གངས་དཔལ།
སྲོག་གི་སྐྱོར་མ་དེ་གྲེ་བར་འཁྱིལ་བའི་ཡིག་དྲུག་བཞིན།།
སེམས་ཀྱི་བུ་ག་ནས་བསམ་གཏན་སྒོམ་ནས་བརྗེད་མྱོང་མེད།།
སྲོག་གི་སྐྱོར་མ་དེ་རྨོངས་སྤུ་འཇམ་པའི་བྷ་ག་བཞིན།།
རུས་མེད་ལངྒ་འདིས་སྐར་ཆ་ཙམ་ཡང་ཀློད་མྱོང་མེད།།
སྲོག་གི་སྐྱོར་མ་དེ་སྤྲིན་ལ་ཆགས་པའི་སྣང་བ་ཞིག།།
དར་གྱི་རྔམས་ཁ་གན་གཞས་ཀྱིས་ཕྱེས་དེ་སྦྲང་ཆར་བབས།།
སྲོག་གི་སྐྱོར་མ་དེ་ལས་ལ་འབྲེལ་བའི་གྲངས་ཀ་ཞིག །
སྒྱུར་བགོ་སྣོན་ཕྲི་བཞིས་ཀླད་པ་དྲུད་དེ་གསེང་ལ་ཟུག།།
སྲོག་གི་སྐྱོར་མ་དེ་བྱེ་ལྗོངས་བརྟོལ་བའི་རྔ་མོང་ཞིག།།
རྣམ་དག་སེམས་པ་འདིས་སྐེ་དྲིལ་དཀྲོལ་གྱིན་ལམ་པ་མཛད།།
སྲོག་གི་སྐྱོར་མ་དེ་བྲག་ན་སྐྱེས་པའི་གུར་གུམ་ཞིག།།
སེམས་ཀྱི་ར་ཕོ་འདིས་ཨག་ཚོམ་གཡུག་བཞིན་ཐེམ་ལ་འཛེག།།
སྲོག་གི་སྐྱོར་མ་དེ་སྙིང་ལ་གཟེར་བའི་ཟུར་མིག་ཅིག།།
ཁོ་བོའི་རྣམ་ཤེས་ལ་ཆོས་འཁོར་བསྐོར་ཏེ་རྒྱལ་ཁབ་བཙུགས།།
སྲོག་གི་སྐྱོར་མ་དེ་སྨུག་པའི་ནང་གི་རྫི་མོ་ཞིག།།
རྫི་གླུ་སིང་སིང་གིས་ཟིལ་བ་གཏོར་ཏེ་ལུས་སུ་སིམ།།
སྲོག་གི་སྐྱོར་མ་དེ་ནང་མ་ཁང་གི་གར་མ་སྟེ།།
སྐྱེམས་ཆང་དཀར་ཡོལ་གང་སྙིམ་པས་གཏད་དེ་དྲན་ཐལ་གསུང།།
སྲོག་གི་སྐྱོར་མ་དེ་སད་མ་ཐག་པའི་གླལ་སྒྱིང་ངོ།།
རྨི་ལམ་ལྗང་ཁུ་ལས་གཅེར་བུར་བུད་དེ་སྐེ་ལ་འཇུ།།
སྲོག་གི་སྐྱོར་མ་དེ་དམར་ཁ་ཚ་བའི་སྟར་བུ་ཞིག།།
ཁ་ཡི་གུར་ཁང་དུ་སྐྱུར་ཁུ་འཁྱིལ་ཞིང་སོ་རྩེ་རྩེད།།
སྲོག་གི་སྐྱོར་མ་དེ་མིག་ལ་ལྷུང་བའི་དངོས་གྲུབ་ཞིག།།
ཧེབ་རྒན་གངས་དཔལ་གྱིས་ལག་པ་འཛེད་ནས་ཀེར་ཀེར་ལྟ།།
སྲོག་གི་སྐྱོར་མ་དེ་ཚྭ་སྒོང་འབྱར་བའི་སྒོག་དཀར་ཞིག།།
ཚོར་བའི་སེན་མོ་ཡིས་སྒོག་ཤུན་བཤུས་ཏེ་བཟའ་འདོད་རེམ།།
སྲོག་གི་སྐྱོར་མ་དེ་དཔྱིད་ལ་དཀོན་པའི་འོ་མ་སྟེ།།
མ་མེད་ལུག་ཆུང་འདིའི་རྔ་མ་འགུལ་ཅིང་འབའ་སྐད་གྲག།།
༢༠༡༣ ༧ ༡༥ཉིན།
ངེད་དྲ་ཚིགས།