གངས་དཔལ།

སྦྲ་ནག་ལྟེབས་པའི་དྲག་ཆར་དེ་ནི་བྱང་ཕྱོགས་ས་ནས་ཡོང་རབས་ཡོད།།
ལུག་ཁྱུ་གཏོར་བའི་སྤྱང་ཀི་དེ་ཡང་དེ་ཡི་དུས་སུ་དར་རབས་ཡོད།།
མེས་པོའི་རལ་བ་གྲི་ཡིས་གཏུབ་པའི་གནད་དོན་དེ་ཡང་འབྲེལ་བ་ཡོད།།
དུས་ལོག་སྐབས་ཀྱི་ནག་ཉེས་འདི་ལ་ན་བའི་སྡུག་བསྔལ་ང་ལ་ཡོད།།

ཆང་ཕོར་གང་གི་ཁ་ནས་འཕྱུར་བའི་དུག་རླངས་སྨུག་པ་བན་བུན་ཞིག།།
དེ་རིང་གློ་བུར་ཁད་ཀྱིས་འཁྲིགས་ཏེ་གངས་ཀྱི་སྒང་གཞོང་ཡོངས་སུ་སྒྲིབ།།
དཔུང་བའི་ཤ་རྒོད་ངར་གྱིས་གཏིས་པའི་གདོང་སྨུག་སྐོར་ཞིག་དེ་ནས་ཤི།།
བདག་ནི་ཨ་མའི་ལག་པར་འཇུས་ཤིང་རྣ་བ་བླགས་ཏེ་འབོད་དགོས་བྱུང་།།

རྫ་རིའི་ཁུལ་དང་ནགས་ཀྱི་གསེང་ན་ཡུག་མོ་སྐོར་ཞིག་ཚོམས་དེ་ངུ།།
ལམ་གྱི་གཡས་དང་བེམ་རོའི་ནང་དུ་བྱིས་པ་སྐོར་ཞིག་ངུ་སྔངས་བྱེད།།
བལ་དཀར་ཁ་ཆུས་ཡོབ་ཆེན་དཀྲུས་པའི་རྟ་ཕོ་འདྲོགས་ཏེ་རྣ་བ་སྒྲེང་།།
སྒོ་ཁྱི་ཟུག་པའི་གཅོང་སྐད་རེ་རེ་བྱང་བགྲོད་རླུང་གིས་རྒྱང་དུ་ཁྱེར།།

སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་བའི་ལོ་རྒྱུས་ཤིག་ཀྱང་འདི་ནས་རལ།།
ཕ་མཐའ་ཡས་པའི་རིག་གཞུང་རེ་རེ་འདི་ནས་ཆུ་བོའི་གཞུང་ལ་བཏབ།།
དལ་འབྱོར་མི་ཚེ་དོན་ལ་བསྐུར་བའི་ཡབ་མེས་དག་ཀྱང་འདི་ནས་བསད།།
འདས་པའི་ལོ་ཟླ་བསམ་བཞིན་བསམ་བཞིན་ཇ་གང་འཐུང་འདོད་བདག་ལ་མེད།།

སྔོན་གྱི་ཚེ་ན་ཨ་མའི་གཏམ་ན་འུ་གེ་ཚང་ལ་འཛོམས་གསུམ་ཡོད།།
བྱམས་དང་བརྩེ་བའི་བདག་ཉིད་ཆེན་པོ་རྨ་ཆེན་གངས་ཀྱི་ཡབ་ཆེན་ཡོད།།
རིན་ཆེན་གཏེར་གྱི་སྒོ་བསྲུང་ཀླུ་མོ་མ་ཕམ་གཡུ་མཚོའི་བདག་མོ་ཡོད།།
འཛམ་གླིང་གཡུ་ཡི་བུམ་པའི་ཁ་རྒྱན་འུ་གེ་ཚང་འདི་ཡིན་རབས་ཡོད།།

འཁྱར་འཁྱོར་གོམ་པ་ལམ་དུ་བཞག་ཚེ་མི་ཐེག་སྡུག་གི་འགན་འཁྲི་འཕྱུར།།
སྦྲ་ནག་ཕྱི་ཡི་སྨུག་པ་མཐོང་ཚེ་སྲོང་བཙན་དམག་རྟའི་རྨུག་སྒྲ་དྲན།།
དགུང་སྔོན་གནམ་ལ་བལྟ་ཐེངས་རེ་ལ་བྱ་རྒྱལ་རྒོད་པའི་ལས་དབང་དྲན།།
བདག་སེམས་གུར་གྱི་ན་ཟུག་རེ་རེའི་གསེར་གྱི་རི་ཞིག་དྲུད་ནས་འགྲོ།།

སྒོ་ཆོན་སྣེ་རུ་ཀེར་གྱིས་བསྒྲེངས་བའི་བ་དན་མདུང་གི་ཡུ་རྩ་རུ།།
མྱི་རྒོད་ཞིག་གི་ཕྱག་ཐེལ་དང་བཅས་ཟུངས་ཁྲག་དྲོན་མོའི་བརྩེ་བ་འཁྱིལ།།
ལུང་གཞུང་དམར་པོའི་ལོ་རྒྱུས་གསེབ་ཏུ་འདྲེས་ཤིང་འཛིངས་པའི་ཞི་བདེ་བ།།
འཁྲེང་ཞེན་དར་ཞིག་མཁའ་རུ་འཐེན་ཅིང་ལྷ་གཡག་བཅིབས་ནས་རྒྱང་ལ་ཆས།།

