༄༅། །ཕྱི་ལ་ ༢༠༡༥ ཟླ་ ༣ ཚེས་ ༥ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭར་ཆོ་འཕྲུལ་དུས་ཆེན་དང་སྟབས་བསྟུན་ནས་སྐྱེས་རབས་ཀྱི་གསུང་ཆོས་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་དྲུག་པ་ཙམ་ལ་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་དུས་དྲན་གསོ་སྦྱོང་གནང་ཡོད་པ་དང་། དེ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭར་ཕེབས་ཏེ་དྷ་ས་ཉེ་འཁོར་གྱི་དགོན་སྡེ་ཁག་གི་མཁན་སྤྲུལ་གྲྭ་བཙུན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དེ་བཞིན་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་དགེ་སློབ་གིས་གཙོས་མི་མང་དང་། ནང་ཆོས་དོན་གཉེར་ཅན་གྱི་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༦༠༠༠ ལྷག་ལ་སྐྱེས་རབས་གསུང་ཆོས་སྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
བོད་དུ་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་འཚོགས་པ་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་གྱི་གྲས་ཤིག་ཆགས་ཡོད་པ་རེད། ལོ་དྲུག་བརྒྱ་ཕལ་ཆེར་ཕྱིན་ཡོད། དཀའ་ངལ་མང་པོ་འཕྲད་ནས་སྐབས་རེར་སྨོན་ལམ་འཚོགས་མ་ཐུབ་པའང་བྱུང་ཡོད། སྔར་ཡིན་ནའང་བྱུང་མྱོང་ཡོད་པ་རེད་ལ་བར་སྐབས་ཡིན་ནའང་བྱུང་ཡོད་པ་རེད། ཡིན་ནའང་། ང་ཚོ་བཙན་བྱོལ་དུ་ཡོད་པ་ཚོས་ཕྱི་ལོ་ ༡༩༥༩ ལོར་སྨོན་ལམ་ཚར་ནས་ཚུར་ཡོང་བ་རེད། ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་ན་ཡོད་པས་འཚོགས་ཐུབ་མེད། དེ་ནས་རིམ་པས་གདན་ས་ཁག་ཕལ་ཆེར་སྦག་ས་ལ་འཚོགས་ཡོད་པ་རེད། རིམ་པས་རྡ་རམ་ས་ལར་ཡང་ལོ་བསྟར་ཆགས་འཚོགས་བསྡད་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱ་གར་ནས་བདུད་བཞི་བཏུལ་དུས་མཁས་པ་དང་རྫུ་འཕྲུལ་བསྟན་རྒྱུ་ཡོད་པ་དག་དང་མཉམ་དུ་ཆོས་ཀྱི་བགྲོ་གླེང་དང་རྫུ་འཕྲུལ་འགྲན་ཡོད་པ་རེད། དེ་རིང་དེ་ལ་དྲན་གསོ་བྱེན་གྱི་ཡོད་པ་རེད། ཅེས་དང་།
ཆོས་ཞེས་པ་འདི་ཕན་ཐོགས་ཡོད་པ་ཞིག་མེད་ན་གཡུགས་བཞག་ན་འགྲིག་གི་རེད། ཕན་ཐོགས་ཡོད་མེད་བསམ་བློ་གཏོང་དགོས། ལེགས་སྦྱར་གྱི་སྐད་ལ་ཆོས་ཞེས་པ་ནི་དྷརྨ་ཞེས་པའི་དོན་དང་། དེ་ནི་འཛིན་པའམ་སྐྱོབ་པའི་དོན་རེད། ང་རང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྒྱུ་བཀག་པའི་སྒོ་ནས་འབྲས་བུའི་སྡུག་བསྔལ་ལས་སྐྱོབ་ཅིང་འཛིན་པ་དེ་ལྟ་བུ་ཞིག་ནི་དྷརྨ་ཞེས་པའི་གོ་དོན་རེད། བོད་སྐད་ཀྱི་ཆོས་ཞེས་པའི་གོ་བ་ནི་བཅོས་པའི་དོན་རེད། བསམ་བློ་བསྒྱུར་བཅོས་བཏང་བ་དང་། གཙོ་བོ་སེམས་ལ་བསྒྱུར་བཅོས་བཏང་ནས་སྒོ་གསུམ་གྱི་སྤྱོད་པ་བསྒྱུར་བཅོས་གཏོང་རྒྱུ་ཞིག་ཆགས་ཡོད། གང་ལྟར་བཅོས་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན་འདི་ལྟར་བསམ་བློ་གཏོང་དགོས། རིམ་པ་དང་པོ་ང་ཚོ་མི་རེད། འཛམ་བུ་གླིང་འདིར་ཡོད་པའི་ཚོར་བ་བདེ་སྡུག་མྱོང་མཁན་གྱི་སེམས་ལྡན་ཞིག་རེད། ཤེས་པ་ཡོད་མཁན་གྱི་མི་ལ་བདེ་སྡུག་གི་མྱོང་བ་ཡོང་གི་ཡོད། ཤེས་པ་མེད་ན་བདེ་སྡུག་གི་མྱོང་བ་ཡོང་གི་མེད། ལྗོན་ཤིང་ལྟ་བུ་ལ་རྫས་ཀྱི་ནུས་པ་ལ་བརྟེན་ནས་སྐྱེས་འགག་དང་འགྱུར་བ་ཡོང་གི་ཡོད་ཀྱང་དེ་རྫས་ཀྱི་ནུས་པ་རེད།
འཛམ་གླིང་ཁྱོན་ཡོངས་ལ་དུས་བཞིའི་འགྱུར་བ་ཡོང་གི་ཡོད་པ་དང་། ལྷག་པར་དུ་རྡ་རམ་ས་ལར་མཚོན་ན་ཁ་སང་ཉི་མ་ཡག་པོ་ཞིག་བསྟན་ཡང་། དེ་རིང་གནམ་སྐྱོ་བོ་ཞིག་བསྟན་འདུག ཞོགས་པོ་གནམ་གཤིས་ཡག་པོ་ཡོད་ཀྱང་ཕྱི་དྲོ་འགྱུར་བ་འགྲོ་བཞིན་འདུག འདི་ལ་མྱོང་བ་མེད་ཀྱང་འགྱུར་བ་འདུག འདི་ནི་རྫས་ཀྱི་ནུས་པའམ་འབྱུང་བའི་འགྱུར་བ་རེད། ཤེས་པའི་ནུས་པ་ཡོད་མཁན་ལ་བདེ་སྡུག་གི་མྱོང་བ་ཡོང་གི་ཡོད་པ་རེད། འཛམ་གླིང་འདིར་ཡོད་པའི་སེམས་ལྡན་ཡོངས་སུ་རྫོགས་པ་ལ་བདེ་སྡུག་གི་མྱོང་བ་གཅིག་པ་ཡོད་པ་རེད། ཁྱད་པར་ནི་དུད་འགྲོ་འབུ་སྲིད་བྱ་དང་བྱེའུ་སོགས་ལ་བདེ་སྡུག་གི་མྱོང་བ་གཙོ་བོ་དབང་ལྔའི་ཤེས་པ་དང་འབྲེལ་ཡོད། དཔེར་ན་འབུ་སྲིད་ཆུང་ཆུང་ཞིག་ཡིན་ཡང་། གྲོད་ཁོག་ལྟོགས་པའི་སྐབས་ལ་ལྟོས་ཆས་བཙལ་བ་དང་། གནོད་པ་བྱུང་ན་སོ་སོར་སྲུང་སྐྱོབ་བྱེད་པ་ལྟ་བུ་ཚང་མ་བྱེད་ཀྱི་འདུག དེ་དག་ཚང་མ་དབང་ལྔའི་ཤེས་པ་དང་འབྲེལ་བའི་བདེ་སྡུག་གཙོ་བོ་ཡིན་པ་ལས། ཡིད་བློའི་སྟེང་ནས་མང་པོ་ཡོད་པ་མ་རེད། དབང་བོའི་ཤེས་པ་དང་འབྲེལ་བའི་ཡིད་ཀྱི་རྟོག་པ་ཡོད་ཀྱང་། ཡིད་བློ་རང་གི་སྒང་ནས་བསམ་བློ་བཏང་ནས་བདེ་སྡུག་ཡོང་བ་མི་ལ་ཤུགས་ཆེ་བ་རེད། ཅེས་དང་།
མང་པོ་ཞིག་གིས་བྱམས་བརྩེ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་རེད་བསམ་པ་ཞིག་ལས། སོ་སོའི་འཕྲོད་བསྟེན་དང་ཁྱིམ་ཚང་སྐྱིད་པ་དང་སྤྱི་ཚོགས་བདེ་བའི་བསམ་བློ་འཁོར་གྱི་མི་འདུག དེ་ནོར་འཁྲུལ་རེད། འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ནང་ཆོས་ཁས་བླངས་ཀྱང་མ་བླངས་ཀྱང་། མི་ཞིག་ཡིན་ཕྱིན་བདེ་སྐྱིད་འདོད་མཁན་ཡིན་པ་དང་། ཆོས་ལེགས་པར་རྣམ་འབྱེད་ཀྱི་ཤེས་རབ་ཀྱང་ཡོད་ོས་དེ་བདེ་སྐྱིད་ཀྱི་རྐྱེན་དུ་བསྒྱུར་བ་ལ་བྱམས་བརྩེ་དགོས་པ་རེད། འདི་དེང་སང་བསམ་བློ་མང་པོ་གཏོང་མཁན་ཚོར་བསམ་ཚུལ་གཅིག་མཚུངས་ཡོང་གི་འདུག ང་ཚོ་ཚང་མས་རིམ་པ་དང་པོ་མི་ཞིག་ཡིན་པ་དང་། མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་གྲལ་གཅིག་རེད། དེར་བརྟེན་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད། གླིང་གཞན་དང་གཞན་དུ་ཡོད་པའི་སེམས་ཅན་ཐམས་ཅད་ལ་སྨོན་ལམ་ཙམ་བརྒྱབ་ནས་སྡོད་པ་ལས་བྱེད་རྒྱུ་མེད།
ང་ཚོ་འཛམ་གླིང་ཁྱིམ་ཚང་གཅིག་གི་ནང་ཡོད་པའི་མི་གཅིག་གིས་ལྷག་བསམ་རྣམ་དག་གིས་མི་བཅུ་ལ་ཕན་ཐོགས་བྱེད་ཐུབ་པ་ཡིན་ནའང་ཕན་པ་རེད། བཅུ་དེ་དག་གིས་ཀྱང་སོ་སོས་ངོ་ཤེས་པའི་མི་བཅུ་རེ་ཕན་ཐོགས་བྱས་པ་ཡིན་ན་མི་བརྒྱ་ལ་ཕན་གྱི་རེད། དེ་ནས་སྟོང་ལའང་ཕན་གྱི་རེད། སེམས་ཅན་ཐམས་ཅད་ཟེར་ནས་ཕར་ཕྱོགས་ཤིག་ན་ཡོད་པ་ཞིག་བསམ་ནས་རང་གི་འཁྲིས་ན་ཡོད་པ་ལ་བསམ་བློ་མ་བཏང་བར་བསྡད་པ་ཡིན་ན། ཁ་ནས་སེམས་ཅན་ཐམས་ཅད་ཟེར་བ་དེ་སྐྱག་རྫུན་རེད། ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་བྱེད་དགོས་པ་དང་། དུད་འགྲོ་ཡིན་ནའང་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱེད་པ་དང་། གཞན་ལ་འཚེ་བ་མི་བྱེད་པ་དང་གནོད་པ་མི་བྱེད་པ་དམིགས་བསལ་ཆོས་ཀྱི་སྐད་ཆ་མ་རེད། མི་ནི་སྤྱི་ཚོགས་ལ་བརྟེན་ནས་བསྡོད་མཁན་ཞིག་ཡིན་པས་གཞན་ལ་བརྩེ་བ་རང་ཆོས་སུ་ ཡོད་པ་རེད་པས། དེ་ཅུང་རྒྱ་བསྐྱེད་དེ་ཆོས་ལེགས་པར་རྣམ་འབྱེད་ཀྱིས་གྲོགས་བྱས་ཅུང་རྒྱ་ བསྐྱེད་པ་ཡིན་ན་དངོས་གནས་འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ཡོད་པའི་འཛམ་གླིང་ཞིག་ཡོང་བའི་རེ་བ་ཡོད་པ་རེད། སྔ་མོ་ཤེས་ཡོན་ཆེན་པོ་མེད་པས་ཁག་པོ་རེད། དེང་སང་ཤེས་ཡོན་གྱི་ཐོག་ནས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་ཤེས་ཡོན་ གྱི་ཐོག་ནས་ངོ་སྤྲོད་ཡག་པོ་བྱེད་ཐུབ་པ་ཡིན་ན་འཛམ་གླིང་འདི་དུས་རབས་བཅུ་དགུ་བ་དང་ཉི་ཤུ་བ་དང་མི་འདྲ་བའི་དུས་རབས་ཤིག་བཟོ་ཐུབ་པའི་རེ་བ་ཡོད་པ་རེད། རེ་བ་ཡོད་པ་ཡིན་པས་རེ་བ་དེ་སྒྲུབ་འོས་པ་ཞིག་རེད། ང་ཚོ་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་བསྒྲུབ་དགོས་པ་དང་བསྒྲུབ་འོས་པ་རེད། སེམས་ཅན་ཐམས་ཅད་བདེ་བའི་མགྲོན་དུ་གཉེར་མཁན་ཞིག་ཡིན་ན་འདི་ལ་བསམ་བློ་གཏོང་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།
ཡོང་ཁུངས་༧གོང་ས་མཆོག་གི་དྲ་བ།