟེང་སློག་སྟེ་ཕ་མ་དང་བུ་ཕྲུག་བར་ཡང་ཡིད་ཆེས་དཀའ་བའི་ཆབ་སྲིད་ཀྱི་འགྱུར་ལྡོག་བྱུང༌།
ལོ་རྒྱུས་ཀྱི་འགྱུར་ལྡོག་དང་མིའི་བསམ་བློའི་དབང་གིས་གཅིག་ལ་གཅིག་འགྲན་ལྟ་བུའི་ཨ་གསར་གྱི་ལྟ་བ་ཡང་ཤུགས་ཆེར་འཕེལ། སྐབས་འདིར་ང་ཚོས་བསམ་བློ་གཏོང་དགོས་པ་ནི། ཧ་ཅང་ཟང་ཟིང་དུ་འགྱུར་བཞིན་པའི་སྤྱི་ཚོགས་འདིའི་ཁྲོད། ཤུགས་རྐྱེན་ཅི་ཞིག་གིས་ནང་ཆོས་ཉམས་རྒུད་དུ་ཕྱིན་པ་ཡིན་ཞེ་ན། རྒྱུ་རྐྱེན་གཅིག་དང་གཉིས་ཙམ་མ་ཡིན་པར་དངོས་ཤུགས་གཉིས་ཀྱི་རྒྱུ་མཚན་གང་མང་ཞིག་ལ་བརྟེན་ཏེ་བྱུང་བ་ནི་དངོས་པོའི་གནས་ཚུལ་ཡིན།
དེ་ལ་གོང་དུ་བཤད་པ་བཞིན་སྔ་མོའི་སྤྱི་ཚོཊ་ཁྲོད་ནང་ཆོས་ཀྱི་ལྟ་གྲུབ་ནོར་འཁྲུལ་དུ་ངོས་འཛིན་བྱེད་མཁན་ནི་ཕལ་ཆེར་སྲིད་མཐའ་ཙམ་དང་སྲིད་ཀྱང་གྲུབ་མཐའི་ཕྱོགས་ཞེན་ཁོ་ནའི་དབང་གིས་ཡོང་བཞིན་ཡོད། དེང་སྐབས་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་མི་ཚེའི་ལྟོ་གོས་དང་ཁེ་གྲགས་ཙམ་གྱི་ཆེད་ནང་ཆོས་ཀྱི་ལྟ་གྲུབ་ལ་ཁུངས་ལུང་ཅི་ཡང་མེད་ཚུལ་གྱི་དགག་སྒྲུབ་སྐོར་ཅིག་ཡོང་བཞིན་ཡོད། ཟང་ཟིང་གི་མི་ཚེ་ནི་ནམ་ཡང་ཟང་ཟིང་གི་མི་ཚེ་ཡིན་ལ་འདི་དང་ནང་ཆོས་གཉིས་མཉམ་དུ་དུས་ནམ་ཡང་ཡོང་ཐུབ་མེད།
ནང་ཆོས་ལ་བསྟེན་ནས་འཚོ་བའི་རྒྱུན་འབྱམས་ཀྱི་ལྟོ་གོས་ཙམ་དོན་དུ་གཉེར་པ་ནི། ཆེས་ཐབས་སྐྱོ་བོ་ཞིག་ཡིན་ལ་ཤུགས་རྐྱེན་འདིས་ནང་ཆོས་ཀྱི་གོ་རིམ་ངེས་ཅན་ཞིག་ཆུད་ཟོས་སུ་གཏོང་བཞིན་ཡོད། བླ་སྤྲུལ་དགེ་བཤེས་ཀྱི་མིང་འཛིན་པ་དུ་མས་ཤུགས་རྐྱེན་འདི་རང་ཉིད་ཀྱི་གོམ་གཤིས་སུ་གྱུར་རྐྱེན། ནམ་ཡང་སྤྱི་ཚོགས་ཁྲོད་གླེང་རྙོག་གང་མང་ཞིག་སྤེལ་བ་ལ་བརྟེན། སྐྱོན་ཁོ་ན་ལས་ཡོན་ཏན་ལ་དོ་སྣང་ཅུང་ཙམ་ཡང་མེད་པའི་ལས་མེད་ཀྱི་འཕེལ་ཚད་ཧ་ཅང་མགྱོག་པའི་དུས་འདིར། གོ་སྐབས་དང་བསྟུན་ཏེ་ནང་ཆོས་གཏོར་བཅོམ་གྱི་རལ་གྲི་ཡང་བཤམ་མགོ་བརྩམས། ད་དུང་དེ་ལས་བློ་ཁ་ཅུང་འཕེལ་བ་རྣམས་ཀྱིས་ནང་ཆོས་ནི་རྨོངས་དད་དང་རྗེས་ལུས་ཅན་ཞེས་བརྗོད་བཞིན་ཡོད།
དེ་ལ་དང་པོ་ཁ་ཅིག ནང་ཆོས་ཀྱི་ནང་དུ་དད་པ་དང་དག་སྣང་གལ་ཆེར་གསུངས་ཡོད་ལ་ལྷག་པར་དུ་ལམ་རིམ་གྱི་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྐབས་སུ། བཤེས་གཉེན་ལ་དང་བ་དང་དག་སྣང་ཤུགས་ཆེར་གསུངས་པས་ནང་ཆོས་ནི་མི་དད་པ་དང་དག་སྣང་ཅན་ཁོ་ནས་བེད་སྤྱོད་བྱེད་པ་ལས་གཞན་ཞིག་གིས་འཁོར་སྤྱོད་མི་ཆོག་པ་ཞིག་ཏུ་ངོས་འཛིན་བྱེད་པ་ནི་འཁྲུལ་ཤེས་ཀྱི་དབང་གིས་དེ་ལྟར་བརྗོད་བཞིན་ཡོད། འདི་དག་ལ་ཡང་ལེ་ཁག་མེད་དེ་ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་བྱབྱའོ་མ་ལས་གཞན་པའི་མངར་ཆ་ཅི་ཡང་རྒྱུས་མེད་པའི་བྱང་ཐང་གི་ཡུལ་ཞིག་ཏུ་སླེབས་ན། མངར་ཆ་ཡིན་ན་འོ་མ་ཡིན་དགོས༌། འོ་མ་མིན་ན་མངར་ཆ་ཡང་མིན་དགོས་ཞེས་ཨུ་ཚུགས་བྱེད་པར་ངེས་བྱབྱཞེས་པ་དང་དཔེ་གཅིག་མཚུངས་ཡིན། འདི་དག་གིས་གཞུང་ཆེན་མོ་དག་ལས་བྱབྱདབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱབྱཞེས་གང་ཟག་དབང་རྟུལ་དང་དབང་རྣོན་གཉིས་སུ་ཕྱེས་ཡོད་པ་དང༌། ༧ མཉམ་མེད་སྟོན་པ་བཅོམ་ལྡན་འདས་མཆོག་གིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟགས་ལ་ང་ཡི་བཀའ།།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་པ་འདི་དག་གི་གོ་དོན་ཕར་ཞོག་མིག་མཐོང་ཙམ་ཡང་མེད་ངེས་ཆེ། དེས་ན་དང་པོར་ཁྱེད་ཅག་གིས་ལག་གཉིས་བྲང་ཁར་སྦྱར་ཏེ་བསམ་བློ་ཞིབ་ཏུ་ཐོངས། དེ་ལྟར་མ་ངེས་ཚེ་གཞན་ལ་དཔྱོད་འདྲི་བྱོས་དང༌། བསམ་བློ་ཅུང་ཙམ་འཕེལ་ཚེ་ཁྱེད་ཀྱི་ལྟ་བ་ཡང་ཕལ་ཆེར་འགྱུར་ངེས་ཆེ། གལ་སྲིད་མ་འགྱུར་ཚེ་ང་ཚོས་ཡང་དག་རིགས་པའི་ལམ་ནས་དཔྱད་བསྡུར་ཡང་བྱེད་ཆོག