སྤྲུལ་སྐུའི་རིག་མའི་ཤིང་གི་ཁང་བ་ན་ནིང་བཞེངས་པས་སོ་མ་རེད།།
དུས་ཀྱི་ཨ་མའི་ཕྱེ་དང་རྩམ་པ་དཀའ་ལས་མེད་པར་སྦྱིན་གྱིན་འདུག།།
སྤུན་དང་ཕུ་ནུའི་ཨ་ཞང་ཚང་ན་བདེ་སྐྱིད་འཚོ་བ་རོལ་བཞིན་ཡོད།།
རང་འགྲུབ་ཟས་ཀྱི་གསོལ་སྟོན་འདི་ལ་བདག་ནི་ཞུགས་འདོད་གཏན་ནས་མེད།།

མ་བཏོག་མ་བཏོག་མེ་ཏོག་མ་བཏོག་དེ་ནི་ང་ཡི་ཨ་ཅེ་ཡིན།།
དབྱར་གཞུང་འདི་ན་ཨ་ཅེ་མ་གཏོགས་ང་ལ་མཛེས་པའི་ལང་ཚོ་མེད།།
མ་བཞུ་མ་བཞུ་ཁ་བ་མ་བཞུ་དེ་ནི་ང་ཡི་ཕུ་ནུ་ཡིན།།
མཚོ་མོ་འདི་ལ་ཁ་བ་མ་གཏོགས་སེམས་དང་བསམས་པ་འཐིམས་མཁན་མེད།།

གཏམ་རྒྱུད་ནང་ན་ལངས་མ་ཉལ་གྱི་མཐིང་སྨུག་གཡུ་སྦྲ་རལ་པོ་ཞིག།།
བུ་ཡུག་འཚུབས་པའི་སྨུག་ལོང་གསེབ་དུ་སེམས་གསོའི་ཚུལ་གྱིས་འདར་ཞིང་གཡོ།།
ཐོག་མཐའ་བྲལ་བའི་འཁོར་བའི་ཐང་ན་ལུས་སེམས་རྒུད་པའི་མནར་གཅོད་ཅིག།།
ས་དང་རྡུལ་གྱིས་ཁ་མིག་བཀང་ཅིང་གངས་འཁྱག་རྐང་ལ་ཟུག་ནས་འདུག།།

རྐན་གྱི་ཕུགས་དང་གྲེ་བའི་ནང་དུ་ཐོར་བ་སྐྱེས་པའི་གག་ནད་འདིས།།
བདག་སེམས་ཏི་སེར་གཏན་ཚིག་སྨྲ་བའི་གཡུ་རལ་ཅན་དེར་དངངས་འདར་སྦྱིན།།
མ་འདུག་ཏེ་བོར་ཡར་ལ་ལོངས་དང་རྣ་ཅོག་ཅན་གྱི་ལོ་ཆུང་བ།།
ལུང་བ་བྱང་ལྟའི་ཕུ་འགོ་དེ་ནས་མིང་ཅན་ནག་པོ་བཏུ་རན་འདུག།།

ཙན་དན་ཕྲེང་བས་སོར་རུས་ཟད་ཅིང་སྨྲ་ར་འཛིང་བའི་ཟོག་རྫི་ཞིག།།
ཁངས་རྫོབ་ནང་དུ་རྐང་གཉིས་ཟུག་ཀྱང་བགྲོད་པའི་མདུན་པ་འཐེང་པོའི་འགྲོས།།
ལན་རེར་གོག་ལ་མཚམས་རེར་ནུར་གྱིས་ཨ་ཆེན་ཐང་གི་ཕར་རྒྱབ་ན།།
རལ་ཅིང་ཐེད་པའི་ཀོ་ལྷམ་བརྡར་དེ་ལྟོགས་སྐོམ་བསྲན་ནས་ཡོང་བཞིན་འདུག།།

བྱམས་ཆེན་མེས་པོའི་བརྩེ་བ་འཁྱིལ་བའི་མཐོ་སྒང་རི་ཡི་ལུང་གཟར་ན།།
ཕ་ནི་མི་ཤེས་མ་ནི་མ་རྙེད་བདག་མེད་དྭ་ཕྲུག་སྟོང་ཕྲག་གིས།།
རྒས་ཞིང་འཁོགས་ལ་གཉེར་ཞིང་གྱོང་བའི་ཀོ་བའི་སྣོད་ཅིག་བརྩད་བརྩད་མཐར།།
མཛུབ་མོའི་རྩེ་ཡི་སེར་ག་མཐོང་ནས་གུམ་ཙོག་བྱས་ཏེ་ཡང་ཡང་ངུ།།

ད་ནི་བདག་ལ་ཅུང་ཙམ་ཉོན་ཡང་སྙིང་དང་གཏད་པའི་གངས་ཅན་པ།།
ལ་མོའི་རྒྱབ་ཀྱི་གཡུ་ཡི་ཐང་དུ་སྔོན་ཆད་མེས་པོ་སོང་རབས་ཡོད།།
དོན་ཆེན་ནང་གི་གལ་ཆེན་བསྒྲུབ་ན་དམིགས་གཞིའི་སྤར་ཁ་མི་ལྷོད་པར།།
ཁིས་ཆེན་ཉག་ག་མདའ་སྟོང་འདྲ་ནས་དཔུང་བ་གཤིབ་ཏེ་མཉམ་དུ་འགྲོ།།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading