ཀྲི་ཥཎ་ཅཻཏ་ནས་བརྩམ།   པདྨ་འབུམ་གྱིས་བསྒྱུར།  

       ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནི་གུང་གསེང་གི་ཉིན་མོ་ཞིག་ཡིན། ཅིའི་ཕྱིར་ཡིན།   དེ་ནི་རང་བཙན་གྱི་ཉིན་མོ་ཡིན་པའི་སྟབས་ཀྱིེས་ཡིན།   ཕྱི་ལོ་1947 ལོའི་ཉིན་མོ་དེ་ལ་རྒྱ་གར་རང་བཙན་ཐོབ་པ་རེད། ཕྱི་ལོ་1947 ལོའི་སྔོན་ལ་རྒྱ་གར་རང་བཙན་མ་ཡིན་ནམ། འདི་ནི་རྒྱ་གར་མི་དམངས་ཀྱིས་ཁོང་ཚོའི་རང་དབང་དབིན་ཇི་ལ་ཇི་ལྟར་ཤོར་བ་དང་། ཁོང་ཚོས་ལོ་མང་པོའི་རིང་དང་ཐབས་ལམ་སྣ་མང་གིས་ཁོང་ཚོའི་རང་དབང་ཡང་སྐྱར་ཐོབ་ཆེད་དུ་འཐབ་རྩོད་ཇི་ལྟར་བྱས་པའི་སྒྲུང་ཡིན།

ང་ཚོའི་ལོ་རྒྱས་ཀྱི་སྔ་ཕྱི་ཀུན་ཏུ།   འཇིག་རྟེན་འདིའི་ཡུལ་གྲུ་འདྲ་མིན་གྱི་མི་རྣམས་ང་ཚོའི་རྒྱལ་ཁབ་ལ་ཡོང་ནས་ཚོང་བརྒྱབས་ཡོད།   ང་ཚོས་ཐོན་སྐྱེད་བྱེད་པའི་ཐོན་རྫས་ཁག་ཅིག་ནི་ཕྱི་རྒྱལ་ཁག་དུ་དགོས་ཆེན་པོ་ཡོད།

ང་ཚོའི་དར་གོས་དང་ལག་ཤེས་ཐོན་རྫས་ལ་སྐད་གྲགས་ཆེན་པོ་ཡོད།   རྒྱ་གར་ནས་ཐོན་པའི་མ་མོག་གི་རས་ཆ་ཡང་ཀུན་ཏུ་ཁྱབ་ཡོད།   བྲོ་རྫས་ཏེ། དཔེར་ན་རྒྱ་གར་ནས་ཐོན་པའི་གཡེར་མ་དང་སུག་སྨེལ་ལྟ་བུ་རྣམས་ཡུ་རོབ་ཏུ་དགོས་འདུན་ཤིན་ཏུ་ཆེ།   ཚོང་རྫས་འདི་དག་ཐོག་མར་ཕོ་ནེ་ཤིན་ཟེར་བའི་མི་རྣམས་ཀྱིས་ཚོང་སྒྱུར་བྱས་ཡོད།   མི་དེ་རྣམས་བྱང་ཨ་ཕེ་རི་ཀའི་རྒྱ་མཚོ་མེ་ཊི་ཊེརི་ཨན་གྱི་འགྲམ་དུ་འཚོ་ཞིང་། གནའ་བོའི་དུས་སུ་ཁོང་ཚོ་ནི་སྤྱང་གྲུང་ཆེ་ཤོས་ཀྱི་ཚོང་པ་ཡིན།   ཕྱིས་སུ་རྒི་རིག་པ་དང་།   རོ་མན་པ།   ཨ་རབ་པ་རྣམས་ཀྱིས་ཚོང་ལས་འདི་རྒྱུན་མཐུད་བྱས།

ཡིན་ན་ཡང་ཕལ་ཆེར་ལོ་ངོ་བརྒྱ་ཙམ་གྱི་སྔོན་ལ།  ཡུ་རོབ་པ་རྣམས་ཀྱིས་ཁོང་ཚོར་དགོས་པ་རྣམས་ཐོབ་ཐབས་གསར་པ་ཞིག་ལ་བསམ་བློ་གཏོང་སྐབས་གོང་གསལ་གྱི་དེ་རྣམས་ཡོངས་སུ་འགྱུར་བ་རེད། ཡུ་རོབ་པ་རྣམས་ཀྱིས་ “ང་ཚོ་སྟོབས་དང་ལྡན་པ་ཡིན། ང་ཚོ་ལ་མེ་མདའ་ཡོད” ཅེས་དང་། “ང་ཚོས་ཨ་ཕེ་རི་ཀ་དང་། ཨེ་ཤི་ཡའི་རྒྱལ་ཁབ་རྣམས་བཙན་བཟུང་བྱས་ན། ང་ཚོར་དགོས་པ་རྣམས་ལེན་ཆོག་པ་དང་། ང་ཚོས་དེ་དག་ལ་རིན་པ་འཇལ་མི་དགོས།   དེ་ཙམ་དུ་མ་ཟད་ང་ཚོ་ལ་མི་གྲངས་ས་ཡ་མང་པོའི་ལས་ཀ་བྱེད་མཁན་ཡོང་པར་འགྱུར”   ཞེས་བསམས་པ་རེད།

པོར་ཊུ་གལ་ཟེར་བའི་མི་རྣམས་ཀྱིས་བསམ་བློ་འདི་ཁྱེར་ནས་ཐོག་མར་རྒྱ་གར་ལ་ཡོང་།     ཁོ་ཙོའི་གྲུ་གཟིངས་གཅིག་ཕྱི་ལོ 1498 ལོར་ཀ་ལི་ཀ་ཏ་ལ་འབྱོར་བ་རེད།   ཀ་ལི་ཀ་ཏའི་དབང་སྒྱུར་བ་ཟ་མོ་རིན་ཞེས་པ་དེ་ཐོག་མའི་དུས་སུ་དེ་ལ་དགའ་སྣང་སྐྱེས།   ཁོང་གིས་དེ་ནི་རྒྱལ་ཁབ་གཞན་པ་ནས་ཚོང་པ་ཁག་ཅིག་ཚོང་ལ་ཡོང་བ་དང་། ཚོང་ལས་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་ཕྱོགས་གཉིས་ལ་ཁེ་བཟང་ཡོད་པ་རེད་བསམ།   ཡིན་ནའང་སྐབས་དེར་གནས་ཚུལ་རྣམས་བསམ་ཡུལ་ལས་འདས་བ་ཞིག་ཏུ་འགྱུར་བ་རེད།   པར་ཊུ་གལ་རྣམས་ཀྱིས་ཚོང་ལས་ཡོངས་རྫོགས་ཁོ་ཚོ་ལ་དགོས་པར་འདོད་པ་དང་།   རྒྱ་གར་དང་ཚོང་འབྲེལ་མུ་འཐུད་ནས་བྱེད་པའི་རྒྱལ་ཁབ་གཞན་པའི་གྲུ་གཟིངས་བྱུང་ན་འཛིན་བཟུང་བྱེད་རྒྱུ་དང་ཆུ་ལ་བསྣུབ་རྒྱུ་ཡིན་ཞིང་།   གྲུ་པ་དང་ཚོང་པ་རྣམས་བསད་དེ་ཚོང་རྫས་རྣམས་འཕྲོག་ལེན་བྱེད་རྒྱུ་ཡིན་པར་བརྗོད།   དེ་ལྟར་རྒྱ་གར་དང་མཛའ་མཐུན་གྱི་ཚོང་འབྲེལ་ཡོད་པ་དང་།   དེ་ཡང་ལོ་ངོ་བརྒྱ་ཕྲག་དུ་མར་རྒྱུན་མཐུད་བྱས་པ་དེ་མཚམས་ཆད་པར་གྱུར།   དུས་འདི་ལ་རྒྱ་མཚོའི་ནུབ་འགྲམ་གྱི་རྒྱ་གར་བྱང་མ་རྒྱལ་ཁམས་ཆུང་ཆུང་མང་པོར་བགོས།     པོར་ཊུ་གལ་རྣམས་ཀྱིས་རྒྱལ་ཁམས་དེ་དག་གི་བར་ལ་འཁྲུག་རྩོད་བསླངས།   པོར་ཊུ་གལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱལ་ཁ་ཐོབ་པའི་དབང་སྒྱུར་བ་རྣམས་པོར་ཊུ་གལ་གྱི་བྲན་གཡོག་དུ་གྱུར།   བཙན་དབང་གིས་ཁོང་ཚོར་གཡེར་མ་དང་ཚོང་རྫས་གཞན་རྣམས་པོར་ཊུ་གལ་རྣམས་ལ་རིན་གོང་ཧ་ཅང་དམའ་པོར་བཙོང་དགོས།

 ཡུ་རོབ་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་པར་ཊུ་གལ་རྣམས་ཕྱུག་པོ་ཆགས་བཞིན་ཡོད་པ་དང་། དེ་ཡང་མགྱོགས་པོར་ཆགས་བཞིན་པ་མཐོང་སྐབས།   ཁོ་ཚོ་ཡང་དྲང་བདེན་མ་ཡིན་པའི་ཐབས་ལམ་གཅིག་མཚུངས་ལ་བརྟེན་ནས་ཕྱུག་པོ་ཆགས་འདོད་སྐྱེས།   དེ་ལྟར་ཌ་ཅི་ཞེས་པའི་མི་རྣམས་ཀྱི་ཚོང་པའི་གྲུ་གཟིངས་རྒྱ་གར་ལ་འབྱོར།   དེ་ནས་ཕ་རན་སི་པ་རྣམས་འབྱོར། མཐའ་མར་དབྱིན་ཇི་པ་རྣམས་འབྱོར།   འདོད་རྔམ་ཅན་རྣམས་ཀྱི་སྐལ་མཉམ་ལ་སྡང་།   ཕྱི་རྒྱལ་པ་དེ་དག་གིས་ཚོང་ལས་ཚང་མ་རང་ཉིད་གཅིག་པུར་དབང་འདོད་དེ་ཁོ་ཚོའི་བར་ལ་འཁྲུག་འགོ་ཚུགས།   དམག་འཁྲུག་གི་འཇུག་ཏུ་དབྱིན་ཇི་པ་རྣམས་ལ་རྒྱལ་ཁ་ཐོབ།

དབྱིན་ཇི་པ་རྣམས་རྒྱ་གར་དུ་ཡོང་བ་རྣམས་ནི་ཨེས་སི་ཊི་ཨིན་ཌི་ཡ་ ཀམ་པ་ནི་ཞེས་པའི་ཁོངས་སུ་གཏོགས་ཤིང་། དེ་ནི་ཚོང་བའི་ཀམ་པ་ནི་ཞིག་ཡིན།   སྐབས་དེར་ཚོང་པ་རྣམས་ཀྱིས་དམག་མི་ཉར་བའང་ཡང་ན་ཚོང་ཐོབ་ཆེད་དམག་འཁྲུག་བརྒྱབ་མི་ཆོག ཡིན་ན་ཡང་ཨིས་སི་ཊི་ ཨིན་ཌི་ཡ་ལ་སུ་རཏ་དང་། མ་ཌརས། ཀ་ལི་ཀ་ཏ། སྦོམ་སྦེ་ལྟ་བུའི་ས་ཆ་དག་ཏུ་དོས་ཁང་བཟོ་བའི་ཆོག་མཆན་ཐོབ་སྐབས།   ཁོ་ཚོས་འཐབ་རང་བརྩིགས་པ་དང་ཁོ་ཚོས་ཉར་བའི་དམག་གི་གྲངས་ཀ་ལོ་རེ་ལས་ལོ་རེར་ཇེ་མང་དུ་འཕར།

བངྒལ་གྱི་ན་ཝབ། སི་རཇ་ ཨུད་ དཽ་ལ་ཟེར་བ་ཁོང་ལ་ཚོང་པ་རྣམས་ཏེ། ལྷག་པར་ཕྱི་རྒྱལ་ནས་ཡོང་བ་རྣམས་ལ་དམག་མི་དང་། མེ་མདའ།   འཐབ་རག་བཅས་ཡོད་མི་འོས་པའི་བསམ་བློ་ཡང་དག་འཁོར། ཁོང་གིས་ཀམ་པ་ནི་དེ་ལ་ཀ་ལི་ཀ་ཏའི་འཐབ་རག་ན་ཡོད་པའི་མེ་འདའ་རྣམས་ཕྱིར་བསྡུ་བྱེད་དགོས་པའི་བཀའ་ཕབ་ཀྱང་ཁོ་ཚོས་དེ་ལ་མ་བརྩིས།   དེ་ནས་དམག་འཁྲུག་གི་འགོ་བརྩམས། 1757 ལོའི་པི་ལ་སེ་ཟེར་བའི་ས་ཆར་བྱུང་བའི་དམག་འཁྲུག་གི་སྐབས་སུ། ན་ཝབ་ཕམ་པར་གྱུར་མཐར་བསད།   དམག་འཁྲུག་དེའི་སྔོན་དུ་དབྱིན་ཇི་བས་ན་ཝབ་ཀྱི་དམག་སྤྱི་ལ་ལྐོག་རྔན་སྤྲད་ནས་བསླུས་ཏེ་ན་ཝབ་ལ་ངོ་ལོག་བྱེད་དུ་བཅུག   དབྱིན་ཇི་བས་མཐར་དམག་སྤྱི་དེ་ན་ཝབ་ཀྱི་གོ་ས་ལ་བསྐོས།   དུས་ཡུན་གང་མཚམས་འགོར་བ་ན་དབྱིན་ཇི་བ་ལ་ཅི་དགོས་རྣམས་ཁོ་ལས་ཡོངས་སུ་ཐོབ།   དབྱིན་ཇི་བས་ཁོ་དོར་ཏེ་མི་གཞན་པ་ཞིག་ན་ཝབ་ཀྱི་གོ་སར་བསྐོས། ན་ཝབ་གསར་བ་དེས་ཐོག་མར་དབྱིན་ཇི་བ་རྣམས་ཀྱི་དགོས་འདུན་ཇི་ཡིན་ལྟར་བསྒྲུབས་ན་ཡང་།   ཕྱིས་སུ་ཁོ་དེ་དག་གི་ཧམ་པ་དང་བརྙས་བཅོས་ཀྱི་བྱེད་སྟངས་ལ་ཁོང་ཁྲོ་ཧ་ཅང་ལངས་ཤིང་།   ལྡི་ལི་ན་ཡོད་པའི་མོ་གྷོལ་རྒྱལ་པོའི་རོགས་རམ་ལ་བརྟེན་ནས་དབྱིན་ཇི་པ་དང་འཐབ་རྒྱུའི་ཐག་གཅོད་བྱས།   ཡིན་ནའང་དབྱིན་ཇི་པའི་དྲག་པོའི་སྟོབས་ཤུགས་ཧ་ཅང་ཆེ་སྟབས།   ན་ཝབ་དེ་དང་ཁོའི་དམག་རྣམས་ཕམ་པར་གྱུར།   དེའི་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་གི་ནང་དུ། ཀམ་པ་ནི་དེ་ཡིས་དབང་སྒྱུར་བྱེད་པའི་ས་ཁུལ་མང་ནས་མང་དུ་སོང་།   ཁོ་ཚོས་རིམ་གྲས་སོ་སོའི་རྒྱ་གར་མི་དམངས་ལ་འཕྲོག་བཅོམ་བྱས་པ་དང་ཞིང་པ་རྣམས་ལ་དཔྱ་ཁྲལ་ལྕི་མོ་བཀལ།   ཁོ་ཚོས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁོ་ཚོའི་རྒྱུ་ནོར་མང་སྤེལ་བྱས། དཔེར་ན། ཚོན་རྫས་ཨིན་ཌི་གྷོ་ཟེར་བ་དེ་ནི་ལྡུམ་བུ་ཨིན་ཌི་གྷོ་ཟེར་བ་དེ་ནས་ཐོན་ཞིང་།   གོས་ཚོན་སྒྱུར་བ་ལ་ཧ་ཅང་རྩ་ཆེན་པོ་ཡིན། ཚོན་རྫས་དེ་དབྱིན་ཇི་པ་མ་གཏོགས་མི་སུ་ཞིག་གིས་ཀྱང་ཚོང་སྒྱུར་བྱས་མི་ཆོག་པ་བྱས།   ཞིང་པ་རྣམས་ཀྱིས་ལྟོ་ཟས་ཀྱི་ཆེད་དུ་ཁོ་ཚོའི་ས་ཞིང་དུ་གྲོ་དང་འབྲས་འདེབས་འདོད་ན་ཡང་དབྱིན་ཇི་བས་བཙན་དབང་གིས་ཞིང་རྣམས་ལ་ཨིན་ཌི་གྷོ་འདེབས་སུ་བཅུག དེ་ནས་ཞིང་པ་རྣམས་ལ་བཙན་དབང་གིས་ཨིན་ཌི་གྷོ་དབྱིན་ཇི་པ་ལ་བཙོང་དུ་བཅུག་ཅིང་། དེའི་རིན་གོང་ནི་དབྱིན་ཇི་པ་རང་གིས་གཏན་འཁེལ་བྱས་པ་ཡིན།

སུ་རཏ་ཡི་རང་ཆ་འཐག་མཁན་རྣམས་དང་།   བངྒལ་གྱི་དར་གོས་འཐག་མཁན་རྣམས་ཀྱིས་ཁོ་ཚོའི་ཐོན་རྫས་རྣམས་དབྱིན་ཇི་པ་ལ་བཙོང་དགོས།   དེའི་རིན་གོང་ཡང་ཨིས་སི་ཊི་ཨིན་ཌི་ཡ་ ཀམ་པ་ནི་ཡིས་གཏན་འཁེལ་བྱས་ཡོད་པ་རེད།   འདི་དག་གི་རིན་གོང་ཧ་ཅང་དམའ་སྟབས་ཞིང་པ་དབུལ་པོ་དང་འཐག་མཁན་དབུལ་པོ་རྣམས་ཀྱིས་ཨིན་ཌི་གྷོ་དང་།   དར་གོས། རང་གོས་རྣམས་གཞན་ལ་བཙོང་ནས་རིན་གོང་ཅུང་ཙམ་མཐོ་བ་རག་ཐབས་བྱས།   ཡིན་ན་ཡང་འདི་ལྟར་བྱེད་པ་དབྱིན་ཇི་པར་བཟུང་ཚེ་ཁོ་ཚོར་ལྕགས་གིས་གཞུས་པ་དང་ཁོ་ཚོ་བཙོན་ལ་བཅུག   སྐབས་འགར་དབྱིན་ཇིའི་ཞིང་པ་རྣམས་ཀྱིས་རྒྱ་གར་བའི་ཞིང་པ་ཁ་ཤས་ཀྱིས་ཚོང་རྫས་གཞན་པར་བཙོང་བར་བསྙད་ནས་གྲོང་ཚོ་ཧྲིལ་པོ་མེ་བསྲེགས། དབྱིན་ཇི་པས་ལས་ཀ་སྤྲད་པའི་བཟོ་གྲྭའི་ནང་ན་ཡོད་པའི་ལས་ཀ་པ་རྣམས་ནི་ཆ་སྙོམས་ཀྱིས་གནས་སྟངས་སྐྱོ་བོ་གནས་ཡོད། རྒྱ་གར་གྱི་མངའ་སྡེ་ཁག་གི་དབང་སྒྱུར་རྣམས་ཁོ་ཚོས་དབྱིན་ཇི་པས་བཀའ་ཇི་བཏང་ལྟར་བྱེད་དགོས་པ་ལ་ཧ་ཅང་ཁོང་ཁྲོ་སྐྱེས།   མངའ་བདག་ཌལ་ཧོ་སེ་ཡི་སྟེ། ཀམ་པ་ནི་ཡི་སྤྱི་ཁྱབ་ཀྱི་ཁྲིམས་འདི་འདྲ་ཞིག་བཟོས།   རྒྱ་གར་གྱི་རྒྱལ་ཁམས་གང་ཞིག་ཡིན་ཡང་།   རྒྱལ་པོ་གྲོང་སྟེ་ཁོ་ལ་རྒྱུད་འཛིན་གྱི་བུ་ཤུལ་དུ་ལུས་མེད་ན། རྒྱལ་ཁམས་དེ་དབྱིན་ཇི་པའི་མངའ་ཁོངས་ཀྱི་ཆ་ཤས་སུ་འགྱུར་དགོས། འདི་འདྲའི་དྲང་བདེན་མིན་པའི་ཐབས་ལམ་ལ་བརྟེན་ནས་དབྱིན་ཇི་པ་རྣམས་ཀྱིས་ཁོ་ཚོའི་རྒྱུ་ནོར་མང་སྤེལ་དང་ཁོ་ཚོའི་གོ་གནས་མཐོ་སྤེལ་བྱས། ཁོ་ཚོ་ཕྱུག་པོར་འགྱུར་བའི་ཐབས་ལམ་འདིས་རྒྱ་གར་ལ་དཀའ་ངལ་ཆེན་པོ་འཕྲད།

གཅིག་བྱས་ན་ཁྱོད་ཚོ་ལས་ཁ་ཤས་ཀྱི་འཐག་ཁྲི་ཞིག་མཐོང་ཡོད་ཤག་རེད། གཅིག་བྱས་ན་ཁྱོད་ཚོ་ལས་ཁ་ཤེས་ཀྱི་རས་ཆ་བཟོ་གྲྭ་ཞིག་ཀྱང་མཐོང་ཡོད་ཤག་རེད། མ་མཐའ་ཡང་ཁྱོད་ཚོ་ཚང་མས་དེ་གཉིས་ཀྱི་འདྲ་པར་མཐོང་མྱོང་ཡོད་པ་རེད། འཐག་ཁྲི་ཞིག་ལ་མ་རྩ་ཆེན་པོ་མི་གནས་ན་ཡང་། དེས་གྱོན་ཆས་གྲངས་འབོར་ཉུང་ཉུང་རེ་ཐོན་སྐྱེད་བྱེད་ཐུབ།   རས་ཆ་བཟོ་གྲྭ་ཞིག་གིས་གྱོན་ཆས་གྲངས་འབོར་ཆེན་པོ་ཐོན་སྐྱེད་བྱེད་ཐུབ་ན་ཡང་།   བཟོ་གྲྭ་འཛུགས་པ་དང་།   འཕྲུལ་འཁོར་བཟོ་བའམ་ཉོ་བ་ལ་དངུལ་འབོར་ཆེན་པོ་དགོས་པ་རེད།   ཕྱི་ལོ་ 1750 བར་དུ་དབྱིན་ལན་དུ་སྐུད་པ་འཁེལ་བ་དང་། གྱོན་ཆས་འཐག་པ་བཅས་ལག་སྐོར་ཆུང་ཆུང་རྣམས་ཀྱིས་བྱས་པ་རེད།   འཇེམ་སེ་ཝཊ་ཡིད་རླངས་ཤུགས་ཨིན་ཇིན་གསར་བཏོད་བྱས་རྗེས་མི་རྣམས་ཀྱིས་རང་འཐག་བཟོ་གྲྭས་མཚོན་པའི་བཟོ་གྲྭ་འདྲ་མི་འཛུགས་ཐུབ་པར་གྱུར། མི་རྣམས་ཀྱི་ལག་པས་བཟོ་བའི་ཅ་ལག་མང་པོ་ཞིག་ད་ལྟ་འཕྲུལ་འཁོར་གྱིས་སྒྲུབ་ཐུབ།   ཡིན་ནའང་འཕྲུལ་འཁོར་བཟོ་བ་དང་བཟོ་གྲྭ་འཛུགས་པ་ལ་དབྱིན་ཇི་པ་རྣམས་ལ་དངུལ་གྲངས་འབོར་ཆེན་པོ་དགོས་པ་ཡིན།   དེ་འདྲའི་དངུལ་འབོར་ནི་དབྱིན་ཇི་པ་རྣམས་དང་ཁོ་ཚོའི་གཞུང་གཉིས་ཀ་ལ་ཡོད་པ་མིན།   ཡིན་ན་ཡང་ཁོ་ཚོས་རྒྱ་གར་དུ་འཕྲོགས་བཅོམ་བྱས་པའི་རྒྱུ་ནོར་རྣམས་དབྱིན་ལན་ལ་བཏང་ན།   རང་འཐག་བཟོ་གྲྭ་ཆེན་པོ་འཛུགས་པ་དེ་འཛུགས་ཐུབ་པ་ཞིག་ཏུ་གྱུར་ཡོད།

གཅིག་བྱས་ན་ཁྱོད་ཚོས་སྐབས་འགར་མི་རྣམས་གྱིས་བཟོ་ལས་གསར་བརྗེ་ཟེར་བའི་སྐོར་ལ་གླེང་མོལ་བྱེད་པ་ཐོས་ཡོད་ལས་ཆེ།   དེས་ཅི་ཞིག་སྟོན་གྱི་ཡོད་པ་རེད་ཟེར་ན།   མི་རྣམས་ཀྱིས་ཅ་ལག་རྣམས་སྤྱིར་བཏང་རང་ཁྱིམ་དུ་སྟབས་བདེའི་ལག་ཆ་སྟེ།   དཔེར་ན་འཐག་ཁྲིས་བཟོ་བ་དེ་བཟོ་གྲྭ་ཆེན་པོ་རྣམས་ཀྱི་ནང་དུ་འཕྲུལ་འཁོར་ཆེན་པོ་རྣམས་ཀྱིས་བཟོ་བ་ལ་བསྒྱུར་བ་དེ་སྟོན་གྱི་ཡོད་པ་རེད། ཡིན་ན་ཡང་བཟོ་གྲྭ་རྣམས་ཀྱིས་ཅ་ལག་ཧ་ཅང་མང་པོ་བཟོས་ན་དེ་དག་ཉོ་མཁན་གྱི་མི་འབོར་ཡང་ཆེན་པོ་དགོས་ཀྱི་ཡོད་པ་རེད།     དབྱིན་ཇི་པ་རྣམས་ཀྱིས་ཁོ་ཚོའི་གྱོན་ཆས་ཉོ་སྤྱོད་བྱས་ཡོད་པ་ནི་སྨོད་མེད་ཡིན།   ཡིན་ན་ཡང་གྱོན་ཆས་འབོར་ཆེན་ལྷག་བསྡད་ཡོད་པ་རེད།   དེའི་སྟབས་ཀྱིས་དབྱིན་ཇི་པ་རྣམས་ཀྱིས་ཁོ་ཚོའི་རས་ཆ་རྣམས་རྒྱ་གར་ལ་ཁྱེར་ཡོང་ནས་རྒྱ་གར་པ་ལ་བཙོང་བ་རེད།   འདི་ལྟར་བྱེད་པ་ལ་དབྱིན་ཇི་པའི་ཚོང་པར་རོགས་རམ་སྣ་ཚོགས་ཐོབ་ཡོད་པ་རེད།   རྒྱ་གར་གྱི་འཐག་མཁན་རྣམས་ཀྱི་ཁོ་ཚོའི་འཐག་ཁྲིའི་སྟེང་ནས་གྱོན་ཆས་སྤུས་དག་གྲངས་འབོར་མི་ཉུང་བ་བཟོས་ཏེ་དབྱིན་ལན་འདུས་པའི་རྒྱལ་ཕྱིའི་རྒྱལ་ཁབ་ཁག་ལ་བཙོང་བ་རེད། དབྱིན་ཇི་པ་རྣམས་འདི་ལ་མ་དགའ་བར་གྱུར།   སུ་ཞིག་གི་རྒྱ་གར་གྱི་གྱོན་ཆོས་ཉོས་པ་ཡིན་ན་དབྱིན་ཇི་པའི་གྱོན་ཆོས་ཉོ་བའི་དགོས་པ་དང་དངུལ་གཉིས་ཀ་མེད་པ་ཡིན།   རྒྱུ་མཚན་དེ་འདྲའི་དབང་གིས་དབྱིན་ཇི་པར་སུ་ཞིག་གིས་རྒྱ་གར་པའི་གྱོན་ཆོས་རྒྱལ་ཁབ་གང་ཞིག་ལ་གཏོང་འདོད་ཡོད་ན།   དེ་ལྟར་བྱེད་པ་ལ་དངུལ་འབོར་ཆེན་པོ་འཇལ་ཏེ་ཆོག་མཆན་ཐོབ་དགོས་པའི་བཀའ་ཕབ།   འདི་ནི་དཔྱ་ཁྲལ་ཞིག་ཡིན་ཡང་དེ་ལ་ཚོང་ཕྱིར་འདྲེན་གྱི་འོས་འགན་ཞེས་འབོད་པ་རེད།   དབྱིན་ཇི་པར་ང་ཚོས་མ་མོག་འདེབས་ལས་ཁོ་ན་བྱེད་འདོད།   དབྱིན་ལན་དུ་ཁོ་ཚོས་མ་མོག་དེ་རྣམས་རས་ཆ་ལ་བཟོས་རྗེས་སླར་ཡང་རྒྱ་གར་དུ་ཁྱེར་ཡོད་ནས་རྒྱ་གར་བ་རྣམས་ལ་རིན་གོང་ཆེན་པོར་བཙོང་།   རྒྱུ་མཚན་དེ་དང་གཅིག་མཚུངས་སུ།   དབྱིན་ཇི་པ་རྣམས་རྒྱ་གར་པའི་ཚོང་པ་རྣམས་ཀྱིས་རྒྱ་གར་དུ་བཟོ་གྲྭ་བཙུགས་ནས་རྒྱ་གར་བལ་གྱོན་ཆོས་བཟོ་བར་དགའ་བོ་མེད།   དེ་ལྟར་རྒྱ་གར་གྱི་མཐོ་བ་རྒྱལ་སྲས་ནས་བཟུང་སྟེ་ཞིང་པ་རྣམས་དང་།   བཟོ་པ་རྣམས།   འཐག་མཁན་རྣམས།   ཚོང་པ་རྣམས་བཅས་ཚང་མས་དབྱིན་ཇི་པའི་ལག་པ་ལྗིད་མོས་ཁོ་ཚོ་མར་མནན་བསྡ་ཡོད་པར་ཚོར་བ་རེད།

ཐེང་དང་པོར་དབྱིན་ཇི་པ་ལ་བྱས་པའི་གྱེན་ལོག་ཆེན་པོ་ནི་ཕྱི་ལོ 1857 ལོར་བྱུང་བ་དེ་ཡིན་ཞིང་།   པི་ལ་སེའི་ས་ཆའི་དྱག་འཁྲུག་བྱུང་ནས་ལོ་ངོ་བརྒྱ་ཐམ་པ་སོང་བའི་རྗེས་ཏག་ཏག་ལ་བྱུང་བ་ཡིན།   ཀན་པ་ནི་དེ་ཡིས་ཉར་པའི་རྒྱ་དམག་མི་ལ་གླ་ཆ་ཧ་ཅང་དམའ་བོ་ཡིན།   ཁོ་ཚོ་ལས་བྱེད་པར་འགྱུར་བའི་རེ་བ་གཏན་ནས་མེད་ལ་དབྱིན་ཇི་པ་རྣམས་ཀྱིས་ཁོ་ཚོར་མཐོང་ཆུང་བྱེད་བཞིན་ཡོད།   གྱེན་ལོག་དེ་རྒྱ་གར་དམག་མི་མི་རཏ་ན་ཡོད་པ་རྣམས་ཀྱིས་དབྱིན་ཇི་པ་ལ་ངོ་ལོག་བྱས་པ་ནས་འགོ་བརྩམས།   དེ་ནས་གྱེན་ལོག་དེ་ཡུལ་ཁམས་རྒྱ་ཆེན་པོ་ཁྱབ།   བྱང་ཕྱོགས་ཀྱི་པན་ཇབ་ནས་ལྷོ་ཕྱོགས་ཀྱི་ནར་མ་ཊ་གཙང་པོ་བར་དང་།   ཤར་ཕྱོགས་ཀྱི་བྷི་ཧར་ནས་ནུབ་ཕྱོགས་ཀྱི་རཇ་པུཏ་ན་བར་ཁྱབ། གྲལ་རིམ་འདྲ་མིན་གྱི་རྒྱ་གར་མི་རྣམས་དམག་མི་དང་མཉམ་དུ་གྱེན་ལོག་དེ་ལ་ཞུགས།   གྱེན་ལོག་གི་འགོ་འཁྲིད་རྣམས་ཀྱང་གྲལ་རིམ་འདྲ་མིན་དང་ཚོགས་པ་སྣ་ཚོགས་ནས་ཡོང་པ་ཡིན། ཁོ་ཚོ་ཚང་མར་བཧ་དུར་ཤཧ་སྟེ།   མོ་གྷོལ་རྒྱལ་བརྒྱུད་མཐའ་མ་དེ་ཁོ་ཚོའི་རྒྱལ་པོར་བཀུར།   འགོ་འཁྲིད་དེ་དག་གི་ཁྲོད་ནས་ན་ན་ས་ཧིབ་ཀྱིས་ཀན་པུར་གྱི་གྱེན་ལོག་ལ་འགོ་འཁྲིད་བྱས་པ་དང་།   ཏན་ཏི་ཡ་ ཏོབ་ཀྱིས་དཔའ་འཛིངས་གཉིས་ལྡན་གྱིས་འཇབ་དམག་ལོ་གཉིས་ལ་རྒྱུན་འཁྱོངས་བྱས། བྷི་ཧར་གྱི་དགུང་ལོ་བརྒྱད་ཅུ་ཅན་གྱི་རྒན་པོ་ཀན་ཝར་ སིངྒ། ཨེ་ལ་ཧ་ བཏ་དུ་སློབ་དགེ་ཞིག་ཡིན་པའི་ལི་ཀཏ་ཨ་ལི། ཕེ་ཟ བཏ་དུ་མུལ་ཝི་ཞིག་ཡིན་པའི་ཨ་མ་དུ་ལ་ ཤཧ་བཅས་གྱེན་ལོག་ཏུ་ཞུགས་ནས་མི་དམངས་ལ་འགོ་འཁྲིད་གནང་། གྱེན་ལོག་འདི་འདིའི་ནང་དུ་བུད་མེད་ཀྱི་མགོ་འཁྲིད་ཀྱང་བྱུང་མྱོང་།

ཇན་སི་ནས་ཡིན་པའི་ར་ནི་ ལ་ཀྵི་མི་བཨིས་དམག་འཁྲུག་གི་མཐའ་ལ་ཐུག་བར་དུ་འཐབ་བློ་མ་ཉམས་པ་དང་།ཨ་བད་ནས་ཡིན་པའི་གཞོན་ནུ་མ་བེ་གམ་ ཧཛ་རཏ་ མཧལ་གཡུལ་ས་དངོས་ལ་ངར་སྐུལ་གནང་ཡོད་པ་རེད།གྱེན་ལོག་དེ་གདུག་རྩུབ་ཀྱི་སྒོ་ནས་དྲག་གནོན་བྱས།བྷ་དུར་ ཤཧ་ཁོང་འབར་མ་ལ་རྒྱང་འབུད་བཏང་ཞིང་དེར་བཙོན་འཇུག་བྱས་པ་དང་།ཁོང་གི་བུ་རྣམས་མེ་མདས་བརྒྱབས་ཏེ་བསད།མི་བརྒྱ་ཕྲག་མང་པོ་མེ་སྒྱོགས་ཀྱི་ཁ་ལ་བཅིངས་ཏེ་སྒྱོགས་འདེལ་གྱིས་གཏོར།མི་སྟོང་ཕྲག་མང་པོ་དཔྱངས་གསོད་བྱས།གྲོང་ཚོ་རྣམས་ཡོངས་སུ་མེ་ལ་བསྲེགས།ཡིན་ནའང་གྱེན་ལོག་དེས་དབྱིན་ཇི་པ་ལ་འདྲོགས་སྣང་ཆེན་པོ་ཞིག་སྤྲད།ཁོ་ཚོས་རྒྱ་གར་ལ་དབང་སྒྱུར་བྱེད་རྒྱུ་དེ་ཚོང་པའི་ཀམ་པ་ནི་ཞིག་གི་སྟེང་ལ་འཇོག་མི་རུང་བར་ཐག་བཅད་དེ།དབྱིན་གཞུང་གིས་དབྱིན་ཇིའི་རྒྱལ་པོ་དང་རྒྱལ་མོའི་སྐུ་ཚབ་ཡིན་པའི་རྒྱལ་ཚབ་བརྒྱུད་ནས་རྒྱ་གར་ལ་དབང་སྒྱུར་ཐག་གཅོད་བྱས།

དེ་རྣམས་ཁོ་ཚོར་ཅི་དགོས་སྒྲུབ་པ་ལ་ལྷག་པར་དུ་ལས་ཆོད་ཆེ་ཞིང་། ཁོ་ཚོ་སྒེར་དང་ཁོ་ཚོའི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་དོན་དུ་དབང་སྒྱུར་བྱས་པ་ཧ་ཅང་དམ། ཁོ་ཚོས་ཁོ་ཚོ་ནི་མི་རྒྱུད་ཡག་པོ་དང་རྒྱ་གར་བ་རྣམས་མི་རྒྱུད་ཞན་པོ་ཡིན་པར་རློམ། རྒྱ་གར་བ་རྣམས་ཀྱིས་རང་གིས་རང་ཉིད་ལ་དབང་སྒྱུར་ཆོག་པ་བསམས་པ་ཙམ་ལ་ཡང་དབྱིན་ཇི་པ་མི་དགའ། བསམ་བློ་འདི་རིགས་མར་གནོན་པ་ལ་ཁོ་ཚོས་ཧ་ཅང་གཡོ་སྒྱུ་དང་གདུག་རྩུབ་ཅན་གྱི་ཐབས་བཀོད་བྱས་ཡོད། ཡིན་ན་ཡང་ཁོ་ཚོས་རྒྱ་གར་མི་དམངས་ཁོ་ཚོའི་དབང་འོག་ཏུ་ཅི་ཙམ་གྱིས་ཉར་འདོད་ན། དེ་ཙམ་གྱིས་རང་དབང་ཐོབ་འདོད་པའི་མི་དེ་ཙམ་གྱིས་ཇེ་མང་དུ་སོང་། མི་རྣམས་ཀྱིས་རང་དབང་ཐོབ་པར་བྱེད་པའི་བྱེད་སྟངས་ཐ་དད་དུ་མངོན་ཡིན་ན་ཡང་། རང་དབང་གི་དགོས་འདུན་ཆེན་པོ་དེ་མི་ཀུན་གྱིས་གཅིག་མཚུངས་སུ་ཚོར་ཡོད།

བཅོས་སྒྱུར་པ་ར་ཇ་ རམ་མི་ཧན་ རོའེ་ལྟ་བུས་ང་ཚོ་ལ་རང་དབང་དགོས་ན་ང་ཚོ་ལ་དེ་ཐོབ་འོས་པ་ཞིག་ཡིན་པ་དེ་ང་ཚོས་ངེས་ཤེས་བསྐྱེད་དགོས་པར་འདོད། ཁོང་གིས་རྒྱ་གར་པ་རྣམས་ཀྱིས་ཁོ་ཚོའི་གོམས་སྲོལ་ངན་པ་དང་།སྤྱོད་ལམ་ངན་པ་འདོར་དགོས་པར་འདོད།ཁོང་གིས་མི་ཚང་མ་དང་།དམིགས་བསམ་བུད་མེད་ལ་ཤེས་ཡོན་འབྱོར་དགོས་པར་འདོད།བི་བེ་ཀེ་ ནནྡ་ ཡིས་ཀྱངས་དེ་གཅིག་མཚུངས་སུ་དགོངས།ཁོང་གིས་རྒྱ་གར་བ་རྣམས་ཀྱིས་རང་གི་སྤུན་ཟླ་རྣམས་ལ་ཡག་པོ་མ་བྱས་པར་སྡིག་ཉེས་བསགས་ཡོད་པར་བརྗོད།

རྒྱ་གར་བ་རྣམས་ཀྱིས་ཁོ་ཚོ་ཆོས་དད་ཅན་དུ་རློམ་ན་ཡང་། བི་བེ་ཀ་ ནནྡ་ཡིས་མི་ལ་སྙིང་སྟོབས་དང་སྟོབས་ཤུགས་མེད་ན་སུ་ཡང་ཆོས་དད་ཅན་ངོ་མ་ཞིག་ཡིན་མི་ཐུབ་པར་བརྗོད་ཡོད། རྩོམ་པ་པོ་རྣམས་ཀྱིས་འཁྲབ་གཞུང་དང་། སྒྲུང་རྩོམ། སྙན་རྩོམ། གཞས་བཅས་ལ་བརྟེན་ནས་དབྱིན་ཇི་པའི་བཙན་འཛུལ་ལ་ངོ་རྒོད་བྱས་ཡོད། ཕྱི་ལོ་༡༨༥༠ ལོར། དི་ན་ བནངྷུ་ མིཏྲ་ཡིས་བངྒལའི་སྐད་དུ་ནིལ་ དརྤན་ཟེར་བའི་འཁྲབ་གཞུང་ཞིག་པར་སྐྲུན་བྱས་པ་དེ་ལ་དབྱིན་ཇི་ལ་རྣམས་ཁོང་ཁྲོ་ཆེན་པོ་ལངས། དེའི་ནང་དབྱིན་ཇི་པ་ཞིང་པ་རྣམས་གདུག་རྩུབ་ཆེ་ཞིང་བཙན་དབང་གིས་ཞིང་པ་རྣམས་ཀྱིས་ཨིན་ཌི་གྷོ་འདེབས་དགོས་པ་དང་དེ་རིན་གོང་དམའ་བོར་བཙོང་དགོས་པའི་གནས་ཚུལ་བསྟན་ཡོད་པ་རེད།

ང་ཚོ་ཚང་མས་ཤེས་པའི་ཝ་དེ་ མཏ་རམ་ཟེར་བའི་གཞས་དེ་ནི་བན་ཀིམ་ ཅནྡྲ་ཡིས་བརྩམས་པའི་སྒྲུང་རྩོམ་ལས་བྱུང་བའི་རང་བཙན་གྱི་སྙན་ངག་ཅིག་ཡིན། ཐ་གོར་གྱིས་བརྩམས་པའི་གཞས་ཇན་ག་ན་མ་ན་ཟེར་བའི་ང་ཚོའི་རྒྱལ་ཁབ་ཀྱི་རྒྱལ་གླུར་གྱུར་བ་དང་།དེའི་ནང་དུ་རྒྱལ་གར་མི་དམངས་ཀྱི་གོང་བུ་གཅིག་གྱུར་བསྟན་ཡོད།དེ་དང་མཚུངས་སུ།སུ་བྷྱ་མ་ནི་ཡ་ བྷ་མ་ནི་ཡིས་ཁོང་གི་ཏ་མིལ་གྱི་སྐད་ཏུ་བྲིས་པའི་རྒྱལ་གཅེས་གཞས་ཀྱིས་ཏ་མིལ་ན་དུའི་མི་དམངས་སྐུལ་སློང་བྱས་ཡོད།

ཚགས་པར་རྣམས་ཏེ། ལྷག་པར་དུ་རྒྱ་གར་དུ་ཐོན་པའི་ཚགས་པར་རྣམས་ཀྱིས་དབྱིན་ཇིའི་བཙན་འཛུལ་ལ་རྒོལ་གཏམ་ཤུགས་ཆེར་བརྗོད་སྟབས།ཕྱི་ལོ་༡༨༧༤ ལོར་དབྱིན་ཇི་བས་རྒྱ་གར་གྱི་སྐད་དུ་ཚགས་པར་སྐྲུན་བྱས་མི་ཆོག་པའི་བཀའ་ཕབ།ལོ་ཁ་ཤས་ཀྱི་རྗེས་སུ་བཀའ་འདི་ཕྱིར་འཐེན་བྱས་ན་ཡང་།ཚགས་པར་དབྱིན་ཇི་རྣམས་མི་དགའ་བའི་རྩོམ་ཐོན་ཐེངས་རེར་རྩོམ་སྒྲིག་པ་ལ་ཉེས་ཆད་དྲག་པོ་བཅད་ཡོད།སུ་རནྡྲ ནཐ་ བ་ནར་ཇི་ཡིས་ཁོང་གི་ཚགས་པར་གྱི་ནང་དུ་དབྱིན་ཇི་པའི་ཁྲིམས་དཔོན་གྱིས་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་གཅོད་པའི་སྐོར་བྲིས་པ་ལ་བརྟེན་ཁོང་བཙོན་ཁང་དུ་བཅུག

འདི་ལྟར་ལོ་གྲངས་རིམ་སོང་དང་བསྟུན། མི་འདྲ་མིན་རྣམས་ཀྱིས་ཐབས་ལམ་འདྲ་མིན་གྱི་ལམ་ནས་རང་བཙན་གྱི་ལས་འགུལ་ཤུགས་ཆེན་འཕེལ་བ་ལ་རང་རང་གི་ལས་སྐལ་བསྒྲུབས་ཡོད།

ཕྱི་ལོ་༡༨༨༥ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་གྲོས་ཚོགས་ཐེང་དང་པོ་དེ་བྷོམ་བྷེ་ལ་ཚུགས་སྐབས། མི་དམངས་གོང་བུ་གཅིག་གྱུར་ཡོང་བའི་ཆབ་སྲིད་ཀྱི་ལས་འགུལ་དེ་བྱུང་ཡོད་པ་རེད།ལས་འགུལ་གྱི་འགོ་འཁྲིད་རྣམས་རྒྱ་གར་གྱི་ཕྱོགས་ཁག་ནས་ཡོང་བ་དང་།ཧིན་དུའི་ཚོགས་པ་ནས་ཡོང་བའི་མི་ཙམ་དུ་མ་ཟད།ཁ་ཆེ་པ་རྣམས་ལས་ཡོང་ཡོད་དེ།དཔེར་ན།ས་ཡ་ནི་དང་།ཏ་ཡབ་ཇི།དེ་བཞིན་པར་སི་ནས།ད་ད་བྷའི ན་རོ་ཇི་དང་། ཕེ་རོཇ་ ཤཧ་མེཧཏ་བཅས་ཡིན།ཕི་རོཇ་ ཤཏ་མེཧཏ་ནི་རྒྱ་གར་ཡོངས་གྲོས་ཚོགས་སུ་ཞུགས་ནས་རྒྱལ་ཁབ་རང་བཙན་ལས་འགུལ་འགོ་རྩོམ་བྱས་ཡོད།གཞན་ཡང་མི་གཞན་པ་མང་པོ་དཔེར་ན།གི་ཁེ་དང་སུ་རནྡྲ་ནཐ་ བ་ནརཇི་ལྟ་བུ་ལས་འགུལ་དེ་དག་གོང་འཕེལ་དུ་འགྲོ་སྐབས་ཞུགས་ཏེ།རྒྱ་གར་མི་དམངས་ལ་སློབ་གསོ་གཏོང་བར་སྐུ་ངལ་བསྐྱོན་ཡོད།ཐོག་མའི་དུས་ཕྱི་ལོ་༡༩༠༨བར་དུ་གྲོས་ཚོགས་ཀྱིས་དབྱིན་ཇི་པ་ལ་མངོན་གསལ་དུ་ཁ་གཏད་དུ་ལངས་མེད།གྲོས་ཚོགས་ཀྱིས་དབྱིན་ཇིའི་དབང་སྒྱུར་གྱི་འོག་ཏུ་རྒྱ་གར་མི་དམངས་ཀྱིས་སྡུག་བསྔལ་མྱོང་བཞིན་པ་བསྟན་ཏེ་བཅོས་སྒྱུར་བྱེད་དགོས་ཚུལ་ཞུས་ཡོད།   དེར་བརྟེན་མི་ཁག་ཅིག་གིས་གྲོས་ཚོགས་ཀྱི་འགོ་འཁྲིད་རྣམས་ཧ་ཅང་གཉོམ་ཆུང་ནུས་མེད་དུ་ངོས་འཛིན་བྱས་ཡོད།ཡིན་ན་ཡང་ངོས་འཛིན་དེ་ནི་ནོར་བ་རེད།གྲོས་ཚོགས་ཀྱི་འགོ་འཁྲིད་རྣམས་ཀྱིས་དབྱིན་ཇི་བ་རྣམས་ལ་སྦྱངས་བཤད་ཀྱིས་འགྱུར་བ་གཏོང་ཐུབ་པར་ཡིད་ཆེས་གཙང་མ་བྱས་ཡོད།ཁོང་ཚོས་དབྱིན་ཇི་བ་རྣམས་ཀྱིས་སྒྲུབ་བཞིན་པའི་ནོར་འཁྲུལ་རྣམས་གཡོ་ཟོལ་མེད་པར་བསྟན་ཡོད།གྲོས་ཚོགས་ཚོགས་འདུ་དང་པོའི་ཐོག་ནས་འགྲོ་ཁྲིད་མང་པོས་ཚགས་པར་འགོག་སྡོམ་ལ་རྒོལ་གཏམ་བརྗོད།མི་སྐོར་ཞིག་གཞུང་གིས་མུ་གེ་སྔོན་འགོག་གི་ལས་སྒོ་ཅི་ཡང་མ་བརྩམས་པར་བརྟེན་མུ་གེ་ཡང་ཡང་བྱུང་སྟེ་སྲོག་ས་ཡ་མང་པོ་འཕྲོག་འགྲོ་བ་ལ་ཁོང་ཁྲོ་ལངས།མི་དག་གིས་སྲིད་དོན་གྱི་སྟེང་ལ་འགྲོ་སོང་ཉུང་ཙམ་བཏང་ནས་སློབ་གྲྭ་དང་སྨན་ཁང་གི་སྟེང་ལ་འགྲོ་སོང་མང་ཙམ་གཏོང་དགོས་པར་བརྗོད།ཁོང་ཚོས་གྲོང་ཁྱེར་གཞུང་གི་ཚོགས་མི་རྣམས་འོས་འདེམས་བྱེད་པ་ལས་གཞུང་གིས་བསྐོ་བཞག་བྱེད་མི་འོས་པར་འདོད་།ཁོང་ཚོས་གཞུང་གི་མི་མ་ཡིན་པའི་མི་ཡིས་རྒྱ་གར་མི་དམངས་ལས་བསྡུས་པའི་ཡོང་སྒོ་ཆེན་པོ་དེ་ཇི་ལྟར་འགྲོ་སོང་དུ་བཏང་བ་ཞིབ་བཤེར་བྱེད་དགོས་པའི་རེ་འདུན་བཏོན།ད་ད་བྷའི་ ན་རོ་ཇི་ཡིས་ཁོང་གི་མི་ཚེ་བཏང་ནས་རྒྱ་གར་དབུལ་ཕོངས་ཡིན་པའི་རྒྱུ་མཚན་ནི་དབྱིན་ཇི་པས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་འདིའི་རྒྱུ་ནོར་དང་ཐོན་རྫས་འཕྲོག་བཅོམ་བྱས་པས་ལས་ཡིན་པ་སྟོན་ཐབས་བྱས།ཁོང་གི་རྩོམ་ཡིག་གཏམ་བཤད་ཀྱིས་རྒྱ་གར་ན་ཡོད་པའི་མི་རྣམས་དང་།ཐ་ན་དབྱིན་ལན་ན་ཡོད་པའི་མི་རྣམས་ལ་ཡང་དབྱིན་ཇི་པས་ཇི་ལྟར་རྒྱ་གར་གཏོར་བཤིག་གཏོང་གི་ཡོད་ཚུལ་ཤེས་སུ་བཅུག

ཕྱི་ལོ་ ༡༩༠༨ཡི་རྗེས་སུ་གྲོས་ཚོགས་ཀྱི་འགོ་འཁྲིད་རྣམས་ཀྱིས་གྲོས་ཚོགས་སུ་རང་བཙན་ཇི་ལྟར་ཐོབ་ཐབས་ཀྱི་གྲོས་གླེང་བྱས། ཇི་ལག་དང་།བི་པིན་ ཅ་ནྡྲ་པལ།ལ་ལ་ ལཇ་པཏ་ ར་ཡེ་ལྟ་བུའི་མི་རྣམས་ཀྱིས་དབྱིན་ཇི་པས་ཞུ་བ་འཐེན་པ་ལ་གཏན་ནས་ཉན་མི་སྲིད་སྟབས།གྲོས་སྟབས་མཁྲེགས་པར་སྤོ་དགོས་པར་འདོད།སྔོན་ལོ༡༨༨༩ལོར་ཏི་ལག་གིས་ལྟ་ཚུལ་འདི་མ་ར་ཐ་ལ་བྲིས་ཏེ་གེ་ས་རི་ལ་བཏོན་ཡོད།

ཁོང་གིས་ཞིང་པ་རྣམས་ལ་ལོ་ཉེས་བྱུང་བའི་སྐབས་སུ་གཞུང་ཞིང་ཁྲལ་མི་འབུལ་བའི་འབོད་སྐུལ་བྱས་སྟབས། ཕྱི་ལོ་༡༨༩༧ལོར་དབྱིན་ཇི་པས་ཟླ་གྲངས་བཅོ་བརྒྱད་ལ་ཁོང་བཙོན་འཇུག་བྱས། ཁོང་གིས་ཐེངས་ཤིག་ལ་ “སྭ་རཇ་ནི་རང་གི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་” ཞེས་བརྗོད་ཅིང་། སྭ་རཇ་ནི་རང་བཙན་ཀྱི་དོན་ཡིན། ཡིན་ནའང་ཞི་འགྲིག་པ་མི་ཉུང་བ་ཞིག་ནི་གཞུང་གི་ལས་དོན་གྱི་ཐད་ལ་སྐད་ཆ་བཤད་དབང་ཅུང་ཙམ་རེ་ཐོབ་ན་དེ་ལ་འདོད་བློ་ཚིམ་པར་གྱུར་ཡོད།

