བསྟན་འཛིན་ཆོས་རྒྱལ།
༄༅། །ངས་འདིར་བོད་རྒྱ་གཉིས་ཀྱི་གནད་དོན་ལ་གླེང་མོལ་གྱི་དཔྱད་བརྗོད་དམ་བགྲོ་གླེང་ཞིག་བྱེད་འདོད་བྱུང༌། ཡིན་ཡང་ངས་འབྲི་འདོད་པའི་དཔྱད་བརྗོད་འདི་མཐོང་མ་ཐག་མི་གང་འཚམ་ཞིག་ངའི་ཕྱོགས་ལ་ཁོང་ཁྲོ་ཟ་མོད། འདི་ནི་ངས་སྔོན་ནས་མཐོང་ཟིན་པའི་ང་ཚོའི་སྤྱི་ཚོགས་འདིའི་རང་ཆོས་ཀྱི་གྲུབ་ཆ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ངའི་གཏམ་གླེང་འདིའི་ནང་དུ་མི་དམངས་གང་འཚམ་ཞིག་གི་བསམ་ཚུལ་དང་མི་སྣ་གྲགས་ཅན་རེའི་བསམ་ཚུལ་ཡང་བཀོད་འདོད་ཡོད། ལྷག་པར་དུ་ངའི་དཔྱད་བརྗོད་ཀྱི་བགྲོ་གླེང་འདི་ཕྱག་ཏུ་སོན་ན་ཁྱེད་ཀྱིས་འདིའི་མགོ་ནས་མཇུག་བར་དུ་ཐེངས་གཅིག་ཀློག་རྒྱུ་ངའི་རེ་བ་ཡིན།
གྲོགས་པོ་ལགས། ངས་འདིར་ཁྱེད་ལ་བོད་རྒྱ་གཉིས་ཀྱི་གནད་དོན་གྱི་སྐོར་ལ་གླེང་མོལ་ཞིག་བྱེད་འདོད་བྱུང༌། ཡིན་ཡང་འཇིག་རྟེན་གྱི་གྲགས་ཚུལ་ལ། མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར། ངེད་གཉིས་ལ་བསམ་ཚུལ་མ་མཐུན་པ་ཡོད་པའི་དབང་གིས་ངེད་གཉིས་ཀྱི་ངོ་གདོང་དམར་པོ་དང༌། ཕན་ཚུན་ལ་ཚིག་རྩུབ་མི་སྨྲ་བའི་ངེས་པ་མེད་སྙམ་ནས་ང་ལ་འཇིགས་སྣང་ཞིག་ཡོང་གི་འདུག་མོད། གནད་དོན་གལ་ཆེན་གླེང་ན་བསམ་ཚུལ་མ་མཐུན་པ་ཡོང་བ་ནི་འཇིག་རྟེན་འདིའི་གྲུབ་ཆ་ཞིག་ཡིན་པས་ང་ལ་སྤོབས་པ་ཞིག་ཀྱང་འཛུལ་འོང་གི་འདུག
༡༽ དྲི་བ། དེང་སྐབས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་བོད་རང་བཙན་ལ་ཤུགས་སྣོན་མི་བྱེད་པར་ཆེས་མཐོའི་བོད་རིགས་རང་སྐྱོང་ལ་ཤུགས་སྣོན་བྱེད་བཞིན་པ་འདི་ནི་རྒྱུ་མཚན་ཅི་ཞིག་ཡིན་པ་ང་ལ་ལན་ཞིག་གནང་རོགས་ཞུ།
ལན། ཁྱེད་ཀྱིས་དྲིས་པ་ལྟར། དེང་སྐབས་བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས་རང་བཙན་གཙང་མ་ལ་ཤུགས་སྣོན་མི་བྱེད་པར་ཆེས་མཐོའི་བོད་རིགས་རང་སྐྱོང་ལ་ཤུགས་སྣོན་བྱེད་བཞིན་པ་འདི་ལ་རྒྱུ་མཚན་དུ་མ་ཞིག་ཡོད། དང་པོ་ཆེས་མཐོའི་བོད་རིགས་རང་སྐྱོང་ཟེར་བ་འདིས་ང་ཚོ་བོད་ལ་ཕན་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོ་དང་མཚོ་ཐོག་པ་གཉིས་ལའང་ཕན་པ་ཡོད། གཉིས་པ། ཆེས་མཐོའི་བོད་རིགས་རང་སྐྱོང་ཞེས་པ་འདིས་དབོན་ཞང་གཉིས་ཞེས་སྔོན་མའི་བོད་རྒྱ་གཉིས་ཀྱི་མཐུན་འབྲེལ་གྱི་དངོས་ཡོད་ལོ་རྒྱུས་དེ་དང༌། ལྷག་པར་དུ་ཆིང་རྒྱལ་རབས་ནས་གཞུང་ས་དགའ་ལྡན་ཕོ་བྲང་ལ་རོགས་སྐྱོར་བྱས་པ་སོགས་ལ་ཧ་ཅང་གིས་ཚད་མཐོའི་གདེངས་འཇོག་བྱས་ཡོད། དེར་མ་ཟད་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་དབུ་མའི་ཐབས་ལམ་ཆེན་པོ་འདི་གསུངས་པ་ནས་ད་བར་དུ་ང་ཚོ་བོད་མི་ཡོངས་ཀྱིས་ལངས་ཕྱོགས་འདི་ལ་གཅིག་མཐུན་གྱིས་བརྩི་བསྲུང་དང༌། གདེངས་འཇོག་བྱས་པ་ནི་བོད་མི་མང་གི་གཟི་བརྗིད་དང་རྒྱ་ནག་གི་ཁེ་ཕན་ཞིག་ཀྱང་རེད་བསམ་གྱིན་འདུག ལྷག་པར་དུ་རྒྱ་ནག་གི་གོ་སྐབས་འདི་མ་ཤོར་བ་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། ད་དུང་འདི་ལྟར་ཡུན་རིང་པོར་ལྷག་བསྡད་ན་གནད་དོན་གང་འདྲ་ཞིག་གི་ངོ་བོར་འགྲོ་བ་ནི་རྒྱ་ནག་རང་གི་བྱེད་སྟངས་དང་དེང་དུས་ཀྱི་གཞོན་སྐྱེས་རྣམས་ལ་རག་ལས་པས་བརྗོད་ཤིན་ཏུ་དཀའ་ལས་ཁག་པོ་རེད།
༢༽ དྲི་བ། ཁྱེད་རང་གི་ལན་འདིས་ང་ལ་དོགས་གཞི་ཆེ་རུ་བཏང་བ་མ་ཟད་ངས་ཁས་ལེན་བྱེད་མི་ཐུབ་པའི་རྒྱུ་མཚན་ཡང་བཤད་བཞིན་འདུག དང་པོ་ཁྱེད་ཀྱིས་བཤད་པ་ལ་ཆེས་མཐོའི་བོད་ཀྱི་རང་སྐྱོང་ཞེས་པ་འདིས་རྒྱ་ནག་སྐམ་ས་ལ་ཕན་པ་མ་ཟད། མཚོ་ཐོག་པ་ཡང་ཕན་ཟེར་བ་དེ་ཅི་ཡིན་འདིས་ང་ལ་དོགས་གཞི་ཆེན་པོ་ཞིག་བསླངས་སོང༌།
ལན། ཁྱེད་ཀྱིས་ཅུང་ཙམ་སྒུགས་དང༌། ངེད་གཉིས་ལ་མི་མཐུན་པའི་བསམ་ཚུལ་དེ་ལས་ལྷག་པ་ད་དུང་རྗེས་ལ་ཡོང་རྒྱུ་རེད། ངས་བཤད་པའི་རྒྱ་ནག་སྐམ་ས་ཆེན་པོ་དང་མཚོ་ཐོག་པ་གཉིས་ལ་ཕན་པ་དེ་དངོས་ཡོད་གནས་ཚུལ་ཡིན། ཁྱིམ་ཚང་ཆེན་པོ་ཞིག་ལ་མཚོན་ན། ཁྱིམ་ཚང་དེར་ནང་མི་འཇོན་ཐང་ཅན་ཅི་ཙམ་གྱིས་མང་ན་ཁྱིམ་ཚང་དེའི་ཁོངས་གཏོགས་ཀྱི་དུད་ཁྱིམ་ངར་པོ་དེ་ཙམ་གྱིས་མང་བ་དང༌། དེ་བཞིན་དུ་ཁྱིམ་ཚང་དེའི་ལུགས་གཉིས་ཀྱི་དཔལ་ཡོན་ཡར་རྒྱས་འགྲོ་བ་དང་མཚན་སྙན་གྲགས་འཕེལ་བ་ལའང་ཕན་པ་རེད། དེ་བཞིན་དུ་ང་ཚོའི་བོད་འདི་ཡང་རྒྱ་ནག་སྐམ་ས་ཆེན་པོ་དང་མཚོ་ཐོག་པ་ཁོང་གཉིས་ལ་མ་མཐུན་པ་ཡོང་བཞིན་ཡོད་མོད། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཕྱོགས་གཉིས་ནས་གཅིག་མཚུངས་ཀྱིས་ཁས་ལེན་བཞིན་ཡོད་པ་རྒྱ་ནག་གི་མཁས་པ་ཚོ་ཁྲང་ཆིང་ནས། “མཚོ་ངོགས་གཉིས་ཀྱི་རྒྱ་ནག་སྲིད་གཞུང་ནི་ཆབ་སྲིད་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་སོགས་ལ་ཕྱོགས་མང་པོའི་ཐད་ལྟ་བ་ཐ་དད་ཡིན་པ་མ་ཟད། ནམ་རྒྱུན་མདུང་རྩེ་ཁ་སྤྲོད་ཀྱིས་ཕན་ཚུན་སྐྱོན་འདོན་བྱེད་ཀྱི་ཡོད། ཡིན་ནའང་བོད་ཀྱི་གནད་དོན་ཐོག་ཁོ་ཚོའི་ལྟ་ཚུལ་གཅིག་གྱུར་ཡིན་པ་དང་ཕྱོགས་གཉིས་ཀས་བོད་ལ་བདག་དབང་ཡོད་པར་སྨྲ་ཞིང༌། བོད་ནི་སྔ་མོ་ཞིག་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པར་ནན་བརྗོད་བྱེད་ཀྱི་ཡོད།” ཅེས་བཤད་པ་ལྟར་གནད་དོན་འདིའི་སྟེང་དུ་རྨོངས་གཉིད་ལ་གནས་བཞིན་པའི་མཚོ་ངོགས་གཉིས་ཀྱི་རྒྱ་ནག་ཁྱི་རྐན་འོ་ཟངས་ཁ་ནས་མཐུན་ཞེས་པའི་དཔེ་ལྟར་ཡོད། དེའི་རྐྱེན་གྱིས་ཆེས་མཐོའི་རང་སྐྱོང་འདིས་དེ་དག་གི་བསམ་དོན་འགྲུབ་པ་མ་ཟད། རྒྱ་ནག་འཛམ་གླིང་གི་ཡང་རྩེར་སོན་པའི་སྟོབས་ཆེན་རྒྱལ་ཁབ་ཆགས་འདོད་ཀྱི་རྨི་ལམ་འདི་ཡང་གང་འཚམ་འགྲུབ་ངེས། དེར་མ་ཟད་མཚོ་ངོགས་གཉིས་ཀྱི་ཆབ་སྲིད་ཀྱི་རྣོ་ངར་ལ་ཡང་འདིས་ཕན། ནམ་རྒྱུན་རྒྱ་ནག་གིས་སེམས་ཁྲལ་བྱེད་བཞིན་པའི་ྋ་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་གནད་དོན་ཡང་འདིས་ཐག་གཅོད་ཐུབ་མོད་འདི་ལྟར་ཡོང་བ་ཤིན་ཏུ་དཀའ་མོ་ཞིག་ཆགས་ཡོད།
༣༽ དྲི་བ། ཁྱེད་ཀྱི་ལན་དེས་ངའི་རྨོངས་པ་ཅུང་ཙམ་སེལ་ཀྱང་ད་དུང་དྲི་བ་མང་དུ་འགྲོ་བཞིན་འདུག སྐབས་འདིར་ཁྱེད་ཀྱིས་ང་ལ་རྒྱུ་མཚན་གཉིས་པ་དེ་ལ་ལན་ཞིག་གནོངས་དང༌། དེ་ངས་ཁས་ལེན་བྱེད་པ་ཁག་པོ་ཆགས་འདུག གང་ཞེ་ན། ཆིང་རྒྱལ་རབས་དང་དབོན་ཞང་ཞེས་པའི་དངོས་ཡོད་ཀྱི་གནས་ཚུལ་ལ་བརྩི་འཇོག་ཆེན་པོ་བྱས་ཟེར་བ་དེ་ཁྱེད་ཅག་གིས་ཁ་ནས་བརྗོད་པ་ཙམ་རེད་མ་གཏོགས། དོན་ལ་དེ་ལས་ལྡོག་སྟེ་རང་བཙན་གཙང་མ་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དཔེར་ན་གཞོན་ནུ་ཚོགས་པ་སོགས་ཀྱིས་མཚོན་པའི་ད་དུང་གཞོན་སྐྱེས་མང་པོ་ཞིག་ཡོང་བཞིན་འདུག
ལན། ཁྱེད་ཀྱི་དྲི་བ་འདིས་ཁྱེད་ཀྱི་རྨོངས་པ་ཅུང་སེལ་ན་ཡང་ངས་ལན་མང་ཙམ་རྒྱག་དགོས་ལ། དེར་མ་ཟད་སྔོན་གྱི་ལོ་རྒྱུས་ཀྱང་འདིར་གང་འཚམ་བརྗོད་དགོས་པས་ཁྱེད་ཀྱིས་བཟོད་སྒོམ་བྱེད་རོགས། དང་པོ་དབོན་ཞང་ཞེས་པའི་གཏམ་འདི་གླེང་བ་ལ། དང་པོ་བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོས་ཤར་ཕྱོགས་ཙི་ནའི་རྒྱལ་བོའི་སྙན་པ་དང་གྲགས་པ་ཐོས་ནས། ཐང་གི་རྒྱལ་བོ་ལ་ཕྱི་ཕྱོགས་ཀྱི་འབྲེལ་བ་འཛུགས་དགོངས་ནས། བློན་པོ་མགར་སྟོང་བཙན་ཡུལ་བཟུང་ཐང་རྒྱལ་ཁབ་ལ་ཐང་གི་སྲས་མོ་གཉེན་སློང་བའི་ཕོ་ཉ་ལ་བཏང་བས། འ་ཞའི་རྒྱལ་བློན་ནས་ཕྲ་མ་བཅུགས་པས་ཐང་གིས་སྲས་མོ་མ་གནང༌། བློན་པོ་ཕྱིར་ཡོང་ནས་བཙན་པོ་ལ་ཞུས་པས་བཙན་པོ་ཁྲོས་ནས་ཞང་ཞུང་གི་དཔུང་དམག་དང་བཅས་པ་འ་ཞར་དམག་དྲངས་ནས་འ་ཞ་ཕམ། དེ་ནས་ཏང་ཞང་དང༌། པ་ལན་བཅས་འཇང་ཡང་ཕམ། ཡང་བསྐྱར་དམག་ཁྲི་ཉི་ཤུ་དྲངས་ཏེ་སྲུང་ཀྲིག་བླངས། དེ་ནས་ཕོ་ཉ་བཏང་ནས་ལེགས་སྐྱེས་སུ་གསེར་ཁྲབ་ཅིག་ཕུལ་ནས་ཀོང་ཇོ་བསླངས་ཤིང༌། གལ་ཏེ་ད་དུང་ཀོང་ཇོ་མི་སྟེར་ན་དམག་བྱེད་པ་ཡིན་ཞེས་བརྗོད་པས་ཐང་གོང་མ་འཇིགས་ནས་ཀོང་ཇོ་བོད་དུ་བརྫངས། རྒྱ་རྣམས་ཀྱིས་ཡོངས་གྲགས་སུ་རྒྱའི་སྲས་མོ་བོད་ཀྱི་མགོན་སྐྱབས་ཡིན་ཚུལ་དང་ཀོང་ཇོ་བོད་ལ་ཕེབས་ཚུལ་གཏམ་སྙན་པོ་བཤད་རྒྱུ་ཡོད་མོད། འདི་ནི་ལོ་རྒྱུས་ཀྱི་བྱུང་བ་མ་ཤེས་པའི་གླེན་པས་རང་མགོ་གཡོག་པའི་བླུན་རྟགས་ཁོ་ནའོ། །
ཐང་གི་སྲས་མོ་བོད་ལ་ཡོང་ནས་རྒྱ་བོད་གཉིས་ཀྱི་བར་ལ་ཕོ་ཉ་ཡང་ཡང་མངགས་པས་དབོན་ཞང་གཉིས་ཀྱི་དངོས་ཡོད་ལ་བརྟེན་བོད་རྒྱའི་དམག་འཁྲུགས་ཀྱང་ཅུང་ཙམ་འདུམས། སྐབས་འདི་ནས་བཟུང་རྒྱ་བོད་གཉིས་ཀྱིས་ཕྱི་དོན་གྱི་ཚོང་འབྲེལ་དང་རིག་གནས་ཀྱི་བསམ་ཚུལ་བརྗེ་རེས་ཡང་ཡང་བྱས་ནས་ཐང་རྒྱལ་ཁབ་ནས་རིག་གཞུང་གི་ལག་ཆ་གང་འཚམ་ཞིག་གིས་བོད་ལ་ཕན་ཐོག་ཡོད་པ་དང༌། རྒྱ་ལ་མཚོན་ན་ཡང་བོད་རྒྱལ་ཁབ་ཆེན་པོ་སྐབས་འདིར་སྟོབས་ཆེན་རྒྱལ་ཁབ་ཆགས་ནས་དམག་དོན་ལ་ཨེ་ཤ་ཡའི་གླིང་འདིར་འགྲན་ཟླ་བྲལ་བ་ཞིག་ཆགས་ཡོད་པའི་སྐབས། དམག་འཐབ་མཚམས་འཇོག་བྱས་པ་འདིས་ཐང་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་གི་ཕན་ཐོག་ཆེན་པོ་ཞིག་བྱུང་ཡོད་པ་འདི་དངོས་ཡོད་གནས་ཚུལ་ཡིན་པས་ཤེས་དགོས་པ་གལ་ཆེན་པོར་སྣང༌། གཉིས་པ་ཆིང་རྒྱལ་ཁབ་དང་བོད་རྒྱལ་ཁབ་གཉིས་ནི་སྤྱིར་བཤད་ན་མན་ཇུའི་མི་རིགས་དང་བོད་ཀྱི་འབྲེལ་ལམ་ཞིག་ཆགས་ཡོད། ལྷག་པར་སྐབས་འདིའི་འབྲེལ་ལམ་ནི་ཕན་ཚུན་གཉིས་ཕན་གྱི་ཆོས་སྲིད་གཉིས་ཀྱི་མཐུན་འབྲེལ་ཡིན་ལ། སྐབས་འདིར་ཆིང་རྒྱལ་ཁབ་སྟོབས་ཆེན་དུ་ཆགས་ཡོད་པ་དང་བོད་ནང་ཉོག་འཛིང་ཆེ་ཞིང༌། ྋགོང་ས་ཏཱ་ལའི་བླ་མའི་སྲིད་དབང་ཡང་ཁས་ལེན་མི་ལེན་བྱེད་པའི་དབང་གིས་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་སྡེ་སྲིད་ནས་རེ་འདཽད་ཞུས་པ་ལྟར་ཆིང་རྒྱལ་ཁབ་ཀྱི་དམག་དཔུང་ཐང་ཁ་ཤས་བོད་ལ་བསྐྱོད་དེ་ནང་འཁྲུགས་ཞི་འཇགས་བཏང་བ་དང༌། ཆིང་བོད་གཉིས་ཀྱི་མཐུན་ལམ་ཇེ་ཟབ་ཏུ་གཏོང་ཆེད་བོད་སྡོད་ཨམ་བན་ཡང་བཙུགས་ཡོད། དེ་དག་གི་རྐྱེན་པས་ཆིང་རྒྱལ་ཁབ་འདི་སྲིད་ཕྱོགས་ནས་གཞུང་ས་དགའ་ལྡན་ཕོ་བྲང་ལ་བཀའ་དྲིན་ཆེན་པོ་ཡིན་པ་བོད་མི་ཡོངས་ནས་བརྩི་འཇོག་བྱེད་ཀྱི་ཡོད་ལ་བྱེད་འོས་པ་ཞིག་ཀྱང་རེད། དྲང་བདེན་འདི་དག་གི་རྐྱེན་གྱིས་ང་ཚོས་བོད་རིགས་རང་སྐྱོང་ལྗོངས་ལ་ཤུགས་སྣོན་བྱེད་ཀྱི་ཡོད། རྨོངས་པ་འདི་དག་ལྡན་པའི་གང་ཟག་རྣམས་ནས་ཤེས་དགོས་ལ། རྨོངས་པ་འདི་དག་ལས་སད་ཡོད་པའི་རྒྱ་བོད་ཀྱི་མཁས་པ་རྣམས་ནས་རྨོངས་པ་འདི་དག་དང་ལྡན་པའི་གང་ཟག་རྣམས་རྨོངས་པ་འདི་དག་དང་བྲལ་བ་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་ལ་རྗེས་སུ་ཡི་རང་དང་མུ་མཐུད་དུ་ཤུགས་སྣོན་བྱེད་རོགས་གནང་ཞེས་འབོད་བསྐུལ་ཡང་ཡང་ཞུ། ང་ཚོ་བོད་མི་རིགས་འདིས་བོད་རང་བཙན་གྱི་ཁྲག་དྲི་འཛམ་གླིང་འདིའི་སྟེང་ཁྱབ་ཏུ་འཇུག་འདོད་མེད་པ་མ་ཟད། འཛམ་གླིང་འདི་ཞི་བདེ་ཞིག་ཡོང་བར་སྨོན་ལམ་རྒྱག་བཞིན་ཡོད་ལ་ད་དུང་འཛམ་གླིང་འདི་ཞི་བདེ་ཞིག་ཏུ་གཏོང་འདོད་ནི་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་རེ་འདུན་ཡིན་ལ་ཁོང་གི་ལས་འགན་ཡང་རེད། དེའི་རྐྱེན་གྱིས་ཁོང་ལ་འཛམ་གླིང་ཡོངས་ནས་འཚེ་མེད་ཞི་བའི་དེད་དཔོན་ཆེན་པོའམ་སློབ་དཔོན་དུ་འབོད་བཞིན་ཡོད། འདིའི་གསུང་བརྩི་དགོས་པ་དང་འདི་བསྲུང་དགོས་པ་ནི་ང་ཚོ་བོད་མི་ཡོངས་ཀྱི་ལས་འགན་ཡིན་ལ་གཟི་བརྗིད་ཀྱང་རེད།
༤༽ དྲི་བ། ཁྱེད་རང་གི་ལན་དེའི་ནང་དུ་བོད་སྡོད་ཨམ་བན་བཙུག་པ་ཡག་པོ་རེད་མདོག་བཤད་སོང་མོད། རྒྱ་ནག་གི་ཆབ་སྲིད་པ་རྣམས་ནས་བོད་སྡོད་ཨམ་བན་འདི་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་བྱེད་གལ་ཆེན་ཞིག་བྱེད་ཀྱི་ཡོད་པ་ཁྱེད་ཀྱིས་མ་མཐོང་ངམ།
ལན། དེ་རྒྱ་ནག་གི་ཆབ་སྲིད་པ་ཚང་མའི་འདོད་པ་མིན་ལ་བོད་སྡོད་ཨམ་བན་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་བཞིན་པའི་རྩོམ་པ་པོ་རྣམས་ནི། ཕྱོགས་གཅིག་ཁོ་ན་ལས་ཅི་ཡང་མཐོང་མེད་པས་བློ་གཟུ་བོར་མི་གནས་པའི་ཏིན་ཅིང་གི་རྗེས་འབྲངས་ཏེ། ལོ་རྒྱུས་ཡང་དག་མི་ཤེས་པའི་རྒྱབ་ཤ་དཀར་བོའི་རྗེས་འབྲངས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་ཁྱུ་གཅིག་དང༌། རང་ཉིད་ཀྱི་རྐུབ་བཀྱགས་ལ་གནོངས་པའི་ཁྲེལ་མེད་གཡོ་སྒྱུ་ཅན་ཁོ་ན་དག་རེད། རྨོངས་པ་དེ་དག་ལས་སད་ཟིན་པའི་རྒྱ་ནག་གི་རྩོམ་པ་པོ་རྣམས་ནས་དེ་ལྟར་འདོད་བཞིན་མེད་པ་ནི། དཔེར་ན་རྩོམ་པོ་ཝི་ཅན་ཧྲིན། ཚོ་ཁྲང་ཆིང༌། ཁོ་ཁན། ཏིན་ཅི་ལེན། ཡན་ཅ་ཆིས། ཝང་རེ་ཝང་སོགས་ཀྱིས་མཚོན་པའི་རྩོམ་པ་པོ་གྲགས་ཅན་མང་པོ་ཞིག་གིས་བོད་སྡོད་ཨམ་བན་ནས་བོད་རྒྱ་ནག་གི་ཆ་ཤས་སུ་སྒྲུབ་བཞིན་མེད་དེ། དཔེར་ན། ཚོ་ཁྲང་ཆིང་ནས་ “རྗེས་སོར་ཆིང་གོང་མས་བོད་སྡོད་ཨམ་བན་ལྷ་སར་མངགས་གཏོང་བྱས་པ་དང༌། སྐྱོན་འཇུག་ལེགས་བསྡུས་ཀྱི་སྲོལ་ཡིག་རེ་ཟུང་གཏན་འབེབས་བྱས་ཏེ། ཏཱ་ལའི་བླ་མའི་བོད་ཀྱི་འཛིན་སྐྱོང་ལ་རོགས་རམ་ཞུས་ཡོད། རྒྱ་ནག་པ་ཚོས་ནམ་རྒྱུན་སྲོལ་ཡིག་དང་བོད་སྡོད་ཨམ་བན་ཟེར་ན་དེ་དག་ལས་བོད་ནི་སྐབས་དེར་ཆིང་རྒྱལ་རབས་ཀྱི་མངའ་ཁོངས་ཡིན་པའི་གཞི་རྟེན་དུ་འགོད་ཀྱི་ཡོད། སྒྲུབ་བྱེད་འདི་ཡང་ཁ་མི་ཚང་” ཞེས་གསུངས་པ་ལྟར་འདི་དག་གིས་སྒྲུབ་བྱེད་འདི་ཁས་ལེན་གྱི་མེད་ལ་ད་དུང་དགག་ལན་ཡང་རྒྱག་བཞིན་ཡོད། གསལ་བོར་ཤེས་བསམས་ན་བོད་གནས་ཉམས་ཞིབ་དེབ་ཕྲེང་བཞི་བ་ལ་གཟིགས། བོད་སྡོད་ཨམ་བན་འཛུགས་དགོས་དོན་ནི་སྐབས་འདིར་བོད་ལ་ནང་ཁུལ་གྱི་ཉོག་འཛིང་ཆེ་བ་མ་ཟད། ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་སྲིད་དབང་ལ་ཡང་དགའ་མ་དགའ་གཉིས་ཡོང་བཞིན་ཡོད་པ་འདི་དག་གི་རྐྱེན་གྱིས་ཆིང་གོང་མས་རང་གི་བླ་མ་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ལ་རོགས་སྐྱོར་དང་འབྲེལ་བ་ཐད་ཀར་བྱེད་བདེའི་ཆེད་དུ་བོད་སྡོད་ཨམ་བན་འཛུགས་གནང་མཛད་པ་ཞིག་རེད། འདིས་བོད་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པ་ག་ལ་སྒྲུབ་ནུས། དཔེར་ན། བོད་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ན་ ྋ་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་བོད་སྡོད་ཨམ་བན་གྱི་མངའ་འོག་ཡིན་པ་ལས་དེ་ལས་ལྷག་པའི་ཐོབ་ཐང་ཡོད་མི་སྲིད། སྐབས་འདིར་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མས་བཀའ་མ་བཏང་བར་བོད་སྡོད་ཨམ་བན་ནས་རྒྱ་དམག་ཐད་ཀར་བོད་ལ་འདྲེན་པའི་ཐོབ་ཐང་མེད་པ་དང༌། ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མར་རང་དམག་རང་གིས་བཀོལ་ཆོག་པའི་ཐོབ་ཐང་ཡོད་པ་མ་ཟད། ཕྱི་སྲིད་དང་ནང་སྲིད་ཀྱི་དབང་ཚད་ཆ་ཚང་ ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་རང་ལ་ཡོད་པ་ལས། བོད་སྡོད་ཨམ་བན་ལ་མེད་པ་ལོ་རྒྱུས་ཡིག་ཆ་དག་ལས་གསལ་བོར་མཐོང་ཐུབ། བོད་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ན་ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ལ་དབང་ཚད་འདི་ལྟ་བུ་ཡོང་མི་སྲིད་པ་ཡིན། བོད་སྡོད་ཨམ་བན་ནི་དེང་སྐབས་རྒྱལ་ཁབ་ཁག་ཏུ་རྒྱལ་ཁབ་སོ་སོའི་དོན་གཅོད་དམ་གཞུང་ཚབ་ཡོད་པ་དེ་དང་གཅིག་མཚུངས་ཡིན། དེ་ལྟ་བུ་ཞིག་གིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་བརྗོད་པ་ནི་ཆེས་ཐལ་དྲགས་པ་ཞིག་ཡིན། ད་དུང་ངས་འདིར་བོད་སྐབས་དེར་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་མ་ཡིན་པ་དཔེ་མཚོན་ཐུང་ཐུང་ཞིག་ལོ་རྒྱུས་ལ་གཏུགས་ཏེ་བརྗོད་ན། ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་བ་ཆིང་གོང་མ་ཧྲིན་ཀྲིན་ནས་རྒྱ་ནག་ཏུ་གདན་འདྲེན་སྐབས་ཆིང་གོང་མ་དངོས་སུ་རྒྱལ་ས་ཅིན་ཁྲིང་ནས་ལེ་དབར་བཞི་བཅུའི་སར་ཕེབས་བསུར་བཅར་ཡོད་པ་འདི་ལ་ལྟོས་དང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ཐུག་པའི་རྣམ་པ་ལས། རྒྱལ་བོ་ཞིག་གིས་ཁོའི་མངའ་ཁོངས་ཀྱི་མི་སྣ་གཅིག་ལ་སྣེ་ལེན་བྱེད་པའི་རྣམ་པ་ཅུང་ཙམ་ཡང་མེད་པ་མངོན་ཡོད། ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐབས་དེར་ཆིང་གོང་མའི་མངའ་ཁོངས་ཀྱི་འགོ་གཙོ་ཞིག་ཡིན་ན་འདི་འདྲའི་སྣེ་ལེན་བྱེད་མི་སྲིད་པ་ཞིག་ཡིན། ཐ་ན་རྒྱ་ནག་གི་རྒྱལ་རབས་ནང་ཕྱིའི་རྒྱལ་ཁབ་གཞན་དག་ལ་ཡང་འདི་འདྲའི་མཐོང་ཆེན་གྱིས་བསུ་བ་བྱས་པ་མཐོང་དཀོན་པོ་ཞིག་ཆགས་ཡོད། འདིས་ཁུངས་སྐྱེལ་གསལ་བོ་བྱེད་ཐུབ་པ་ཤེས་དགོས། འདི་ནི་བསུབ་མི་ཐུབ་པའི་ལོ་རྒྱུས་ཀྱི་བདེན་པ་ཞིག་ཡིན།
༥༽ དྲི་བ། ཁྱེད་ཀྱིས་ཆིང་རྒྱལ་རབས་ཀྱི་སྐབས་བོད་རྒྱ་ནག་གི་ཆ་ཤས་མ་ཡིན་པ་སྒྲུབ་བཞིན་འདུག་མོད། རྒྱ་ནག་གིས་བོད་འདི་དེའི་སྔོན་གྱི་ཡོན་རྒྱལ་རབས་ཀྱི་སྐབས་ནས་རྒྱ་ནག་གི་མངའ་འོག་ཏུ་བཅུག་ཟིན་པ་རེད་ཅེས་ལུང་འདྲེན་བྱེད་བཞིན་ཡོད་པ་འདིར་ཁྱེད་ལ་བསམ་ཚུལ་ཅི་ཡོད།
ལན། བོད་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་མ་ཡིན་པ་གསལ་བོར་ཤེས་ན་ཡོན་རྒྱལ་ཁབ་ཀྱི་མངའ་ཁོངས་མ་ཡིན་པ་དེ་བས་ཀྱང་གསལ་བོར་ཤེས་ཐུབ། འདིར་གསལ་བོ་ཞིག་ཤེས་དགོས་པ་ནི་ཡོན་རྒྱལ་རབས་སྐབས་བོད་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་ན། ཆིང་རྒྱལ་རབས་སྐབས་དེ་ལ་བདག་དབང་གང་ཐུབ་བྱེད་པ་རྒྱ་ནག་གི་ཆབ་སྲིད་ཀྱི་འགྲོ་ལུགས་ཡིན་པས་ཆིང་རྒྱལ་རབས་སྐབས་ ྋགོང་སྐྱབས་མགོན་ཏཱ་ལའི་བླ་མ་ལ་ཕྱི་སྲིད་དང་ནང་སྲིད་སོགས་ཀྱི་བདག་དབང་ཡོངས་སུ་རྫོགས་པ་ཡོང་མི་སྲིད་པ་ཞིག་ཡིན། ཆིང་རྒྱལ་རབས་སྐབས་བོད་ལ་རྒྱ་ནག་གི་དམག་ཡོང་བ་ ྋགོང་སྐྱབས་མགོན་ཏཱ་ལའི་བླ་མའི་རེ་འདུན་བཞིན་ཡོང་བ་ལས་བོད་ཀྱི་བདག་དབང་ལ་འབྲེལ་བ་མེད། འདི་ཙམ་གྱིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པ་སྒྲུབ་ནུས་ན་ཨ་རིའི་དམག་དཔུང་གིས་རོགས་སྐྱོར་བྱས་པའི་རྒྱལ་ཁབ་ཆ་ཚང་ཨ་རི་བའི་མངའ་ཁོངས་ཡིན་པར་བརྗོད་དགོས་མོད་དེ་ལྟར་བརྗོད་པ་གང་ཡང་མེད། འདི་ནི་ཆེས་ཐབས་སྐྱོ་བའི་སྒྲུབ་བྱེད་ཅིག་ཏུ་མཐོང༌། འདི་དག་གིས་སྒྲུབ་འདོད་པ་ནི་གནམ་ལ་ཁ་གདངས་ནས་སྐར་མ་ཁ་ནང་དུ་ཨེ་འཛུལ་བལྟས་པ་དང་གཅིག་མཚུངས་རེད། དོན་དངོས་སུ་ཡོན་རྒྱལ་ཁབ་ནས་བོད་རྒྱ་ནག་གི་མངའ་ཁོངས་སུ་བཅུག་ཡོད་མེད་བརྗོད་ན། སྤྱིར་བཤད་ན་ཡོན་རྒྱལ་ཁབ་ནི་སོག་པོ་སྟོབས་ལྡན་དུ་ཆགས་ནས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་པ་ལས། རྒྱ་མི་རིགས་རང་ཉིད་སྟོབས་ལྡན་དུ་ཆགས་ནས་བཙུགས་པ་ཞིག་མིན། འདི་རྒྱ་ནག་ལ་མཚོན་ན་རྒྱ་ནག་གི་རྒྱལ་རབས་ནང་དུ་དྲངས་ན་ཁོ་ཚོའི་རྒྱལ་ཁབ་དང་མི་དམངས་ཀྱི་ཞབས་འདྲེན་བླ་ན་མེད་པ་ཞིག་རེད་མོད་ཁོ་ཚོས་གཟི་བརྗིད་དུ་རློམས་ནས་བགྲང་བཞིན་འདུག དུས་སྐབས་འདིར་རྒྱ་མི་རིགས་ལ་སོག་པོ་མི་རིགས་ཀྱིས་དབང་བསྒྱུར་བྱས་པ་ལས་སོག་པོ་མི་རིགས་ལ་རྒྱ་མི་རིགས་ཀྱིས་དབང་བསྒྱུར་བྱས་པ་ཞིག་གཏན་ནས་མིན། གང་ལྟར་སྐབས་དེར་བོད་ཇིང་གུར་རྒྱལ་པོ་དང་ཧོར་སེ་ཆེན་གང་གིས་ཀྱང་མངའ་ཁོངས་སུ་མ་བསྡུས་ལ། མཆོད་ཡོན་གྱི་འབྲེལ་བ་ཚུགས་པ་ནི་སྤྱིའི་འགྲོ་སྟངས་ཙམ་དུ་ཟད། གལ་སྲིད་སྐབས་དེར་བོད་སེ་ཆེན་རྒྱལ་བོའི་མངའ་ཁོངས་སུ་སོང་ཡོད་པའི་དབང་དུ་བཏང་ན་ཡང་འདི་སོག་པོ་ཚོའི་མི་རབས་རྗེས་མའམ་ཁོ་ཚོའི་རྒྱལ་ཁབ་ཀྱིས་སྒྲུབ་རྒྱུ་ལས་རྒྱ་ནག་ལ་སྡོད་མི་ཚུགས་པ་ཅི་ཞིག་འདུག ཁོ་ཚོས་རྨ་ཁ་ལ་བཟོད་ཐུབ་ན་ཁྱེད་ཁ་རོག་ལ་སྡོད་མི་ཐུབ་པ་ཅི། ད་དུང་སྐབས་འདིར་སེ་ཆེན་རྒྱལ་བོའི་མངའ་ཁོངས་སུ་བསྡུས་པའི་རྒྱལ་ཁབ་ཆ་ཚང་ཁྱེད་ཅག་གི་མངའ་ཁོངས་ཡིན་ན་འབར་མ་དང༌། ཕྱི་སོག་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་མངའ་ཁོངས་ཡིན་པ་བརྗོད་དགོས་པས་འདི་དག་ཀྱང་ཁྱེད་ཚོས་བརྗོད་ནུས་སམ། རྒྱུ་མཚན་མེད་པའི་སྒྲུབ་བྱེད་དེ་དག་ལྟར་སྣང་ཞེ་གཅིག་ཡིན་པ་ཁྱེད་ཚོས་ཤེས་དགོས།
༦༽ དྲི་བ། ཁྱེད་ཀྱིས་བོད་རང་བཙན་སྒྲུབ་ཀྱི་ཡོད་དམ་ཆེས་མཐོའི་བོད་རིགས་རང་ལྗོངས་དབུ་མའི་ཐབས་ལམ་ལ་བསྟེན་ནས་རྩོད་ལེན་བྱེད་པའི་དགོས་པ་སྒྲུབ་ཀྱི་ཡོད།
ལན། ཁྱེད་ལ་ཁག་མེད། ངས་འདིར་ཁྱེད་ཀྱི་དྲི་བ་ལ་ལན་བརྒྱབ་དུས་ཐང་དང༌། ཡོན། ཆིང༌། བོད་སྡོད་ཨམ་བན་སོགས་ཀྱི་ལོ་རྒྱུས་ཅུང་བརྗོད་དགོས་བྱུང་བས་བོད་རང་བཙན་སྒྲུབ་བཞིན་ཡོད་པ་འདྲ་བོ་ཆགས་སོང་མོད། དེ་ལྟར་མིན། དངོས་ཡོད་གནས་ཚུལ་ལ་བརྟེན་ནས་ཐང་དང༌། ཡོན། ཆིང་སོགས་ཀྱི་སྐབས་བརྗོད་དུས་བོད་རང་བཙན་ཡིན་པ་དངོས་ཡོད་གནས་ཚུལ་ཡིན་པས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་ནི་མ་རུང་བ་དང་ཐ་ཤལ་ཡིན་པས་དེ་ལྟར་ག་ལ་རུང༌། ཡིན་ཡང་ང་ཚོས་རྩོད་ལེན་བྱེད་པ་ནི་རང་བཙན་མ་ཡིན་པར་རང་སྐྱོང་ཡིན་པ་ཤེས་དགོས། ད་དུང་ ྋ་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས་བཏོན་པའི་དབུ་མའི་ཐབས་ལམ་ལ་ཁྱད་ཆོས་མང་པོ་ཡོད་པ་དང༌། ཐང༌། ཡོན། ཆིང་སོགས་ཀྱི་ལོ་རྒྱུས་ལ་ཡང་ཡང་དག་པ་མང་པོ་ཞིག་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱེད། རང་ཉིད་ལ་བློ་སྟོབས་དམན་པ་དང་སློབ་གཉེར་ལ་བྲེལ་བའྀ་དབང་གིས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས།
ཕྱི་ལོ༢༠༠༢ ཟླ་ ༡༠ ཚེས་༢༥ ཉིན་རང་ཤག་ནས་བྲིས་པ་དགེའོ།
<<ལས་དབང་དམར་པོ་>>ནས་འདིར་བཀོད།