དེ་ལྟར་མ་ཡིན་པར་གང་ཡིན་ཅི་ཡིན་གྱི་ཆ་མ་ཤེས་པར་ཨ་གསར་ཁོ་ནའི་རྗེས་སུ་འབྲང་ཚེ་ཆད་མཐར་ལྷུང་ངེས་ཆེ།
གཉིས་པ་ནང་ཆོས་རྗེས་ལུས་སུ་འདོད་པ་ཁ་ཅིག དང་པོ་ཁྱེད་ཅག་གིས་རྗེས་ལུས་སུ་བཤད་བཞིན་པའི་ནང་ཆོས་ནི་གང༌། ཁྱེད་ཀྱིས་ནང་ཆོས་ཀྱི་ལྟ་བ་ལ་བྱེད་དམ་སྤྱོད་པ་ལ་བྱེད། ཡང་ན་དེ་ལས་གཞན་པའི་ནང་ཆོས་ཉམས་ལེན་བྱེད་པའི་གང་ཟག་ལ་བྱེད། དང་པོ་གཉིས་ལ་ཁྱེད་ཅག་གིས་དགག་པ་ཕར་ཞོག་དགག་བཟོ་ཙམ་ཡང་བྱེད་ཤེས་མེད་ལ། དགག་ཁུལ་བྱས་ཀྱང་གད་མོའི་གཞི་ཙམ་ལས་ཅི་ཡང་མ་ཡིན། ནང་ཆོས་ཉམས་ལེན་བྱེད་མཁན་རྗེས་ལུས་སུ་འགྱུར་བར་བཤད་པར་བསམ་སྟེ། ནང་ཆོས་རྗེས་ལུས་སུ་བཤད་པ་ནི་ནོར་འཁྲུལ་ཁོ་ནའོ། ། དེས་ན་ནང་ཆོས་ཀྱིས་སྤྱི་ཚོགས་ཡར་རྒྱས་དང་སྔོན་ཐོན་གྱི་འཕེལ་རིམ་ལ་གནོད་སྐྱོན་ཅུང་ཙམ་ཡང་བྱས་མེད། ནང་ཆོས་ཉམས་ལེན་བྱེད་པའི་གང་ཟག་གི་ཆ་ནས་བརྗོད་ཚེ་འདི་ཡང་ཕན་མ་ཕན་གཉིས་ཡོང་བཞིན་ཡོད་ལ་འདི་འཇིག་རྟེན་གྱི་རྒྱུན་འབྱམས་ཀྱི་ཆོས་ཉིད་ཅིག་ཡིན། གང་ལྟར་ཀླད་རྙིང་གི་ལྟ་བ་ཁོ་ན་མཁྲེགས་འཛིན་བྱེད་མཁན་ཞིག་ལ་མཚོན་ན་ང་ཚོས་ཇི་ལྟ་བུའི་ཡིན་ལུགས་ཞིག་གིས་ར་སྤྲོད་ཅི་ཙམ་བྱས་ཀྱང་ཕན་ཁེ་ཅི་་ཡང་མེད་ལ། དེ་ལས་ལྡོག་སྟེ་ང་ཚོས་ཚོད་དཔག་དཀའ་བའི་གནས་ཚུལ་ཡང་ཕལ་ཆེར་འབྱུང་ངེས། གང་ལྟར་སྤྱི་ཚོགས་དང་ནང་ཆོས་གཉིས་ལས་ནང་ཆོས་གཙིགས་ཆེན་དུ་འཛིན་པ་དང་སྤྱི་ཚོགས་གཙིགས་ཆེན་དུ་འཛིན་པ་གཉིས་ཡོང་བཞིན་ཡོད། འདི་དག་གི་ལྟ་བ་ཕྱོགས་གཅིག་ཏུ་བསྡུ་བ་ལ་ང་ཚོ་སྨྱུག་ཐོགས་པ་དག་ལ་འགན་ཡོད་པས་ཚད་ངེས་ཅན་ཞིག་གི་ཆུ་ཚོད་འདི་ཕྱོགས་སུ་གཏོང་དགོས། དེ་ལས་ལྡོག་སྟེ་གཅིག་ལ་གཅིག་གི་དགག་གཞག་གི་རྣམ་པར་ཚིག་རྩུབ་དང་ངན་སྨོས་ཀྱི་དབང་དུ་ཕྱིན་ན། ཕྱིས་སུ་གནད་དོན་འདི་བོད་སྤྱི་ཚོགས་ཀྱི་སྒུལ་ཤུགས་སུ་མི་འགྱུར་བའི་ངེས་པ་ཡང་མེད།
གཞན་ཡང་གྲྭ་བཙུན་དང་གསར་སྐྱེས་ཤེས་ཡོན་པ་དག་གི་བར་ལའང་རིག་གནས་འདུ་ཤེས་མི་འདྲ་བ་འདི་ནི་མགྱོག་མྱུར་འཕེལ་གྲུབ་ཏུ་གྱུར་བཞིན་པའི་འཁོར་ཡུག་ལ་ཧ་ཅང་གི་འབྲེལ་བ་གལ་ཆེན་ཡོད་པར་སྣང༌། ཅི་ལྟ་བུའི་གསར་བྱུང་གི་ཅ་དངོས་འཕེལ་གྲུབ་གྱུར་བཞིན་པ་འདི་དང་མཉམ་དུ་ བརྙན་འཕྲིན། གློག་བརྙན། དྲྭ་རྒྱ། གསར་འགྱུར་སོགས་ཀྱི་བརྒྱུད་ལམ་ལ་བསྟེན་མི་རྣམས་ཀྱི་སེམས་ཁམས་ན་འཛམ་གླིང་འདིའི་རྒྱལ་ཁབ་དག་ཀྱང་ཁྱིམ་མཚེ་ལས་ཀྱང་རྗེས་ལོན་ལྟ་བུར་གྱུར་ཏེ། གོ་ལ་འདི་ཉིད་ཆུང་དུ་ཕྱིན་པ་འམ་མིའི་སེམས་ཁམས་ཆེ་རུ་ཕྱིན་པ་ལྟ་བུའི་གློག་གི་མིག་འཕྲུལ་འདི་དག་ལ་བརྟེན། སྔོན་ཀྱི་མཐོ་སྒང་ལ་གནས་པའི་མི་རིགས་འདི་ལ་ཡ་མཚན་པའི་ལྟད་མོ་གསར་བ་ཞིག་རྙེད་མགོ་བརྩམས། རྒྱུ་རྐྱེན་དེ་དག་ལ་བརྟེན་མི་རིགས་འདིའི་བསམ་བློའི་གོ་རྟོགས་ཇེ་ཆེར་ཕྱིན་ནས་འཛམ་གླིང་གི་མི་རིགས་གང་མང་ཞིག་གི་བསམ་ཚུལ་མང་དག་ཅིག་རྗེས་ལོན་ཐུབ་པ་བྱུང༌། ད་དུང་སེམས་གཙོ་སྨྲ་བ་དང༌། དངོས་གཙོ་སྨྲ་བ། མ་རྩྭ་རང་ལུགས་དང༌། སྤྱི་ཚོགས་རང་ལུགས་སོགས་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གོ་རྟོགས་དང༌། ཡེ་ཤུའི་ཆོས་ལུགས། ཧུན་རྡུ། ཁ་ཆེ། རྗོན་སོགས་ཆོས་ལུགས་འདྲ་མིན་གྱི་གནས་རིམ་གྱི་གོ་རྟོགས་ཇེ་ཆེར་ཕྱིན་པ་འདི་དག་གི་རྒྱུ་རྐྱེན་གྱིས་མང་ཚོགས་ནས་ཀྱང་སྐབས་སྐབས་སུ་གྲྭ་བཙུན་རེ་སོང་རེའི་སྤྱོད་ངན་མིག་མཐོང་ལ་བརྟེན་གྲྭ་བཙུན་ལ་ངན་སྨོས་བྱེད་མགོ་བརྩམས་ཡོད། ད་དུང་ཕྱི་རྒྱལ་ཁག་ཏུ་གནས་པའི་མི་དམངས་གང་མང་ཞིག་གིས་ང་ཚོ་ལ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་དྲི་བ་སྣ་མང་ཞིག་བཏོན་བཞིན་ཡོད་པ་དཔེར་ན་འདི་ལྟར༌། ཡེ་ཤེས་བླ་དཔོན་དག་གིས་མི་དམངས་སྐྱོ་བོ་ལ་རོགས་སྐྱོར་བྱེད་པ་དང་སྨན་ཁང་འཛུགས་བསྐྲུན་བྱེད་པ་སློབ་གྲྭ་རྒྱག་པ་སོགས་སྤྱི་ཚོགས་ལ་ཕན་པའི་བྱ་བཞག་ཆེ་ཆུང་རབས་དང་རིམ་པ་བཞིན་སྤེལ་ཡོད་ལ། ང་ཚོ་བོད་ཀྱི་བླ་དཔོན་དག་ནས་དངུལ་ཅུང་ཞིག་ཡོད་ན་ལྷ་ཁང་དང་གསེར་སྐུ་སོགས་བཞེངས་པ་ལས། སྤྱི་ཚོགས་ལ་ཕན་པའི་བྱ་བཞག་སྒྲུབ་པ་ནི་ཤིན་ཏུ་དཀོན་པོ་ཞིག་ཆགས་ཡོད་པ་ཅི་ལྟར་ཡིན། ཞེས་ཆོས་ལུགས་གཞན་དང་འབྲེལ་བའི་དྲི་བ་འདོན་བཞིན་ཡོད། སྤྱིར་བཤད་ན་དྲི་བ་ཞིག་ལ་རང་དབང་གི་ལུང་པ་འདིར་ཧང་སང་དགོས་པ་ཅི་ཡང་མེད་མོད་འདི་དག་གི་བསམ་བློའི་རྒྱབ་ལྗོངས་སུ་སྔོན་མའི་ང་ཚོའི་མི་རིགས་འདིས་ནང་ཆོས་ལ་ལྟ་ཚུལ་དང་ད་ལྟའི་མི་རིགས་འདིའི་ནང་ཆོས་ལ་ལྟ་ཚུལ་གཉིས་ཀྱི་དབྱེ་བ་འབྱེད་ཐུབ་ལ་དེ་ལས་ལྷག་པ་བོད་ཀྱི་བླ་དཔོན་དག་ཁ་ནས་གཞན་དོན་སྨྲ་ཞིང་ལག་ལེན་དུ་རང་དོན་གཙོ་བོ་དོན་དུ་གཉེར་བའི་ཁ་བཤད་དོན་ལ་མི་གནས་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཆོས་ལུགས་འདྲ་མིན་རྣམས་ནས་གཅིག་ལས་གཅིག་འཛམ་གླིང་འདིའི་ཡང་སྟེང་དུ་མངོན་ཆེད་རྣམ་དཔྱོད་ཀྱི་རིག་པ་གང་འཚམ་ཞིག་རྩད་ནས་བཏོན་ཏེ་སྤྱི་ཚོགས་དང་མཉམ་རུབ་ཀྱིས་ལས་ཀ་གང་མང་བྱས་རྐྱེན། ནང་ཆོས་ཀྱི་ལྟ་བ་དང་ས་ལམ་གྱི་བགྲོད་སྟངས་ལ་ཆ་ཅུང་ཙམ་ཡང་མེད་ལ། རིག་གནས་དང༌། སྤྱི་ཚོགས། ཆབ་སྲིད་བཅས་ལ་ཤེས་ཡོན་གང་འཚམ་ཡོད་པ་དག་གིས་ཆོས་ལུགས་གཞན་གྱི་འདུ་ཤེས་ལ་རྗེས་སུ་ཡི་རང་བྱེད་མགོ་བརྩམ། རྒྱུ་མཚན་འདི་དག་མགྱོག་མྱུར་དུ་ཕྱིན་པའི་སྤྱི་ཚོགས་དང་ཤེས་ཡོན་གོང་འཕེལ་དུ་སོང་ཞིང་ནང་ཆོས་ཀྱི་གོ་རྟོགས་ཞན་པ་དག་ལས་བྱུང་བར་སྣང༌། ནང་ཆོས་བྱེད་མཁན་རང་གི་ངོས་ནས་ཀྱང་རྫོགས་པ་ཆེན་པོའི་ལྟ་བ་དང་ཟབ་མོ་གསང་སྔགས་ཀྱི་ལྟ་སྤྱོད་ལ་ཁ་འཕང་སྟེ་མིག་ལ་མི་མཛེས་ཤིང་གཞུང་ལ་མི་མཐུན་པ་རྣ་བའི་ཐོས་ཚེ་ཡ་ང་བའི་བྱ་སྤྱོད་ཁྱི་ཡིས་སེང་གེ་ངང་ཚུལ་གྱི་དཔེ་ལྟར་འགྱུར་བཞིན་གནས་ལ། ལྷག་པར་དུ་གསང་སྔགས་ཁྲོམ་བསྒྲགས་བྱས་པའི་ནོར་འཁྲུལ་འདིས་ནང་ཆོས་གཏོར་བཅོམ་བྱེད་པའི་མདོང་རྩེ་ཞིག་རང་གིས་རང་ལ་བསྟན་ཡོད་པར་མཐོང༌། གསང་སྔགས་ཞེས་བརྗོད་པའི་བཏགས་མིང་ལས་ཁྲོམ་སྔགས་ཞེས་མིང་བཏགས་མེད་ལ་སྔོན་བྱོན་མཁས་གྲུབ་གཉིས་ལྡན་རྣམ་ཀྱི་མཛད་རྣམ་ལ་མཇལ་ཚེ་དབེན་པའི་གནས་དག་ཏུ་གསང་སྔག་བཀའ་རྒྱའི་ངང་ནས་སྒྲུབ་སྟེ་རྟོགས་པ་གོང་འཕེལ་དུ་བྱིན་པ་ལས་ཁྲོམ་བསྒྲག་བྱས་ནས་ས་ལམ་གྱི་རྟོགས་པ་གོང་འཕེལ་དུ་ཕྱིན་པ་ཁོ་བོས་གཅིག་ཀྱང་མཐོང་མ་བྱུང་ལ་ཐོས་ཀྱང་མ་བྱུང༌། ལྷག་དོན་དུ་ཆོས་འདུལ་བའི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཅི་ཡང་བསྲུང་བརྩི་བྱེད་མི་དགོས་པར་ཡོད་ཚད་རང་དབང་ ཞེས་པའི་ཚིག་ཁོ་ན་ལ་ཁ་འཕང་ནས་ཉི་མ་གང་འཁྱོལ་བྱེད་བཞིན་པ་འདི་དག་དང༌། འཇིག་རྟེན་འདིའྀ་དངོས་གཙོ་སྨྲ་བ་ལ་རེ་སྙེགས་ཆེན་པོར་ཡོད་པའི་ང་ཚོའི་མི་རབས་གསར་བ་ཞིག་ཀྱང་ཐོན་བཞིན་ཡོད་ལ་འདི་ནང་ཆོས་གཏོར་བཅོམ་བྱེད་པའི་ཐོ་བ་ཞིག་ཏུ་འགྱུར་ཉེན་ཧ་ཅང་ཆེ་བས་མི་རབས་རྙིང་པ་དག་ལ་འགན་འཁྲི་ཆེན་པོ་ཞིག་ལྷག་ཡོད་པར་སྣང༌།
༢༠༠༦ ༦ ༢༥ བྲིས།
<<ལས་དབང་དཔར་པོ་>>ལས་འདིར་བཀོད། ངེད་དྲ་ཚིགས།