བརྒྱ་ཕྲག་འདིའི་འགོ་སྟོད་དུ། རྒྱ་གར་གྱི་རང་བཙན་ལས་འགུལ་ལ་སྟོབས་ཤུགས་རྒྱས་ཤིང་། མི་མང་ཆེ་བ་ལ་དབྱིན་ཇི་པའི་དབང་སྒྱུར་ནི་རྒྱ་གར་དང་རྒྱ་གར་མི་དམངས་ལ་ཡག་པོ་མིན་པས་གོ་རྟོགས་སད་པར་གྱུར། དུས་སྐབས་འདི་འདྲ་ཞིག་ལ་ལོར་ཌི་ཀར་ཛན་རྒྱ་གར་གྱི་རྒྱལ་ཚབ་ཆགས། ཁོ་ནི་མི་ང་རྒྱལ་ཅན་དང་སྤྱི་བརྟོལ་ཅན་ཞིག་ཡིན་ལ། ཁོས་ཐ་ན་རྒྱ་གར་མི་དམངས་ཀྱི་མི་དམངས་གཞན་དང་འདྲ་བར་རང་ཉིད་ཀྱིས་རང་ཉིད་སྐྱོར་ཐུབ་པར་ཡང་ཡིད་ཆེས་མ་བྱས། ཁོང་ཐབས་ལམ་འདྲ་མིན་གྱིས་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་དང་རང་བཙན་གྱི་ལས་འགུལ་བཅས་མགོ་གནོན་དང་གསོད་རྩིས་བྱས་ཡོད། ཁོས་ཅི་བྱས་ལས་གཅིག་ནི། བངྒལ་གྱི་མི་དམངས་ཧིན་དུ་དང་ཁ་ཆེ་བ་བཅས་གཉིས་སུ་བགོས་པ་དེ་ཡིན། ཁོས་མི་དེ་རྣམས་མངའ་སྡེ་གཅིག་གི་ནང་སྡོད་དུ་འཇུག་མ་འདོད་སྟབས། ཁོད་མངའ་སྡེ་ཆེན་པོ་བངྒལ་དེ་ཆ་གཉིས་སུ་བགོས་པ་རེད། འདི་ལ་ཆ་བགོས་ཀྱི་བངྒལ་ཞེས་འབོད་པ་རེད། སྲིད་གཞུང་གིས་འདི་ལྟར་བྱས་སྐབས་མི་དམངས་ཡོངས་ “བངྒལ་གྱི་མི་དམངས་གཅིག་པུ་མ་ཡིན་པར་རྒྱལ་ཁབ་ཧྲིལ་པོའི་མི་དམངས་” ཀྱིས་གཞུང་ལ་ངོ་རྒོལ་བྱས་ཏེ་བར་བཅད་དེ་ལ་མོས་འཐུན་མེད་ཚུལ་བརྗོད་པ་རེད། དབྱིན་ཇི་པས་མི་དམངས་ཆ་བགོས་ཀྱིས་ཁོ་ཚོ་སྟོབས་ཞན་དུ་གཏོང་རྩིས་བྱས་ཀྱང་།
མཐའ་འབྲས་ནི་མི་དམངས་གོང་བུ་གཅིག་གྱུང་དང་སྟོབས་ཤུགས་ཅན་གྱུར། ལས་འགུལ་འདིའི་འགོ་འཁྲིད་རྣམས་ནི་ཏི་ལག་དང་། ཨོ་རོ་བིན་དོ་ གོཤ བིཔིན་ ཅནྡྲ་པལ། ལ་ལ་ ལཇ་པཏ་ རཡེ། ཨཤི་བིནི་ ཀུ་མར་ ད་ཏ་བཅས་ཡིན། ཁོང་ཚོས་ཁྲོད་ནས་ ལ་ལ་ ལཇ་པཏ་ རཡེ་དང་བིཔིན་ ཅནྡྲཔར་གཉིས་ཀྱིས་གསར་བརྗེ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཕྱི་ལོ་ ༡༩༠༧ལོར་དབྱིན་ཇི་པས་ལ་ལ་ ལཇ་པཏ་ རཡེ་འཛིན་བཟུང་བྱས་ཏེ་འབར་མའི་མན་ད་པེ་ཟེར་བར་བཙོན་འཇུག་བྱས།
མི་དམངས་ཀྱིས་ངོ་རྒོལ་བྱས་པ་ལ་མ་ལྟོས་པར་བངྒལ་ཆ་བགོས་བྱས།གསར་བརྗེ་ཡང་བྱུང་མ་ཐུབ།སྲིད་གཞུང་གིས་རང་གི་སྟོབས་ཤུགས་དང་དབང་ཆའི་ཁ་གཏད་ཀྱི་རྟགས་མཚན་ཡོད་ཚད་མར་གནོན་བྱས།ཡིན་ན་ཡང་དེ་ནས་དུ་དུང་འཇུག་བསྒྲིལ་མེད།ལོ་བཞིའི་རྗེས་སུ་བངྒལ་ཆ་བགོས་བྱེད་པ་དེ་མཚམས་འཇོག་བྱས།

ད་ལྟའི་དུས་སུ་མི་མང་པོས་དྲག་པོའི་ཁ་གཏད་དུ་དྲག་པོས་ལངས་དགོས་པར་སྙམ་པ་དེ་ལ་མཚར་དགོས་དོན་མེད། ཁོང་ཚོ་ལས་སྐོར་ཞིག་གསར་བརྗེ་པར་གྱུར་ཏེ་དབྱིན་ཇི་ལས་བྱེད་རྣམས་གདུག་རྩུབ་ཀྱིས་ལྐོག་གསོད་བྱས་པ་རེད།

ཁུད་རམ་ བྷོསེ་ ཀྱིས་ཕྱི་ལོ་ ༡༩༠༧ ལོར་ལྐོག་གསོད་བྱེད་རྩིས་ཤིག་བྱས་པ་ལ་བརྟེན་ནས་ཁོང་དཔྱངས་གསོད་བྱས་ཤིང་། དེ་དུས་ཁོང་ལོ་བཅོ་ལྔ་ཟིན་པ་ཙམ་ཡིན། གསར་བརྗེ་པ་འགའ་ཤས་ཀྱིས་གསང་བའི་སྒོ་ནས་འགད་འབོམ་དང་མཚོན་ཆ་བཟོས། ཀ་ལི་ལ་ཏ་ན་ཡོད་པའི་འདི་འདྲའི་ཚོག་སཔ་ཞིག་ཤེས་པར་གྱུར་ཏེ་ཁྲིམས་ཁང་དུ་སྲིད་གཞུང་ལ་ངོ་ལོག་གི་སྐྱོན་འཛུགས་བྱས།

གསར་བརྗེའི་ལས་འགུལ་འདི་སྟོབས་ཅན་དང་རྒྱ་ཆེར་སོང་མ་མྱོང་ཡང་དེ་ལོ་ལོ་མང་དུ་གནས་པར་གྱུར། མི་དམངས་རྣམས་ཁོང་ཚོའི་ལས་འགུལ་དེར་མ་ཞུགས་ཀྱང་ཁོང་ཚོའི་བློ་སྟོབས་དང་བློས་གཏོང་ལ་རྗེས་སུ་ཡི་རངས་བྱས་ཡོད།ཁྱོད་ཚོས་བྷ་གཏ སིངྒ་ཡི་སྐོར་ཐོས་ཡོད་ལས་ཆེ།ཁོང་དང་ཁོང་གི་བློ་མཐུན་པ་སུཁ་ དེབ།རཇ་ གུ་རུ་བཅས་ཀྱིས་ཁོང་ཚོའི་དཔའ་བོའི་སྤྱོད་ལམ་གྱིས་པན་ཇབ་ཀྱི་མི་དམངས་ཡང་སློང་བྱེད་ཐབས་བྱས།ཁོང་ཚོ་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་བཅད།

རྒྱ་གར་གྱི་གསར་བརྗེ་བ་སྐོར་ཞིག་ཕྱི་རྒྱལ་དུ་སོང་སྟེ།   རྒྱ་གར་རང་བཙན་གྱི་ལས་དོན་སྤེལ། ཁོང་ཚོས་ཡར་རོབ་དང་ཨ་མེ་རི་ཀའི་མི་དམངས་ལ་དབྱིན་ཇི་པས་རྒྱ་གར་ལ་དབང་སྒྱུར་བྱས་པའི་ནག་ཉེས་རྣམས་བརྗོད་དེ་དོན་ཕན་ཆེན་པོ་བྱུང་ཡོད། ཁོང་ཚོས་རྒྱལ་ཁབ་དེ་དག་གི་མི་དམངས་ཀྱི་རྒྱ་གར་རང་བཙན་ལ་རོགས་སྐྱོར་ཐོབ་ཐབས་བྱས། ཁོང་ཚོ་ལས་གཅིག་ནི་ལྕམ་སྐུ་ཀ་མ་ཡིན་ལ་དེས་རྗི་ནི་ཝ་ལ་བན་དེ་མཏ་རམ་ཟེར་བའི་དུས་དེབ་ཅིག་བཏོན། བེརནྡྲ ནཐ་ ཅཌོ་ཨུ་པ་དེ་ཡ་ཡིས་སྦར་ལིན་དུ་རྒྱ་གར་རང་བཙན་གྱི་ཚོགས་པ་ཞིག་བཙུགས། ར་ཇ་ མེཧནྡྲ་ པྲ་ཏབ། མཽ་ལ་ན་བར་ཀ་ཏུ་ལ། མཽ་ལ་ན་ ཨོ་བི་དུ་ལ་བཅས་ཀ་བུལ་དུ་སོང་སྟེ་དེར་རྒྱ་གར་གྱི་གནས་སྐབས་སྲིད་གཞུང་ཞིག་བཙུགས།

ཨ་མེ་རི་ཀར་གཞིས་སྤོར་བའི་པན་ཇབ་པ་རྣམས་ཀྱིས་གྷ་དར་ཚོགས་པ་བཙུགས་ཏེ་ ༼གྷ་དར་ནི་སྲིད་འགྱུར་གྱི་དོན་ཡིན༽ རྒྱ་གར་གྱི་གསར་བརྗེའི་ལས་འགུལ་ལ་རོགས་སྐྱོར་བྱེད་ཐབས་བྱས། ས་ཝར་ཀར་དང་ཇ་ཏིན་ མུ་ཁར་ཇི་ལྟ་བུའི་མི་རྣམས་ཀྱིས་ཕྱི་རྒྱལ་དུ་རྒྱ་གར་དུ་ཡོད་པའི་གསར་བརྗེ་པ་རྣམས་ལ་མེ་མདའ་དང་དཀྲུམ་མདའ་ཐོབ་ཐབས་བྱས། གོང་གསལ་གྱི་འདི་དག་ཚང་མ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་༼ཕྱི་ལོ ༡༩༡༤ ནས་ ༡༩༡༧ བར་ལ་༽ བྱུང་པ་ཡིན།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་༼ཕྱི་ལོ་ ༡༩༣༩ ནས ༡༩༤༥ བར་ལ༽ འཛིན་བཟུང་བྱས་ཡོད་པའི་ནེ་ཏ་ཇི་ སུབྷས ཅནྡྲ་བྷོསེ་ཀྱིས་ཕྱི་ལོ་༡༩༤༡ ལོར་བཙོན་འབྲོས་བྱེད་ཐུབ་ཡོད། ཁོང་ཐོག་མར་འཇར་མན་དུ་སླེབས་ཤིང་དེ་ནས་ཉི་ཧོང་ལ་སླེབས། རྒྱ་གར་གྱི་དམག་མི་རྣམས་འབར་མ་དང་། མ་ལ་ཡ། སིན་གྷ་པུར་བཅས་སུ་བཏང་ནས་དམག་ཆེན་དེར་ཞུགས། ཉི་ཧོང་གིས་རྒྱལ་ཁབ་དེ་རྣམས་བཙན་བཟུང་བྱས་སྐབས། ནེ་ཏ་ཇི་ཡིས་ཉི་ཧོང་གིས་འཛིན་བཟུང་བྱས་པའམ་ཡང་ན་དབྱིན་ཇི་པའི་ཉར་བའི་རྒྱ་གར་གྱི་དམག་མིའི་ཁྲོད་དུ་རྒྱལ་ཁབ་གྱི་དམག་དཔུང་ཟེར་བ་ཞིག་བཙུགས། ཁོང་གིས་དམག་དཔུང་འདིས་རྒྱ་གར་རང་བཙན་བྱེད་རྒྱུའི་རེ་བ་བཅངས། ཡིན་ནའང་དམག་ཆེན་དེ་གློ་བུར་དུ་མཇུག་བསྒྲིལ་བ་དང་། ཁོང་ཡང་གྲོངས་རྐྱེན་གྱིས་འཆར་གཞི་དེ་ལ་བར་ཆད་བྱུང་།

ང་ཚོ་ང་ཚོས་སྒྲུང་གི་དཀྱུས་ལ་འགྲོ བངྒལ་དུམ་བགོས་བྱས་རྗེས་དབྱིན་ཇི་པ་ལ་དཀའ་ངལ་འཕྲད།ཁོ་ཚོས་དྲག་པོ་ཁོ་ནར་བརྟེན་ནས་དབར་སྒྱུར་བྱེད་མི་ཐུབ་པ་ཤེས།མི་དམངས་རྣམས་འདོད་བློ་མི་ཚིམ་པ་དང་ཁོང་ཁྲོ་ཟ་བ་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད།དེའི་སྟབས་ཀྱིས་དབྱིན་ཇི་པར་མི་དམངས་ལ་རང་དབང་ཕྲན་ཚེགས་རེ་སྤྲོད་གཏན་འཁེལ་ཞིང་།སྒྱུར་བཅོས་ཁ་ཤས་བྱེད་འགོ་བརྩམས།

སྐབས་དེར་འཇོན་ མོར་ལེ་ནི་དབྱིན་ལན་ན་ཡོད་པའི་དབྱིན་ཇའི་གཞུང་གི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཡིན། མིན་ཊོ ནི་རྒྱ་གར་ན་ཡོད་པའི་རྒྱལ་ཚབ་ཡིན། དེའི་སྟབས་ཀྱིས་སྒྱུར་བཅོས་དེ་དག་ལ་ཕྱི་ལོ་ ༡༩༠༩ ལོའི་མོར་ལེ་དང་མིན་ཊོ་ཡི་སྒྱུར་བཅོས་ཞེས་འབོད། དངོས་གནས་བྱས་ན་སྒྱུར་བཅོས་ཀྱི་ཚད་ནི་ཧ་ཅང་ཆུང་ཆུང་ཡིན། རྒྱ་གར་མང་ཆེ་བས་ཁྲིམས་བཟོ་ལྷན་ཚོགས་ལ་མོས་འཐུན་བྱས། ཡིན་ནའང་དེའི་ཚོགས་མི་ཧ་ཅང་ཉུང་ཤས་ཤིག་མི་དམངས་ཀྱིས་འདམས་པ་ཡིན་ལ། དོན་དག་མང་པོ་ཁོ་ཚོས་གྲོས་གླེང་ཙམ་ཡང་བྱས་མི་ཆོག་པ་དང་། སྲིད་གཞུང་གིས་མུ་འཐུད་ནས་རང་གི་འདོད་པ་ལྟར་བསྒྲུབ་ཆོག ཁོ་ཚོས་བྱས་པའི་བཅོས་སྒྱུར་ལས་གནོད་ཚབས་ཆེ་ཤོས་ནི་ཧིན་དུ་དང་ཁ་ཆེ་བ་དུམ་བགོས་བྱས་པ་དེ་ཡིན། དབུས་ཀྱི་ཁྲིམས་བཟོ་ལྷན་ཚོགས་སུ་ཁ་ཆེ་ལ་རྐུབ་བཀྱག་ཆེད་སྤྲོད་བྱས་ཡོད་པ་དང་རྐུབ་བཀྱག་འདི་དག་ལ་འོས་ཤོག་འཕེན་མཁན་ཁ་ཆེ་བ་ཁོ་ན་ཡིན། འདི་ལྟར་བྱས་པ་ནི་དབྱིན་ཇི་པས་མི་དམངས་ཁ་ཐོར་དུ་གཏོང་འདོད་ཡིན། ཆིག་སྒྲིལ་བྱུང་ན་མི་དམངས་ལ་སྟོབས་ཤུགས་དང་ལྡན་ལ། ཁ་བྲལ་དུ་བཏང་ན་ཁོང་ཚོ་སྟོབས་ཞན་ཡིན། སྟོབས་ཞག་ཀྱི་མི་དམངས་ལ་ལས་སླ་པོས་དབང་སྒྱུར་བྱེད་ཐུབ་པ་ཡིན། དེའི་སྟབས་ཀྱི་དབྱིན་ཇི་པས་མི་དམངས་ཁ་ཐོར་དུ་བཏང་། ཁོ་ཚོ་སྟོབས་ཞན་དུ་བཏང་ནས་དབང་སྒྱུར་བྱེད་འདོད་ཡོད་པ་རེད། གྲོས་འཆམ་དུ་བཏོན་པའི་སྒྱུར་བཅོས་རྣམས་ཧ་ཅང་ཡིད་ཐང་ཆད་པ་ཡིན་སྟབས་མི་ཚང་མས་ཞི་འགྲིག་པ་རྣམས་ཏེ། དབྱིན་ཇི་པ་ན་ཡིད་ཆེས་བརྟན་པོ་བྱས་ཡོད་པ་རྣམས་མགོ་སྐོར་ཐེབས་པར་སྙམ། དབྱིན་ཇི་པ་ལ་རྒྱབ་གཏོད་ཀྱིས་དེ་ལ་འཐབ་འདོད་ཀྱི་མི་དམངས་ཀྱི་གྲངས་ཀ་མང་འཕེལ་བྱུང་། ཕྱི་ལོ་༡༩༡༤ ལོར་ཡུ་རོབ་དུ་དམག་འཁྲུག་བྱུང་། དབྱིན་ཇི་པས་དེ་ཁ་གཡོར་ས་བྱས་ནས་དབང་སྒྱུར་ཇེ་དམ་དུ་བཏང་། ཁོ་ཚོས་དམག་འཁྲུག་ཅིག་གི་སྐབས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་དེ་མི་དམངས་ཀྱི་རང་དབང་ལས་གལ་ཆེ་བར་བརྗོད། གལ་སྲིད་དགྲ་ཕྱོགས་རྒྱལ་ནརང་དབང་ཡོད་ཚད་ཤོར་འགྲོ་བར་བརྗོད། དམག་འཁྲུག་གི་སྐབས་ཏེ། ཕྱི་ལོ་ ༡༩༢༥ ལོར་ལྷོ་ཨ་ཕེ་རི་ཀ་ལ་ཁྲིམས་རྩོད་པ་བྱེད་དུ་ཕྱིན་པའི་རྒྱ་གར་བ་ཞིག་སླར་རྒྱ་གར་དུ་ལོག། ཁོང་ནི་དེའི་རྗེས་ཀྱི་ལོ་ངོ་སུམ་ཅུའི་རྒྱ་གར་མི་དམངས་ཀྱི་རླབས་ཆེན་གྱི་འགོ་ཁྲིད་དུ་ལས་ཀྱིས་བསྐོས། ཁོང་གིས་རྒྱ་གར་མི་དམངས་ལ་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་ཐབས་དམིགས་བསལ་ཞིག་བསླབས་ཤིང་།   དེ་ནི་དམག་འཁྲུག་ལྟ་བུ་སྟེ། འདས་པའི་དུས་སུ་གནས་གང་དང་དུས་གང་ལ་བྱུང་བའི་ཐབས་ལམ་དང་ཡོངས་སུ་མི་འདྲ་བ་ཞིག་ཡིན། འགོ་འཁྲིད་འདི་ནི་གན་ངྷི་ཇི་ཡིན་ནོ།

ཁོང་ནི་དགའ་འོས་པའི་མི་ཞིག་ཡིན། ཁོང་རང་ཉིད་ལ་ཀུན་སྙོམས་ཀྱི་བྱམས་བརྩེ་དེ་མ་གཏོགས་ཅི་ཡང་མེད། ཁོང་གིས་ཐ་ན་རང་ཉིད་ལ་ཚུར་རྒོལ་དང་དགྲར་འཛིན་མཁན་ལ་ཡང་བྱམས་བརྩེ་བྱེད། ཁོང་ནི་རླབས་ཆེན་དང་མཁྱེན་རབ་ལྡན་པ་ཞིག་ཀྱང་ཡིན། ཆེས་གལ་ཆེ་བ་ནི་ཁོང་མི་ཡ་རབས་ཤིག་ཡིན་པ་དེ་ཡིན། ཁོང་གིས་མི་དམངས་ལ་ཁོང་ཚོས་ཅི་ཞིག་བྱེད་ཀྱིན་ཡོད་པ་དང་ཅིའི་ཕྱིར་བྱེད་ཀྱི་ཡོད་པའི་སྐོར་ལ་ཡང་དང་ཡང་དུ་བསམ་བློ་གཏོང་དུ་བཅུག ཁོང་ཚོ་གནད་འདི་ལ་གསལ་པོ་མིན་ན་ཁོང་ཚོས་ཅི་བྱས་ནོར་འཁྲུལ་དུ་འགྲོ་བར་འགྱུར།

ཁོང་ཚོས་སྤང་བར་འདོད་པའི་སྤྱོད་ངན་རྣམས་མུ་འཐུད་ནས་གནས་པར་གྱུར། རྒྱ་གར་མི་དམངས་ཀྱིས་ཁོང་ཚོ་ཆོག་སྒྲིལ་གྱི་མི་དམངས་ཞིག་དང་།   རྒྱལ་ཁབ་གཅིག་གི་ཡིན་པ་དང་། ཕྱི་རྒྱལ་པར་དེ་རྣམས་ལ་དབང་སྒྱུར་བྱེད་པའི་ཐོབ་ཐང་མེད་པར་སྒྲོགས། གན་ངྷི་ཇེ་ཡིས་གནད་འདི་ལ་བཀའ་འདྲི་འདི་ལྟར་གནང་ཡོད། གལ་སྲིད་དེ་ལྟར་ཡིན་ན། ཧིན་དུ་པ་དང་ཁ་ཆེ་པ་གཉིས་ཀྱིས་རྒྱུན་དུ་ཅི་ཞིག་རྩོད་ཀྱི་ཡོད་དམ། རིགས་མཐོ་བའི་ཧིན་དུ་པ་རྣམས་ཀྱིས་ཁོ་ཚོའི་སྤྲུན་ཟླ་ས་ཡ་མང་པོ་སྟེ། རིགས་དམའ་བ་༼ཧ་རིས་ཇན༽རྣམས་ལ་ཐུག་རེག་མི་འོས་པར་བསམ་པ་དེ་ཅིའི་ཕྱིར་ཡིན། གན་ངྷི་ཇི་ཡིས་ཁོང་གི་སྐུ་ཚེ་ཧྲིལ་པོ་ལ་ཧིན་དུ་པ་དང་ཁ་ཆེ་བ་གཉིས་མཉམ་མཐུན་ཡོང་ཐབས་དང་རིགས་དམའ་བ་རྣམས་ཀྱི་གནས་སྟངས་ཡང་རྒྱས་གཏོང་བར་སྐུ་ངལ་གནང་ཡོད། དབྱིན་ཇི་པའི་ཨིན་ཌི་གྷོ་འདེབས་མཁན་རྣམས་ཀྱིས་ཞིང་པ་རྣམས་ལ་གཉའ་གནོན་དང་རས་འཐག་བཟོ་གྲྭའི་བདག་པོ་རྣམས་ཀྱིས་བཟོ་པ་རྣམས་ལ་གཉའ་གནོན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༡༧ ལོར་གན་ངྷི་ཇི་བྷི་ཧར་གྱི་ཅམ་པ་རན་ལ་ཕེབས་ནས་ཞིང་པ་རྣམས་ལ་དྲང་སྙོམས་ཡོང་བའི་ཐད་ལ་སྐུ་ལས་མཛད། ཕྱི་ལོ་༡༩༡༨ ལོར་ཨེམ་ད་བད་ཀྱི་རས་འཐག་བཟོ་པ་རྣམས་ལ་ལས་འཚམས་འཇོག་པའི་དབུ་འཁྲིད་གནང་བ་དང་མཚུངས་སུ་ཟས་བཅད་ངོ་རྒོལ་ཞིག་རང་ཆའི་བཟོ་གྲྭའི་བདག་པོ་རྣམས་ཀྱིས་རས་ཆའི་བཟོ་པའི་གླ་ཕོགས་བཟང་ཙམ་མ་སྤར་བར་དུ་བསྐྱངས། དབྱིན་ཇི་པ་རྣམས་སྔ་ཕྱི་ལ་མ་ལྟོས་པར་རྒྱ་གར་ནས་ཐོན་དགོས་ན་ཡང་རྒྱ་གར་ཀྱི་ས་བདག་དང་བཟོ་གྲྭའི་བདག་པོ་རྣམས་རྒྱ་གར་དུ་ཡོད་པ་རེད། ཁོ་ཚོ་དབྱིན་ཇི་དང་འདྲ་བའི་གདུག་རྩུབ་ཅན་དུ་མི་འགྱུར་རམ་ཞེས་གན་ངྷི་ཇི་ཡིས་བཀའ་འདྲི་གནང་ཡོད། སེམས་ཀྱི་འགྱུར་བ་ནི་རང་བཙན་ཐོབ་པ་དང་གཅིག་མཚུངས་ཀྱི་གལ་ཆེ་ཡིན། སེམས་ཀྱི་འགྱུར་བ་མེད་ན་ཕྱི་རྒྱལ་པས་རྒྱ་གར་པ་ལ་གཉའ་གནོན་བྱེད་སའི་གནས་དེར་རྒྱ་གར་བས་རང་གི་སྤུན་ཟླ་ལ་གཉའ་གནོན་བྱེད་པར་འགྱུར། དེའི་སྟབས་ཀྱིས་ཁོང་གིས་མི་ཕྱུག་པོ་རྣམས་ལ་ཁོ་ཚོས་རྒྱུ་ནོར་ནི་རྒྱལ་ཁབ་ཡོངས་ཀྱི་ཕན་བདེའི་ཐེབས་རྩ་ཡིན་ཞེས་བརྗོད་ཡོད།

ཡིན་ནའང་ཐོག་མའི་བསྒྲུབ་བྱ་ནི་ཕྱི་རྒྱལ་གྱི་དབང་སྒྱུར་མཇུག་བསྒྲིལ་དགོས་པ་དེ་ཡིན། འདིའི་ཐད་ལ་ཐོག་མའི་དུས་སུ་མི་རྣམས་ཁོང་གི་བཀའ་སློབ་ཀྱི་རྗེས་སུ་འབྲང་བ་ཧ་ཅང་ཁག་པོ་བྱུང་། མི་རྣམས་ཀྱིས་གཉའ་གནོན་ལ་ངོ་རྒོལ་བྱེད་དགོས། ཡིན་ནའང་གཉའ་གནོན་པ་ལ་སྡང་ཟུག་བྱས་ཏེ་དེ་ལ་དྲག་པོས་ངོ་རྒོལ་བྱས་ན་ཁོས་རང་གིས་སྤྱོད་ངན་ཅི་བྱས་ལ་བསམ་བློ་གཏན་ནས་གཏོང་བར་མི་འགྱུར་བ་དང་། ཁོ་ལ་རང་གི་བྱས་ཉེས་ལ་ནོངས་འགྱོད་སྐྱེས་པའི་གོ་སྐབས་མེད། ཁོ་ཁྱོག་ཀྱི་དྲག་པོའི་ལན་ལ་དྲག་པོས་འཇལ་བར་འབྲེལ་བར་འགྱུར། དེ་མ་ཟད་གན་ངྷི་ཇི་ཡིས་མི་ངན་པ་ཐ་ཤལ་བ་རྣམས་བཟང་ཕྱོགས་སུ་འགྱུར་མི་ཐུབ་པ་དེ་ལ་ཡིད་ཆེས་མི་གནང་། དེ་དང་མཚུངས་སུ་ཁོང་གིས་ང་ཚོ་དབྱིན་ཇི་པའི་དྲང་བདེན་མ་ཡིན་པ་ལ་སྡང་ཟུག་བྱེད་པའི་སྐབས། ང་ཚོ་རང་ཉིད་ཀྱི་རྒྱུན་ཏུ་མི་དམངས་གཞན་པ་ལ་དྲང་བདེན་མི་བྱེད་པ་དེ་གཟིགས་ཀྱི་ཡོད།
གན་ངྷི་ཇི་ཡིས་རང་བཙན་འཐབ་རྩོད་ཀྱི་ཐབས་ལམ་གྱིས་རྒྱ་གར་དུ་ཡོད་པའི་མི་མང་པོའི་ཡིད་དབང་བཀུག་པར་གྱུར། ཁོང་ཚོ་ཁོང་གི་ཐབས་ལམ་དུ་ཞུགས་ཤིང་ཁོང་གི་རྗེས་འཇུག་ཏུ་གྱུར། རྗེས་སུ་ཁོང་ཚོ་རང་ཚུགས་ཐུབ་པའི་འགོ་འཁྲིད་དུ་གྱུར། ཆེས་ཐོག་མའི་དུས་སུ་གན་ངྷི་ཇི་ལ་འདུན་པ་རྩེ་གཅིག་དུ་གྱུར་བ་ནི་ཇེནྡྲ་ པྲསད་ཡིན། ཁོང་ནི་པ་ཊ་ན་ལ་ལོ་ན་གཞོན་ཞིང་ལས་དོན་ལམ་འགྲོ་ཅན་གྱི་ཁྲིམས་རྩོད་པ་ཞིག་ཡིན། གན་ངྷི་ཇི་ཅམ་པ་རན་ལ་ཞིང་པ་རྣམས་ཀྱིས་གཏུམ་དྲག་ཅན་གྱི་ཨིན་ཌི་གྷོ་འདེབས་མཁན་ལ་འཐབ་རྩོད་བྱེད་པར་རོགས་རམ་གནང་དུ་ཕེབས་སྐབས། ར་ཇེནྡྲས་གན་ངྷི་ཇི་ལ་རོགས་རམ་དུ་ཕེབས། ཕྱིས་སུ་མཽ་ལ་ན་ ཨ་བུལ་ ཀ་ལམ་ཨ་ཇད་དང་། ཝ་ལབ བྷཨི་ པ་ཊེལ།   མོ་ཏི་ལལ་ནེཧ་རུ་དང་ཁོང་གི་བུ་ཇབ་ཧར་ ལལ ནེཧ་རུ ལྟ་བུ་གན་ངྷི་ཇི་ཡི་ཐབས་ལམ་ལ་ཞུགས། གན་ངྷི་ཇི་ཡིས་དྲག་པོའི་ཐབས་ལམ་ཁོ་ནར་བརྟེན་ནས་རང་བཙན་རྩོད་ལེན་འདོད་དེ་ལ་མོས་འཐུན་མ་གནང་། ཡིན་ནའང་ཁོང་གས་མི་དམངས་ལ་དབང་ཆ་མང་ཙམ་སྤྲོད་པར་མུ་འཐུད་ནས་དབྱིན་ཇི་ལ་སློང་མོ་གནང་མ་འདོད། ཁོང་གིས་དབྱིན་ཇི་པ་དང་འཐབ་རྩོད་བྱེད་དགོས་པའི་ཐུགས་ཐག་བཅད། ཁོང་གི་འཐབ་རྩོད་བྱེད་སྟངས་ནི་དམིགས་བསལ་ཞིག་ཡིན་ལ། གཅིག་བྱས་ན་དེ་ལ་དགོས་པའི་བློ་སྟོབས་ནི་གསར་བརྗེ་པ་རྣམས་ལས་ཐོན་པ་ལས་ཆེ་བ་དགོས། ཁྲིམས་གང་ཞིག་དྲང་བདེན་མིན་ན་གན་ངྷི་ཇི་ཡིས་ཁྲིམས་འགལ་གནང་། ཡིན་ནའང་ཁོང་གིས་ཉེས་ཆད་ལ་གཡོལ་ཐབས་མི་གནང་།   དབྱིན་ཇི་པར་ཁོང་ལ་རྡུང་རྡེག་གམ་བཙོན་འཇུག་བྱེད་པ་ཁོང་གིས་སྤྲོ་སྣང་གིས་དང་ལེན་གནང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁོང་གིས་དེ་ཚོ་ལ་སྡང་ཟུག་མི་གནང་། འདི་ནི་གན་ངྷི་ཇི་ཡི་བདེན་པའི་ནུས་ཤུགས་ཞེས་པའི་ཐབས་ལམ་དེ་ཡིན། ཁོང་གིས་ཐབས་ལམ་དེ་ལྷོ་ཨ་ཕེ་རི་ཀར་ཚོས་ལྟ་གནང་མྱོང་ཞིང་། དེར་མི་རྒྱུད་དཀར་པོ་རྣམས་ཀྱིས་ཨ་ཕེ་རི་ཀའི་མི་དམངས་དང་། རྒྱ་གར་པའི་གཞིས་ཆགས་པ་རྣམས་ལ་གདུག་རྩུབ་གཏོང་བཞིན་ཡོད། ཁོང་རྒྱ་གར་ལ་ལོག་ཕེབས་རྗེས། ང་ཚོ་ལ་ཐུབས་རྒྱུད་རིང་པོས་ཞེ་སྡང་མེད་པའི་འཐབ་རྩོད་དང་། གཞན་ལ་སྡུག་བསྔལ་མི་སྟེང་བའི་རྒྱལ་ཁ་ལེན་པའི་རླབས་ཆེན་གྱི་ཐབས་ལམ་དེ་བསླབས། དེའི་རྗེས་ཀྱི་ལོ་ངོ་སུམ་ཅུའི་རརིང་ལ་ཁོང་གིས་འདི་འདྲའི་དམག་འཁྲུག་ཁྱད་པར་ཅན་ཡང་དང་ཡང་དུ་བརྒྱབ་གནང་ཞིང་། ཁོང་གི་རྗེས་སུ་ཞུགས་པའི་མི་དམངས་ཀྱི་གྲངས་འབོར་ཡང་ཐེངས་རེ་རེ་ལ་འཕར་སྣོན་བྱུང་། དམག་འཁྲུག་དེ་འདྲ་བའི་ཆེས་སྔ་མོའི་དུས་ཀྱི་གཅིག་གིས་གན་ངྷི་ཇི་ཡི་དྲག་པོ་འདོར་འདུན་ཇི་འདྲ་བརྟན་པོ་ཡིན་པ་གསལ་པོ་མཚོན་ཡོད། འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ། དབྱིན་ཇི་དབང་སྒྱུར་པས་མི་དམངས་ལ་ཅུང་ཙམ་ཡོད་པའི་རང་དབང་དེ་ཕྱིར་ལེན་བྱས། སྲིད་གཞུང་གིས་དོགས་པ་གཅིག་པུ་ལ་བརྟེན་ནས་མི་རྣམས་འཛིན་བཟུང་དང་དེ་ཚོ་ལ་ཉེས་པ་བཏང་། སུ་ཞིག་གིས་ཀྱང་རང་དབང་གིས་སྨྲ་བརྗོད་དང་རྩོམ་འབྲི་བྱེད་ཐུབ་མེད། ཕྱི་ལོ་༡༩༡༧ ལོར་དབྱིན་ཇི་པས་གཅོས་སྒྱུར་ཁ་ཤས་བྱེད་རྒྱུའི་ཁྱབ་བསྒྲགས་བྱས། དེ་དག་ལ་མོན་ཊ་ གུ་དང་ཆེ་ལེམསེ ཕོརཊ་ཡི་བཅོས་སྒྱུར་ཞེས་འབོད། དེའི་ནང་དུ་རྒྱ་གར་པ་རྣམས་ལ་འཚམས་པའི་དུས་སུ་ཁོ་ཚོར་དབང་ཚད་མང་ཙམ་སྤྲོད་རྒྱུ་ཞེས་གོ་དོན་ཧ་ཅང་མི་གསལ་བའི་ཁས་ལེན་བྱས་ཡོད། དམག་ཆེན་དེ་མཇུག་བསྒྲིལ་སྐབས། དབྱིན་ཇི་པས་དམག་དུས་ཀྱི་ཁྲིམས་གཞི་དེ་དག་ཕྱིར་ལེན་བྱེད་པའི་ཚབ་ཏུ་རོ་ལཊ་ཁྲིམས་རྩ་ཞིག་གྲོས་ཆོད་བྱུང་སྟེ་དེ་དག་རྒྱུན་འཁྱོངས་བྱས་ཡོད། རྒྱ་གར་རྒྱལ་ཡོངས་སུ་དེ་ལ་ངོ་རྒོལ་གྱི་འདུ་འཛོམས་བྱས། ཕྱི་ལོ་༡༩༡༩ ལོའི་ཟླ་༤ ཚེས་༡༣ ཉིན་རྒན་པོ་རྒན་མོ་དང་བྱིས་པ་འདུས་པའི་མི་གྲངས་ཉིས་ཁྲི་ཙམ་ཨམ་རིཏ་སར་གྱི་ཇ་ལེན་ཝ་ལ་ དགྷ་ལ་ཁོང་ཚོའི་འགོ་འཁྲིད་རྣམས་ཀྱིས་ཡང་སྐྱར་མར་གནོན་གྱི་ཁྲིམས་འདིའི་སྐོར་ལ་གསུང་བཤད་གནང་གི་ཡོད་པར་ཉན་དུ་འཛོམས། དབྱིན་ཇིའི་གཞུང་གིས་ལས་བྱེད་ཅིག་སྟེ། ཇེ་ནི་རལ་ཌ་ཡེར་ཟེར་བ་དེས “རྒྱ་གར་བ་རྣམས་ལ་བསླབ་བྱ་ཞིག་སྤྲོད་” འདོད་ཀྱིས་ཁོའི་དམག་ཁྲིད་ནས་ཡོང་ཉེན་བརྡ་ཅི་ཡང་མ་བཏང་བར་མི་ཚོགས་ཀྱི་ནང་དུ་མེ་མདའ་བརྒྱབས།མི་ཆིག་སྟོང་ལྷག་བསད་ཅིང་མི་མང་པོ་རྨས་སྐྱོན་བྱུང་།དམར་གསོལ་ཁྲག་སྦྱོར་འདིས་རྒྱ་གར་བ་ཡོངས་ཧང་སངས་པར་གྱུར།ཡིན་ནའང་གན་ངྷི་ཇི་རང་གི་དྲག་པོ་དེ་འཚེ་མེད་ཞི་བས་བཟློག་དགོས་པའི་དགོངས་བཞེད་ཀྱི་སྟེང་ལ་གཡོ་མེད་ཀྱིས་གནས།ཕྱི་ལོ་ ༡༩༢༢ ལོར་གན་ངྷི་ཇི་ཡིས་ཡང་སྐྱར་མང་ཚོགས་དང་མཉམ་དུ་གུཇ་རཏ་ཡི་ཡུལ་སྡེ་བར་དོ་ལི་ལ་བདེན་པའི་ནུས་ཤུགས་ཀྱི་འགོ་རྩོམ་རྒྱུའི་ཐུགས་ཐག་བཅད།གི་སྒྲིག་ཆ་ཚང་གནང་ཚར་ཞིང་སྟ་གོན་ཡོངས་སུ་རྫོགས།དངོས་གནས་བྱས་ན་བར་དོ་ལི་ཡི་སྔོན་ལ་མི་སེར་གྱི་ཁྲིམས་རྒོལ་འགོ་བརྩམས་ཚར་ཞིང་།མི་སྐོར་ཞིག་ཨུ་ཏར པྲདེཤ་མངའ་སྡེའི་ཅཽ་རེ་ ཅཽ་ར་ཟེར་བའི་ས་ཆ་ལ་དྲག་ལས་པར་གྱུར་ཡོད་པ་རེད།ཉེན་རྟོག་པས་ཁོང་ཚོ་ལ་མེ་མདའ་བརྒྱབས་སྟབས།ཁོང་ཚོས་དེའི་དགྲ་ལན་དུ་ནེ་རྟོག་པའི་ལས་ཁུངས་མེས་བསྲེགས་ཤིང་ཉེན་རྟོག་པ་ཁ་ཤས་མེའི་ནང་དུ་ཤིགན་ངྷི་ཇི་ཡིས་དེ་མ་ཐག་བར་དོ་ལི་ཡི་བདེན་པའི་ནུས་ཤུགས་ཀྱི་ལས་འགུལ་མཚམས་འཇོག་ཏུ་བཅུགམཛད་སྟངས་འདིས་ཐ་ན་ཁོང་གི་ཆེས་བློ་དཀར་གྱི་རྗེས་འབྲངས་པ་རྣམས་ཀྱང་མ་དགའ་བར་གྱུར།ཡིན་ནའང་མཐའ་འཇུག་ཁོང་ཚོས་གན་ངྷི་ཇི་ཁོང་གི་བཞེད་ལུགས་ལ་འདུན་པ་ཅི་ཙམ་བརྟན་པོ་ཡིན་པ་དང་བཞེད་ལུགས་དེ་རླབས་ཆེན་ཇི་འདྲ་ཡིན་པ་ངོས་ཟིན་པར་གྱུར།

ལོ་དྲུག་གི་རྗེས་སུ་བར་དོ་ལི་ཡི་བདེན་པའི་ནུས་ཤུགས་ཀྱི་ལས་འགུལ་བརྩམས། དེ་ནི་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་ལེ་ཚན་སྐད་གྲགས་ཅན་ཞིག་ཡིན། ཕྱི་ལོ་༡༩༢༨ ལོར་གུཇ་རཏ་ཡི་བར་དོ་ལི་ཟེར་བའི་ས་ཆར་དབྱིན་ཇི་པས་ས་ཞིང་གི་དཔྱ་ཁྲལ་མང་སྤར་བྱས། ཝ་ལབ་ བྷཨི་པ་ཊེལ་ནི་ཁྲིམས་རྩོད་པ་སྐད་གྲགས་ཅན་ཞིག་ཡིན། ཁོང་ནི་ལས་འགྲུབ་ཅིག་དང་རང་གི་ཁྲིམས་རྩོད་ཀྱིས་ལས་ཀར་དངུལ་འབོར་ཆེན་པོ་བཟོ་མཁན་ཞིག་ཡིན། གན་ངྷི་ཇི་ཡིས་ཁྲིམས་རྩོད་པ་རྣམས་ལ་དབྱིན་ཇི་པའི་ཁྲིམས་ཁང་གི་ལས་ཀ་མཚམས་འཇོག་པའི་འབོད་སྐུལ་གནང་སྐབས་ཁོང་གིས་རང་གི་ལས་ཀ་དེ་དོར་ནས་རྒྱལ་ཡོངས་ཀྱི་ལས་འགུལ་དུ་ཞུགས། ཕྱི་ལོ་ ༡༩༢༨ ལོར་ཝ་ལབ་ བྷཨི་པ་ཊིལ་གྱིས་བར་དོ་ལི་ལ་དཔྱ་ཁྲལ་མི་འཇལ་བའི་ལས་འགུལ་ཞིག་འགི་བརྩམས། གྲོང་ཁྱེར་བྷོམ་བྷེ་ ཡི་སྤྱི་ཁྱབ་ཀྱིས་དབྱིན་ཇིའི་དྲག་པོའི་སྟོབས་ཤུགས་ཆ་ཚང་བཀོལ་ནས་ལས་འགུལ་དེ་མར་གནོན་དགོས་པ་དང་དབུལ་པོ་རྣམས་ལ་དཔྱ་ཁྲལ་འཇལ་དུ་འཇུག་དགོས་པར་བརྗོད། ཡིན་ནའང་དབུལ་བོ་བརྒྱད་ཁྲི་ཡིས་ཁོང་ཚོར་སར་དར ༼འགི་འཁྲིད་ཀྱིས༽ གྱིས་སྐུལ་སློང་བྱས་པ་ལ་བརྟེན་ནས་གཉའ་གནོན་དེ་ལ་བློ་སྤོབས་ཆེན་པོས་གྱེན་ལྡོག་བྱས་ཤིང་མཐར་དབྱིན་ཇི་པས་མཚམས་འཇོག་དགོས་བྱུང་ཡོད། ཝ་ལབ བྷཨི་པ་ཊེལ་ལ་སར་དར་པ་ཊེལ་ཞེས་པའི་སྙན་གྲགས་བྱུང་རྗེས་བར་དོ་ལི་ནི་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་དྲན་རྟེན་ས་རྟགས་ཤིག་ཏུ་གྱུར།

དབྱིན་ཇི་པ་ལ་ཡང་སྐྱར་རྒྱ་གར་པ་ལ་དྲང་བདེན་བྱེད་པའི་གོ་སྐབས་ཞིག་སྤྲད། སྭ་རཇ་ པྲཊི་ཚོགས་པས་སིས་ཨར་དསེ་དང་མོ་ཏི་ལལ་ ནེཧ་རུ་གཉིས་ཀྱི་འགོ་འཁྲིད་འོག་མངའ་སྡེའི་ཁྲིམས་བཟོ་ལྷན་ཁང་དང་དབུས་ཀྱི་གྲོས་ཚོགས་འོས་འདེམས་ཀྱི་དབང་སྐལ་རེ་ལེན་རྒྱུ་དང་དེ་ལ་ཞུགས་ནས་དབྱིན་ཇི་པ་དང་མཉམ་འབྲེལ་བྱེད་རྒྱུ་བྱས།

ཡིན་ནའང་ཕྱི་ལོ ༡༩༢༥ ལོར་སྭ་རཇ་ཡི་ཚོགས་མི་རྣམས་ཀྱིས་གྲོས་ཚོགས་ལས་ཐོན་རྒྱུའི་གྲོས་ཐག་བཅད། མོ་ཏི་ལལ ནེཧ་རུ་ཡིས་དེའི་རྒྱུ་མཚན་འདི་ལྟར་གསུངས་ཡོད། “མཉམ་འབྲེལ་དེ་ཞེ་སྡེང་གི་སྒོ་ནས་ངོས་ལེན་མ་བྱས་སྟབས་ད་ནི་ཐབས་ལམ་གཞན་པ་ལ་བསམ་བློ་གཏང་ནས་དམིགས་ཡུལ་སྒྲུབ་པའི་དུས་ལ་བབ་འདུག”

ཡུན་རིང་པོའི་རང་བཙན་གྱི་དམག་ཆེན་འདིའི་ནང་དུ་གལ་ཆེ་བའི་གཡལ་འགྱེད་མང་པོ་བྱུང་མྱོང་། རྒྱ་གར་མ་རྣམས་ཀྱིས་ཡུན་རིང་པོར་སྒུག་མི་ཐུབ་པར་བརྗོད་དེ་འཕྲལ་མྱུར་ཀྱི་རང་སྲིད་རང་སྐྱོང་ལ་འབད་བརྩོན་བྱེད་སྐབས་དབྱིན་ཇི་པས་ཁོ་ཚོས་རྒྱ་གར་པ་རང་གིས་རང་སྲིད་རང་སྐྱོང་བྱེད་ཐུབ་མིན་ལ་བརྟག་དཔྱད་ཚོགས་ཆུང་ཞིག་བསྐོས་ཏེ་བརྟག་དཔྱད་བྱེད་དགོས་པར་བསྙད་དེ་དོན་དག་རྣམས་ཕྱིར་འགྱངས་བྱེད་ཐབས་བྱས་པ་རེད། སའི་མོན་བརྟག་དཔྱད་ཚོགས་ཆུང་ཟེར་བ་དེས་དམིགས་ཡུལ་དེ་ཁྱེར་ནས་ཕྱི་ལོ་ ༡༩༢༨ ལོར་རྒྱ་གར་ལ་སླེབས་པ་རེད། རྒྱ་གར་རྒྱལ་ཡོངས་སུ་ངོ་རྒོལ་གྱི་ཁྱབ་ཡོད་ཅིང་། ལ་ལ་ ལཇ་པཏ་རཡེ་ལ་ངོ་རྒོལ་གྱི་ཚོགས་འདུ་དེ་འདྲ་ཞིག་གི་ནང་དུ་ཉེན་རྟོག་པས་བརྡུངས་ཏེ་ཁོང་གྲོངས་པ་རེད། རྒྱལ་ཁབ་ཁྱོན་ཡོངས་སུ་རང་བཙན་བརྩོད་ལེན་བྱེད་པའི་དུས་ཚོད་སྟོབས་ཅན་ཞིག་ལ་སླེབས། ཕྱི་ལོ ༡༩༢༩ ལོར་ལ་ཧོར་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ལོ་འཁོར་གྲོས་ཚོགས་བསྐྱངས། ཇབ་ཧར་ ལལ་ནེཧ་རུ་སྲིད་འཛིན་དུ་འདེམས་བསྐོ་བྱས་ཤིང་རྒྱལ་ཁབ་ཀྱིས་འགོ་འཁྲིད་རྣམས་ཀྱིས་ལས་དོན་ཅི་ཞིག་ཐག་གཅོད་བྱེད་པར་བསྒྲུགས་ཡོད། ལོ་རྒྱུས་རང་བཞིན་གྱི་ཚོགས་ཐེངས་འདིས་རྒྱ་གར་མི་དམངས་ལ་པུར་ན་ སྭ་རཇ་སྟེ་རང་བཙན་གཙང་མ་མ་ཐོབ་བར་དུ་འདོད་པ་མི་ཚིམ་པའི་གྲོས་ཆོད་བརྟན་པོདེ་ཁྱབ་བསྒྲགས་བྱས། ད་ནས་བཅོས་སྒྱུར་བྱེད་མི་དགོས་ཤིང་། རང་དབང་ཆུང་ཆུང་རེའི་དོན་དུ་རང་བཙན་གྱི་གོམ་པ་ལྷག་ནུར་རྒྱག་རྒྱུ་ཡང་མེད། ཕྱི་ལོ་༡༩༣༠ ལོའི་ཟླ་ ༡ཚེས་༡༥ རྒྱ་གར་མི་དམངས་ཀྱིས་རང་བཙན་གྱི་དམ་བཅའ་བཞག མ་ཧོར་གྲོས་ཚོགས་ཀྱིས་སཏྱ་གརཧ་སྟེ།བདེན་པའི་ནུས་ཤུགས་གཞན་པ་ཞིག་གི་འགོ་རྩོམ་རྒྱུའི་ཐག་བཅོད་བྱས།འདི་ནི་ལས་འགུལ་དར་སྟོབས་ཅན་ཞིག་དང་གན་ངྷི་ཇི་ནི་དེ་འགོ་འཁྲིད་ཡིན་པར་འགྱུར།   རྒྱ་གར་རྒྱལ་ཡོངས་ཁོང་གི་རྗེས་སུ་འབྲང་བར་འགྱུར་ཞིང་ཁོང་གིས་ཅི་གསུངས་བསྒྲུབ་པར་གྱུར།

གན་ངྷི་ཇི་ཡིས་དགོངས་བཞེས་གཏོང་ཟབ་རྒྱུན་རིང་གནང་སྟེ་ཁྲིམས་འགལ་བྱེད་ཐབས་གསར་པ་ཞིག་དང་བདེན་པའི་ནུས་ཤུགས་བྱེད་ཐབས་གསར་བ་ཞིག་རྙེད།

དབྱིན་ཇི་གྲུ་གཟིངས་རྣམས་ཀྱིས་རྒྱ་གར་དུ་རིན་གོང་དམའ་བོས་ཉོས་པའི་མ་བཅོས་རྒྱུ་ཆའི་ཁལ་ལྗི་མི་ཁྱེར་ནས་དབྱིན་ལན་དུ་བསྐྱོད་པར་བྱེད། དེ་རྣམས་ཚུར་ལོག་སྐབས་ང་ཚོའི་རྒྱལ་ཁབ་ཡུ་བཙོང་རྒྱུའི་འཕྲུལ་འཁོར་གྱིས་བཟོས་པའི་ཚོང་ཟོག་དང་རྒྱ་གར་དུ་ཡོད་པའི་དབྱིན་ཇི་པའི་བཟོ་གྲྭ་རྣམས་ལ་འཕྲུལ་ཆས་ཁྱེར་ཡོང་གི་ཡོད།དེ་ནི་གྲུ་གཟིངས་རྣམས་ལ་ལྗིད་ཚད་ལོངས་པའི་ཁལ་མིན།གྲུ་གཟིངས་རྣམས་མཚོ་སྐྱོདཡག་པོ་བྱེད་པ་ལ་དེ་རྣམས་ཀྱི་ནང་ལ་ཁལ་ལྗི་མི་དགོས་པ་ཡིན།དེའི་ཕྱིར་དབྱིན་ཇི་པ་རྣམས་ཀྱིས་གྲུ་གཟིངས་ནང་ལོགས་ཚྭ་ཡིས་བརྒྱངས་ཤིང་དེ་རྣམས་རྒྱ་གར་པ་རྣམས་ལ་རིན་གོང་མཐོན་པས་ཉོ་རུ་བཅུག་ཅིང་།དབྱིན་ཇི་པས་རྒྱ་གར་པ་རྣམས་ཀྱིས་ཚྭ་བཟོ་མི་ཆོག་པའི་བཀའ་ཕབ།   ཡིན་ནའང་རྒྱ་གར་གྱི་རྒྱ་མཚོའི་འགྲམ་རྒྱུད་རིང་པོ་དེར་མི་ཐམས་ཅད་ཀྱིས་རྒྱ་མཚོའི་ཆུ་ལས་ཚྭ་བཟོ་ཐུབ་པ་ཡིན།རང་གིས་ཚྭ་བཟོས་ན་དེ་ལ་དབྱིན་ཇི་པའི་ཚྭའི་རིན་གོང་གི་ཆ་ཉི་ཤུ་ཐམ་པར་བགོས་པའི་ཆ་གཅིག་མ་གཏོགས་གནས་ཀྱི་མེད།གན་ངྷི་ཇི་ཡིས་རླབས་ཆེན་གྱི་དགོངས་བཞེད་རྣམས་ཐབས་ལམ་ཆེས་སྟབས་བདེ་ཡིས་སློབ་སྟོན་མཛད།

༡༩༣༠ ལོར་ཁོང་གིས་རྒྱལ་ཡོངས་རང་བཞིན་གྱི་རྒྱ་མཚོའི་ཆུ་ལས་ཚྭ་བཟོ་མི་ཆོག་པའི་ཁྲིམས་གཞི་དང་འགལ་བར་བྱེད་པའི་བདེན་པའི་ནུས་ཤུགས་ཀྱི་དབུ་འཛུགས་གནང་། ཁྲིམས་གཞི་འདི་ལ་ངོ་རྒོལ་བྱེད་ཆེད།གན་ངྷི་ཇི་ཡིས་གུཇ་རཏ་ཡི་མཚོ་འགྲམ་དུ་ཡོད་པའི་དཎྜི་ཞེས་པའི་ས་ཆར་ཚྭ་བཟོ་ཞབས་སྐྱོད་གནང་།ཁོང་འཛིན་བཟུང་བྱས་ཀྱང་བདེན་པའི་ནུས་ཤུགས་དེ་རྒྱ་གར་ཡོངས་སུ་འགུལ་བར་གྱུར་བ་དང་སྐྱེས་ཕོ་མོ་སྟོང་ཕྲག་མང་པོས་ཁྲིམས་གཞི་དེ་ལ་ཞི་བའི་ཐབས་ལམ་གྱིས་འགལ་བར་བྱས་ཏེ་དབྱིན་ཇིའི་དབང་སྒྱུར་དེ་ཇི་འདྲའི་དྲང་བདེན་མ་ཡིན་པ་གསལ་སྟོན་བྱས།

དུས་དེ་ནས་བཟུང་དབྱིན་ཇི་པས་རང་གི་འཕྲུལ་ཆས་ཀྱི་བཟོས་པའི་ཚོང་ཟོག་རིན་གོང་ཁེ་བོ་རྒྱ་གར་ལ་ཁྱེར་ཡོང་ནས་བཙོང་བར། རྒྱ་གར་གྱི་འགོ་འཁྲིད་རྣམས་ཀྱིས་དེ་ནི་རྒྱ་གར་ལ་གནོད་ཚབས་ཆེ་བའི་ཁྱབ་བསྒྲགས་བྱས།ང་ཚོ་རང་གི་སྤྱིལ་བུའི་ནང་གི་བཟོ་གྲྭའི་ལག་ཤེས་ཐོན་རྫས་རྣམས་ཐོན་ཐུབ་དགོས་པ་དང་།   ང་ཚོས་ང་ཚོ་རང་གི་འཕྲུལ་ཆས་ཅན་གྱི་བཟོ་གྲྭ་འཛུགས་མི་ཐུབ་ལ་དང་།རྒྱ་གར་ནི་སྡུག་བསྔལ་ཅན་དང་དབུལ་ཕོངས་ཅན་ཅུ་འགྱུར་ངེས་ལ་སོང་།འགོ་ཁྲིད་དེ་དག་གིས་མི་དམངས་ཀྱིས་ཕྱི་རྒྱལ་གྱི་ཚོང་ཟོག་མི་ཉོ་བར་རྒྱ་གར་ནས་ཐོན་པའི་དངོས་པོ་ཁོ་ན་བེད་སྤྱོད་གཏོང་དགོས་པར་བརྗོད།དེ་ཡང་ཕྱི་རྒྱལ་གྱི་ཚོང་ཟོག་ཉོ་འགོག་གམ་ཉོ་མཚམས་བཞག་སྟེ་རྒྱ་གར་པའམ་སྭ་དེ་ཤི་ ༼ང་ཚོ་རང་གི་རྒྱལ་ཁབ་ཀྱི༽ཡི་ཚོང་ཟོག་ཁོ་ན་ཉོ་བ་དེ་ཡིན།དང་པོར་ཕྱི་རྒྱལ་གྱི་ཚོང་ཟོག་ཉོ་འགོག་གིས་སྭ་དེ་ཤི་ཡི་ཚོང་ཟོག་ཁོ་ན་བེད་སྤྱོད་བྱེད་དགོས་པ་ལ་གོ་རྟོགས་སད་མཁན་ནི་བྷོ་ལ་ནཐ་ ཅནྡྲ་དང་།ཀོ་པལ་ར་ཨོ་དེཤ་མུཁ།ཨེམ་ཇི་རན་ད་དེ།རཇ་ན་ར་ཡན་བྷོསེ་དང་ཏི་ལག་རྣམས་ཡིན།བངྒལ་ཆ་བགོས་ཀྱི་དུས་སུ་ཕྱི་ཚོང་མི་ཉོ་བ་དང་སྭ་དེ་ཤི་ཧ་ཅང་དར་ཁྱབ་ཏུ་སོང་སྟེ་མི་སྟོང་ཕྲག་མང་པོ་དེར་ཞུགས་ཡོད།ད་ལྟ་གན་ངྷི་ཇི་ཡིས་དེ་ལ་འགོ་འཁྲིད་གནང་ཞིང་ལས་འགུལ་དེ་དོན་འབྲས་ཆེན་པོ་བྱུང་།ཁོང་གིས་མི་དམངས་ལ་དབྱིན་ཇིའི་ཚོང་ཟོག་དང་།ལྷག་པར་དུ་གྱོན་ཆས་ཉོ་བའི་འབོད་སྐུལ་གནང་།ཁོང་གིས་ཁོང་ཚོ་ལ་ཅར་ཁ་སྟེ་སྐུད་འཁེལ་ལག་འཁོར་གྱིས་མ་མོག་སྐུད་པར་འཁེལ་རྒྱུ་དང་ལག་པའི་འཐག་ཆས་ཀྱིས་ཁ་དི་སྟེ་རས་ཆ་འཐག་དགོས་པའི་འབོད་སྐུལ་གནང་།ཁོང་གིས་ཁོང་རྣམས་ལ་རྒྱ་གར་གྱི་ཐོན་རྫས་ཁོ་ན་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་གནང་།ཐེངས་འདིའི་སྭ་དེ་ཤི་ལ་དོན་འབྲས་ཧ་ཅང་ཆེན་པོ་བྱུང་།མངར་ཆ་བཟོ་མཁན་རྣམས་ཀྱིས་ཕྱི་རྒྱལ་གྱིས་བྱེ་མ་ཀ་ར་བེད་སྤྱོད་མ་བྱས་པ་དང་།འཁྲུད་མཁན་རྣམས་ཀྱིས་ཕྱི་རྒྱལ་གྱིས་ལྭ་བ་མ་དཀྲུས་པ།བུད་མེད་རྣམས་ཀྱིས་ཕྱི་རྒྱལ་གྱི་ལག་གདུབ་དང་ཤེལ་གྱི་རྒྱན་ཆ་མ་བཏགས་པ།སློབ་ཕྲུག་རྣམས་ཀྱིས་ཕྱི་རྒྱལ་གྱི་ཤོག་གུ་བེད་སྤྱོད་མ་བྱས་པ་རེད།རྒྱ་གར་པ་རྣམས་ཀྱིས་མཁོ་དངོས་ཐམས་ཅད་བཟོ་འགོ་བརྩམས་པ་རེད།སྤྱིལ་བུའི་བཟོ་གྲྭ་རྣམས་ཙག་གྲ་དང་།ཡི་ཙི།ཤོག་གུརྫ་ཆས།ལུགས་བཅོས་ཀྱི་ཀོ་བ་བཟོ་ཐུབ་པའི་རབ་དུ་ཡར་རྒྱས་བྱུང་།ཕྱིས་སུ་བཟོ་གྲྭ་ཆེན་པོ་རྣམས་བྱུང་སྟེ་གྱོན་ཆས་དང་།རྣོ་ལྕགས་བཅས་ཀྱིས་མཚོན་པའི་ང་ཚོའི་དགོས་དངོས་ཐམས་ཅད་བཟོ་ཐུབ་པར་གྱུར།

ཕྱི་ལོ་ ༡༩༣༥ ལོར་དབྱིན་ཇི་པས་སྒྱུར་བཅོས་མང་ཙམ་ཞིག་གཏོང་རྒྱུའི་གསལ་བསྒྲགས་བྱས། འོས་འདེམས་ནི་མི་མང་ཙམ་ལ་འོས་འདེམས་ཀྱི་ཐོབ་ཐང་སྤྲད་ནས་བྱེད་ཆོག་པར་གྱུར། འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་མངའ་སྡེ་ཁག་གི་སྲིད་གཞུང་གྲུབ་རྒྱུ། ཡིན་ནའང་མངའ་སྡེ་སྤྱི་ཁྱབ་རྣམས་ལ་དབང་ཚད་ཆེན་པོ་སྤྲོད་རྒྱུ། སྤྱི་ཁྱབ་རྣམས་འདོད་པ་མེད་ཚེ་དེ་རྣམས་ཀྱིས་འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལ་ཡང་ཆོག་མཆན་མ་སྤྲད་ན་ཆོག་རྒྱུ།   དེ་མ་ཟད་ཁོ་ཚོ་རང་ཉིད་ཀྱིས་ཁྲིམས་བཟོ་ཆོག་རྒྱུ། རྒྱལ་ཡོངས་གྲོས་ཚོགས་དེ་ལ་འདོད་པ་མེད་ན་ཡང་དེ་ཚོད་ལྟ་བྱེད་པའི་ཐག་གཅོད་བྱས།   ཁོ་ཚོ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཅིང་ཕྱི་ལོ ༡༩༣༧ ལོར་གྲོས་ཚོགས་ཀྱི་བློན་ཆེན་གྱི་གཞུང་མངའ་སྡེ་མང་པོ་ལ་བཙུགས། མངའ་སྡེ་གཞན་པ་རྣམས་ལ་ཡང་འོས་ཐོན་བྱུང་བའི་འགོ་འཁྲིད་རྣམས་ཀྱིས་བློན་ཆེན་གྱི་གཞུང་བཙུགས། ཡིན་ནའང་ཕྱི་ལོ་ ༡༩༣༩ ལོར་དམག་ཆེན་བྱུང་སྐབས་གྲོས་ཚོགས་བློན་ཆེན་རྣམས་ཀྱིས་དགོངས་པ་ཞུས་པ་རེད། འདི་ལ་རྒྱུ་མཚན་གཉིས་ཡོད་པ་རེད། གཅིག་ནི་དབྱིན་ཇི་པས་ང་ཚོའི་འགོ་འཁྲིད་རྣམས་ལ་དགོངས་སྐོར་ཙམ་ཡང་མེད་པར་རྒྱ་གར་མི་དམངས་ཀྱིས་འཇར་མན་དང་དམག་རྒྱག་དགོས་པའི་ཁྱབ་བསྒྲགས་བྱས་པ་རེད། གཉིས་པ་ནི་དབྱིན་ཇི་པས་ཁོ་ཚོས་འཇར་མན་གྱིས་བཙན་བཟུང་བྱས་པི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་རང་དབང་སྤྲོད་པར་དམག་རྒྱག་གི་ཡོད་ཚུལ་བརྗོད་སྐབས། ང་ཚོའི་འགོ་འཁྲིད་རྣམས་ཀྱིས་དབྱིན་ཇི་པས་རྒྱ་གར་ལ་རང་དབང་སྤྲོད་འགོ་རྩོམ་མི་རུང་བ་ཅི་ཡིན་ཞེས་དྲིས་པ་རེད།

ཕྱི་ལོ་ ༡༩༤༢ ལོར་དམག་ཆེན་དེ་རྒྱ་གར་ལ་ཉེན་ཚབས་ཅན་དུ་གྱུར།སྐབས་དེར་ཉི་ཧོང་གིས་དབྱིན་ཇི་དང་དེའི་ཕྱོགས་གཏོགས་ལ་དམག་རྒྱག་པའི་འགོ་བརྩམས།དབྱིན་ཇི་པས་རྒྱ་གར་དུ་ཉི་ཧོང་ལ་འཐབ་པའི་དམག་མང་པོ་ཉར་ཡོད་སྟབས།ཉི་ཧོང་གིས་རྒྱ་གར་ལ་རྒོལ་རྒྱུའི་འཇིགས་སྣང་བསྐུལ།དེའི་སྟབས་ཀྱིས་གྲོས་ཚོགས་ཀྱིས་རྒྱ་གར་ནས་རྒྱུགས་ཤིག་ཅེས་པའི་ལས་འགུལ་བརྩམས།ཁོང་ཚོས་དབྱིན་ཇི་པ་རྒྱ་གར་ནས་མྱུར་དུ་ཐོན་དགོས་པའི་འབོད་སྐུལ་བྱས།དབྱིན་ཇི་པས་འདི་ལྟར་མི་བྱེད་པ་ནི་སྨོས་མེད་ཡིན།རྒྱ་གར་གྱི་འགོ་འཁྲིད་རྣམས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུགརྒྱ་གར་མི་དམངས་ཁོང་ཁྲོ་ཆེན་པོ་ལངས་ནས་ཐབས་ལམ་སྣ་ཚོགས་ཀྱིས་གཞུང་དང་འཐབ་འཛིན་བྱས།ལས་འགུལ་དེ་ཕྱི་ལོ་ ༡༨༥༧་ལོའི་གྱེན་ལོག་ནང་བཞིན་སྐད་གྲགས་ཅན་དུ་གྱུར།དབྱིན་ཇི་དབང་སྒྱུར་པ་རྣམས་ཀྱིས་དབང་སྒྱུར་འདོར་མ་འདོད་དེ་འཛེམ་ཟོན་མེད་པའི་སྒོ་ནས་ལས་འགུལ་དེ་དྲག་གནོན་བྱས།མི་སྟོང་ཕྲག་མང་པོ་ལ་རྡུང་རྡེག་བྱེད་པ་དང་།མེ་མདའ་རྒྱག་པ།བཙོན་ལ་འཇུག་པ་བཅས་བྱས།

དམག་ཆེན་འཇུག་བསྒྲིལ་རྗེས། དབྱིན་ལན་དུ་ངལ་རྩོལ་ཚོགས་པ་ལ་སྟོབས་ཤུགས་རྒྱས།ཁོང་ཚོས་རྒྱ་གར་དྲག་ཤུགས་ཀྱིས་དབང་སྒྱུར་མུ་མཐུད་བྱེད་ཐབས་མེད་པ་དེ་ཤེས།   ཁོང་ཚོ་ལས་མང་པོ་ཞིག་གིས་དྲག་ཤུགས་ཀྱིས་རྒྱ་གར་དབང་སྒྱུར་མི་རུང་བར་སྙམ།གན་ངྷི་ཇི་ཡིས་དབྱིན་ཇི་པ་ལ་ཁོ་ཚོ་ཇི་འདྲི་དྲང་བདེནམ་ཡིན་པ་དེ་ངོས་ཟིན་དུ་བཅུགདབྱིན་ཇི་གཞུང་གིས་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་ལ་རྒྱ་གར་གྱི་མ་འོངས་པའི་སྐོར་ལ་གྲོས་བསྡུར་བྱེད་དུ་བཏང་།

གན་ངྷི་ཇི་ཡི་རྗེས་འཇུག་པའི་ཁྲོད་དུ་ཁ་ཆེའི་འགོ་འཁྲིད་སྟོང་ཕྲག་མང་པོ་ཡོད། དཔེར་ན་མཽ་ལ་ན་ ཨ་ཇད་དང་། ཁཱན་ ཨབ་དུབ་ག་ཕར་ཁཱན། ཧ་ཀིམ་ ཨཇ་མལ་ཁཱན། ཌཀ་ཊར་ ཇ་ཀིར་ཧུ་སེན་རྣམས་ཡིན་ཞིང་། ཌཀ་ཊར་ ཇ་ཀིར་ཧུ་སིན་ནི་ཕྱིས་སུ་རྒྱ་གར་སྲིད་འཛིན་གྱུར། སྔ་མོའི་དུས་སུ་དབྱིན་ཇི་པས་རྒྱ་གར་པ་དང་ཁ་ཆེ་པ་གཉིས་ཁག་ཁག་བཟོས་ཏེ་དེ་གཉིས་རྩོད་རྙོག་ཡོང་བའི་འབད་བརྩོན་བྱས། ཕྱི་ལོ་ ༡༩༠༥ ལོར་རྒྱལ་ཚབ་ ཀར་ཛན་གྱིས་བངྒལ་ཆ་བགོས་བྱས་ཏེ་མི་འབོར་མང་ཆེ་བ་ཤར་ཕྱོགས་ཀྱི་ཆ་ལ་ཡོད་པའི་ཁ་ཆེ་བ་རྣམས་མི་འབོར་མང་ཆེ་བ་ནུབ་ཕྱོགས་ཀྱི་ཆ་ལ་ཡོད་པའི་རྒྱ་གར་པ་ལས་ལོགས་སུ་བཀར། ཡིན་ནའང་འདི་ལྟར་བྱས་རྗེས་རྒྱ་གར་བ་དང་ཁ་ཆེ་བ་ཕྱོགས་གཉིས་ཀ་མཐུན་སྒྲིལ་བྱུང་སྟེ་བངྒལ་ཆ་བགོས་ལ་ཁོང་ཁྲོས་ངོ་རྒོལ་བྱས་པ་ཧ་ཅང་ཤུགས་ཆེ་སྟབས། ཕྱི་ལོ་ ༡༩༡༡་ལོར་དབྱིན་ཇི་པར་བངྒལ་ཆ་བགོས་ཕྱིར་འཐེན་བྱེད་དགོས་བྱུང་། མཽ་ལ་ན་ ཨ་ཇག་ནི་ཁ་ཆེ་གཙང་མ་ཞིག་ཡིན་ཞིང་། གཅིག་བྱས་ན་ཁྱོད་ཚོས་ཁོང་གིས་ཁ་ཆེའི་ཆོས་གཞུང་ཀོ་རན་གྱི་སྐོར་ལ་བྲིས་པའི་ལྗགས་རྩོམ་ཕུལ་དུ་བྱུང་བ་དེ་དག་ཉིན་ཞིག་ལ་བཀླགས་ཡོད་ལས་ཆེ། ཁོང་གིས་ཆོས་ལུགས་ངོ་མ་ཞིག་གིས་མི་དམངས་གཅིག་ཏུ་བསྒྲིལ་བ་མ་གཏོགས་དབྱེ་བར་མི་བྱེད་པ་ལ་ཡིད་ཆེས་གནང་ཡོད། ཕྱི་ལོ་ ༡༩༤༠ ལོར་གྲོས་ཚོགས་ཀྱི་རམ་གར་ཚོགས་ཐེངས་ཀྱི་སྟེང་དུ་ཁོང་གིས་སྲིད་འཛིན་གྱི་ངོས་ནས་གསུང་བཤད་གནང་སྐབས་འདི་ལྟར་གསུངས་ཡོད། “ང་ཚོའི་སྐད་རིགས་དང་། ང་ཚོའི་སྙན་དག ང་ཚོའི་རྩོམ་རིག ང་ཚོའི་རིག་གཞུང་། ང་ཚོའི་གྱོན་ཆས། ང་ཚོའི་སྤྱོད་ལམ་དང་གོམས་གཤིས་བཅས་ཚང་མས་ང་ཚོའི་མཉམ་སྒྲིལ་གྱི་འབད་བརྩོན་གྱི་རྟགས་མཚན་གསལ་པོར་བསྟན་ཡོད། ལོ་ངོ་སྟོང་ཕྲག་རིང་ལ་ང་ཚོ་མཉམ་འཚོ་བྱས་པ་དེས་ང་ཚོ་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་གི་ནང་དུ་འདུ་བར་ཤུགས་རྐྱེན་ཐེབས་ཡོད” ཡིན་ནའང་མོ་ཧ་མད ཨ་ལི་ཇིན་ན་ཡིས་འགོ་འཁྲིད་བྱེད་པའི་ཁ་ཆེའི་ཚོགས་ཁག་དེ་ཡིས་མུ་མཐུད་ནས་ཁ་ཆེ་དང་རྒྱ་གར་པ་གཉིས་མི་རིགས་ཐ་དད་ཡིན་པར་བརྗོད་ཅིང་།   དེ་གཉིས་སོ་སོ་ལ་ངེས་པར་དུ་རང་རང་གི་རྒྱལ་ཁབ་དགོས་པ་དང་།   རྒྱ་གར་དེ་རྒྱལ་ཁབ་གཉིས་སུ་བགོ་དགོས་པར་འདོད། ང་ཚོའི་འགོ་འཁྲིད་རྣམས་དེ་ལ་ཧ་ཅང་མ་དགྱེས་མོད། ཁ་ཆེའི་ཚོགས་ཁག་དེའི་དྲག་རྩུབ་ཀྱི་རྣམ་འགྱུར་མཐོང་སྟེ་མོས་མཐུན་བྱས། མཐར་ལ་ཀི་སྠན་རྒྱ་གར་ལས་ལོགས་སུ་མཆེད།

༡༩༢༩ ལོའི་ཕྱི་ཟླ་བཅུ་གཉིས་པར། ཇབ་ཧར་ ལལ་ནེཇ་རུ་ཡིས་གྲོས་ཚོགས་ཀྱི་ལ་ཧོར་ཚོགས་ཐེངས་ཀྱི་ཚོགས་གཙོ་ཡིན་པའི་ཆ་ནས་པུར་ན་སྭ་རཇ་སྟེ།རང་བཙན་གཙང་མ་ནི་རྒྱ་གར་གྱི་དམིགས་ཡུལ་མིན་པའི་གྲོས་ཆོད་ལ་འོས་ཤོག་འཕངས།ནེཧ་རུ་ལྟར་ན།རང་བཙན་ནི་ཕྱི་རྒྱལ་གྱི་དབང་སྒྱུར་ལས་རང་དབང་ཐོབ་པ་ཁོ་ན་མ་ཡིན།ཁྱེད་ཚོས་ངེས་པར་ཁོང་གི་དགོངས་པ་རྟོགས་དགོས་ཏེ།དེ་རྟོགས་ན་ཁྱེད་ཚོས་རྒྱ་གར་གསར་བ་བསྐྲུན་པ་ལ་ཕན་འདོགས་ཐུབ་པ་དེ་ནི་ཁོང་གི་སྐུ་ཚེ་གང་པོའི་རྣལ་ལམ་ཡིན།རང་བཙན་ནི་གཞན་གྱི་མིག་ལ་བརྟེན་ནས་བྱ་དངོས་རྣམས་མཐོང་བ་མ་ཡིན་རང་གི་མིག་ཟུང་གིས་མཐོང་དགོས་པ་དེ་ཡིན།དཔེར་ན།འདས་པའི་དུས་སུ་ཨེ་ཤི་ཡའི་མི་རྣམས་ཀྱིས་བཀླགས་པའི་ལོ་རྒྱུས་དེབ་ཐེར་རྣམས་ནི་ཡུ་རོབ་པ་རྣམས་ཀྱིས་བྲིས་པ་ཁོ་ན་ཡིན་ཞིང་།འཛམ་གླིང་གིན་ན་ལོ་རྒྱུས་ནི་ཡུ་རོབ་ཀྱི་ལོ་རྒྱུས་སུ་གྱུར་ཡོད།ལོ་རྒྱུས་དེབ་ཐེར་དེ་དག་ཏུ་འཇིག་རྟེན་གྱི་ཡུལ་གྲུ་གཞན་པར་འགྲོ་བ་མི་ལ་གལ་ཆེ་བའི་དོན་དག་ཅི་ཡང་མ་བྱུང་བ་ལྟར་མངོན་ཡོད།

ཇབ་ཧར་ ལལ་གྱི་ལྗགས་རྩོམ་འཇིག་རྟེན་གྱི་ལོ་རྒྱུས་ལ་འཁྱུག་ཙམ་ལྟ་བ་ཞེས་པའི་ནང་དུ་ལྟ་སྟངས་དེ་ཇི་འདྲའི་ནོར་འཁྲུལ་ནིན་ཚུལ་བསྟན་ཡོད། ལྗགས་རྩོམ་དེ་ནི་ཁོང་གི་སྲས་མོ་སྟེ། དེང་སེང་གི་ང་ཚོའི་སྲིད་བློན་ཡིན་པ་དེའི་ཆེད་དུ་བྲིས་པ་ཡིན་ལ། དེ་ནི་ན་ཆུང་ཡོངས་ཀྱི་ཆེད་དུ་བྲིས་པ་ཡང་ཡིན་སྟབས། ཁྱེད་ཚོས་ཁོང་གི་ལྗགས་རྩོམ་དེ་ལས་རྒྱ་ནག་པ་དང་། ཉི་ཧོང་པ། ཁ་ཆེ་པ་དང་རྒྱ་གར་པ་རྣམས་རིག་དར་གྱི་ཡང་རྩེར་སོན་པ་ཤེས་ཐུབ། ཡིན་ནའང་ཇབ་ཧར་ ལལ་གྱི་“རང་བཙན་ནི་ཁྱེད་ཚོ་མི་གཞན་པ་རྣམས་ཀྱིས་ཁོ་ཚོ་རང་ཉིད་ལ་འཛིན་པའི་ལྟ་བའི་རྗེས་སུ་གཡམ་རྒྱུགས་མི་བྱེད་པ་གཅིག་པུ་མ་ཡིན་པར། རང་ཉིད་ལ་མི་འཚམས་པའི་རང་ཉིད་ལ་ཆེ་བསྟོད་ཀྱི་ལྟ་བ་ཡང་ཡོད་མི་འོས་པ་དེ་ཡིན།” ཁོང་གིས་ཡང་དང་ཡང་དུ་གསུངས་དོན། “རྒྱ་གར་གྱིས་འདས་པའི་དུས་སུ་གསར་བཏོང་ཕུལ་བྱུང་ཅན་བྱས་ཡོད་ན་ཡང་། རྒྱ་གར་མི་དམངས་ཕྱོགས་གང་མང་ནས་ཉམས་རྒུལ་དུ་སོང་ཡོད་པ་དང་། རྨོངས་དད་ཀྱི་རིགས་མང་པོ་ཡོད་པ་དང་ལས་ལ་བརྩོན་པའི་གཤིས་ཀ་ཡལ་བར་གྱུར་ཡོད།” ཇབ་ཧར་ལལ་གྱིས་རྒྱ་གརཚན་རིག་གི་ཕྱོགས་ལ་མང་ནས་མང་ཙམ་འཁོར་དགོས་ཏེ། དེ་ཡང་ཚན་རིག་གི་གསར་བཏོད་རྣམས་ཀྱིས་མི་ཚེ་སྟབས་བདེ་བཟོ་ཐུབ་པའི་རྒྱུ་མཚན་དེ་ཁོ་ནའི་ཆ་ནས་མ་ཡིན་པར། ཚན་རིག་གིས་མི་རྣམས་ཀྱི་རྨོངས་དད་ཉུང་དུ་གཏོང་ཐུབ་པའི་ཆ་ནས་ཡིན་པར་དགོངས། ཇབ་ཧར་ལལ་གྱིས་རྒྱ་གར་གྱིས་འཛམ་གླིང་ཡོངས་སུ་བྲ་གཡོག་གི་གནས་སུ་གྱུར་ཡོད་པའི་མི་རྣམས་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས། དབུལ་ཕོངས་ཀྱིས་ཕྱོགས་གང་མང་ནས་བྲན་གཡོག་བཟོ་གི་ཡོད་སྟབས། ང་ཚོས་ང་ཚོའི་རྒྱལ་ཁབ་ཀྱི་མི་དབུལ་པོ་རྣམས་ལ་རང་དབང་ངོ་མ་ཐོབ་པར་འགྱུར་བ་དེ་བློ་ལ་ངེས་དགོས་པར་དགོངས། ཕྱི་ལོ་༡༩༤༧ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་མཚན་གུང་ལ་ཁྲིམས་བཟོ་ལྷན་ཁང་གི་མཛད་སྒོའི་སྟེང་ལ་ཇབ་ཧར་ལལ་ནེཧ་རུ་དང་། ང་ཚོའི་འགོ་འཁྲིད་ཚང་མས་ཁོང་ཚོའི་ཡོད་ཚད་རེ་བ་དེ་དག་དོན་སྨིན་འབྱུང་རྒྱུ་དང་རྒྱ་གར་རང་བཙན་གྱི་ཆེད་དུ་ཕུལ་གནང་མཛད། བརྗེད་དཀའ་བའི་ནེཧ་རུ་ཡི་གསུང་བཤད་གཅིག་གི་ནང་དུ “དུས་སྐབས་ཤིག་སླེབས་ཡོང་གི་ཡོད་ཅིང་། དེ་ནི་ལོ་རྒྱུས་ཀྱི་ནང་དུ་འབྱུང་དཀོན་ཞིང་། དེ་ནི་ང་ཚོས་རྙིང་པའི་ནང་ནས་གསར་པའི་ནང་ལ་གོམ་ཁ་སྒྱུར་བའི་སྐབས་ཡིན་པ་དང་། དེ་ནི་དུས་སྐབས་ཤིག་གི་མཇུག་ལ་སླེབས་ཏེ་དུས་ཡུན་རིང་པོར་མར་མནན་བསྡ་པའི་མི་རིགས་ཤིག་གི་བླ་སྲོག་གིས་གསུང་སྐད་འབྱོན་པའི་སྐབས་ཡིན། གཉན་འཕྲང་ཅན་གྱི་སྐབས་འདིར་ང་ཚོས་རྒྱ་གར་དང་དེའི་མི་དམངས་དེ་ལས་རྒྱ་ཆེ་འགྲོ་བ་མི་ཡི་བདེ་རྩའི་དོན་དུ་ང་ཚོའི་ལུས་སྲོག་ལོངས་སྤྲོད་འབུལ་བར་དམ་བཅའ་ལེན་པ་ནི་འོས་ཤིང་འཚམས་པ་ཞིག་ཡིན” ཞེས་གསུངས་ཡོད།

ད་ནི་མི་རིགས་མང་ཞིང་། སྲོལ་རྒྱུན་མང་བ། ཆོས་དང་འདྲ་མིན་མང་བའི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདི་ལ་རྩ་ཁྲིམས་ཤིག་ཀྱང་བཟོ་དགོས་པར་གྱུར། ཁྲིམས་བཟོ་ལྷན་ཚོགས་ཀྱིས་འདིའི་སྟེང་ལ་སྐུ་ངལ་ཆེན་པོ་བསྐྱོན་པར་མཛད། ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་ཀྱི་ཚོགས་གཙོ་ནི་ ཌཀ་ཊར་ ར་ཇནྡྲ་པྲསན་ཡིན་ལ་རྗེས་སུ་ཁོང་རྒྱ་གར་གྱི་སྲིད་འཛིན་དང་པོར་གྱུར། ཁོང་གིས་གན་ངྷི་ཇི་དང་ལྷན་དུ་ཅམ་པ་རན་གྱི་སོ་ནམ་པའི་རྩ་དོན་ཆེད་དུ་འཐབ་རྩོད་བྱེད་པར་ཕྱག་ལས་གནང་མྱོང་བ་དང་། ཁོང་སྲིད་འཛིན་ཡིན་པའི་ཆ་ནས་ཁྲིམས་བཟོ་ལྷན་ཚོགས་ལ་གནང་བའི་གསུང་བཤད་དང་པོའི་ནང་དུ་ལས་དོན་ཀུན་གྱི་ཐོག་མར་ “རྒྱ་གར་རང་བཙན་གྱི་རྩ་ཁྲིམས་བཟོས་ཏེ་རྒྱལ་ཁབ་ཆེན་པོ་འདིའི་ནང་དུ་གནས་པའི་ཚོགས་པ་འདྲ་མིན་དང་། སྤྱི་ཚོགས་འདྲ་མིན། ཆོས་ལུགས་འདྲ་མིན་བཅས་ཀྱི་མི་ཡོངས་ཀྱི་འདོད་བློ་ཚིམ་པར་བྱེད་རྒྱུ་དང་། མི་རེ་རེའི་སྤྱོད་ལམ་དང་། སྨྲ་བརྗོད། དད་པ། སྨོན་ལམ་བཅས་ལ་རང་དབང་ཡོད་ངེས་ཡིན་དགོས་པ་དང་། རྩ་ཁྲིམས་དེས་མི་རེ་རེར་རང་གི་ཆེས་མཐོ་བའི་གནས་སུ་འཕར་བའི་གོ་སྐབས་ཡོད་པར་འགན་ལེན་བྱེད་དགོས་པ། རྩ་ཁྲིམས་དེས་མི་རེ་རེ་སྒོ་ཀུན་ནས་རང་དབང་ཡིན་པའི་འགན་ལེན་བྱེད་པར་འགྱུར་” ཞེས་གསུང་ཡོད། ཕྱི་ལོ་ ༡༩༢༩ ལོའི་ཟླ་བཅུ་གཉིས་པའི་ལ་ཧོར་གྲོས་ཚོགས་ཀྱི་རྗེས་སུ། རྒྱ་གར་རྒྱལ་ཡོངས་མི་དམངས་ཀྱིས་མི་ལོ་ ༡༩༣༠ ལོའི་ཕྱི་ཟླ་ ༡་ཚེས་༢༥ ནི་རང་བཙན་གྱིས་ཉིན་མོར་བརྩིས་ཏེ་པུར་ན་ སྭ་རཇ་ཡི་དམ་བཅའ་བླངས་ནས་མཛད་སྒོ་སྤེལ། དེ་ནས་ལོ་ངོ་ཉི་ཤུ་ཕྱིན་པའི་རྗེས་ཏེ། ཕྱི་ལོ ༡༩༥༠ ལོའི་ཟླ་ ༡་ཚེས་ ༢༥ལ་རྒྱ་གར་ནི་བདག་དབང་ཅན་གྱི་དམངས་གཙོ་སྤྱི་འཐུན་རྒྱལ་ཁབ་ཅིག་ཏུ་གྱུར།     རྫོགས་སོ།

ངེད་དྲ་ཚིགས་ཀྱིས་ཡི་གེར་བཀོད།

One thought on “རྒྱ་གར་རང་བཙན་ཇི་ལྟར་ཐོབ།

  1. ནམ་མཁའ ཕྱི་ལོ། ༢༠༡༥ ཟླ། ༡༠ ཚེས། ༢༡ at ༥:༠༣ am

    ཆ་ཚང་བཀླགས་པ་ཡིན། ཡག་པོ་བསྒྱུར་འདུག་མོད།འོན་ཀྱང་ཡིག་ནོར་མང་སྟབས་གཟབ་ཀློག་མ་བྱས་ཚེ་གོ་ནོར་ཐེབས་ས་རེད།

དཔྱད་མཆན་སྤེལ།

%d