རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རོང་པ་ཤིན་ན།

       ཀྲུང་གོའི་དཔལ་འབྱོར་དྲ་བར་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རོང་པ་ཤིན་ནས《དཔལ་འབྱོར་ཉིན་རེའི་ཚགས་པར》 དང་ཀྲུང་གོའི་དཔལ་འབྱོར་དྲ་བའི་གསར་འགོད་པའི་བཅར་འདྲི་བྱེད་སྐབས། སྲིད་གཞུང་གིས་ཆེད་ལས་སྡེ་ཚན་བཙུགས་པ་བརྒྱུད། འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་དོན་ལ་གཙོ་ཁྲིད་གནང་དགོས་པ་དང་ ཆབས་ཅིག་བཅའ་ཁྲིམས་བཙུགས་ཏེ《འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་ཀྱི་སྒྲིག་སྲོལ》གཏན་འཁེལ་གནང་རྒྱུ་དང་། ལམ་ལུགས་སྟེང་ནས་འཇིག་ཉེན་ཆེ་བའི་སྐད་ཡིག་གི་གོ་གནས་ལ་ཁག་ཐེག་གནང་དགོས་ཞེས་ དང་། སྐད་ཡིག་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་གལ་ཆེན་ ཞིག་ཡིན་མོད། སྐད་རིགས་མང་པོ་ཞིག་ད་ཆ་འཇིག་པའི་ཉེན་ཁར་འཕྲད་འདུག་པས། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྣ་མང་རང་བཞིན་ལའང་དེ་མཚུངས་ཀྱི་ ཉེན་ཁཡོད་པས་བཅའ་ཁྲིམས་བཙུགས་ནས་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་འདུག
རོང་པ་ཤིན་ན་ཡིས་སྐད་རིགས་གང་ཡིན་ཡང་དེར་སྐད་ཡིག་དེ་རིགས་བཀོལ་སྤྱོད་བྱེད་ མཁན་གྱི་ལོ་རྒྱུས་དྲན་ཤེས་དང་རིག་གནས་ཁྲག་རྒྱུན་ཐིམ་ཡོད་ཅིང་། སྐད་ཡིག་དེ་ཉིད་བཀོལ་སྤྱོད་མཁན་མི་རིགས་དེའི་ཐུན་མོང་མིན་པའི་རིག་གནས་དང་ ཤེས་རབ་ཀྱང་སྐད་ཡིག་ནང་ཉར་ཡོད་པ་མ་ཟད། སྐད་རིགས་དེ་ཉིད་བཀོལ་སྤྱོད་བྱེད་མཁན་མི་རིགས་དེའི་རིག་གནས་ཕ་སྐད་དུའང་ གྱུར་ཡོད་པས། སྐད་རིགས་གང་ཞིག་འཇིག་ཉེན་དུ་གྱུར་པ་ནི་མིའི་རིགས་ཐུན་མོང་གི་གྱོང་གུད་ཅིག་ ཡིན་པ་སྨོས་མ་དགོས་ཞེས་བཤད་ཅིང་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ལ་དོ་ཁུར་ ཆེན་པོ་གནང་འདུག
རོང་པ་ཤིན་ནས་ད་དུང་གསར་འགོད་པར། མིག་སྔར་འཛམ་གླིང་སྟེང་ཧ་ལམ་སྐད་ཡིག་རིགས ༦༠༠༠ ཡོད་མོད། དེ་དག་ལས་སྐད་ཡིག་མང་པོ་ཞིག་འཇིག་པའི་ཉེན་ཁར་འཕྲད་ཡོད་པ་དང་། ཐ་ན་མི་གྲངས་ཁྲི་སྟོང་མང་པོས་བཀོལ་སྤྱོད་བྱེད་པའི་སྐད་རིགས་དག་དེང་གི་ཆར་ རྒྱུད་འཛིན་མཁན་དང་བེད་སྤྱོད་མཁན་མེད་པར་གྱུར་ནས་མི་རབས་རྗེས་མའི་བྱིས་པ་ དག་གིས་སློབ་མི་ཐུབ་པར་གྱུར་འདུག་ལ། དེ་ཡང་འཛམ་གླིང་སྟེང་ཧ་ལམ་བརྒྱ་ཆའི་བདུན་ཅུའི་མི་གྲངས་ཀྱིས་ཕལ་ཆེར་བརྒྱ་ ཆའི་བཞི་ཡི་སྐད་རིགས་བཀོལ་སྤྱོད་གནང་གི་ཡོད་ཅིང་། དེ་ལས་ལྡོག་སྟེ། འཛམ་གླིང་ཡོངས་སུ་བརྒྱ་ཆའི་གོ་དྲུག་གི་སྐད་རིགས་ནི་བརྒྱ་ཆའི་གསུམ་གྱི་མི་ གྲངས་ཀྱིས་བེད་སྤྱོད་གཏོང་གི་འདུག་པས། མ་མཐའ་ཡང་སྐད་རིགས་ཡོངས་ཀྱི་ཕྱེད་ཀ་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་སྔར་བས་ ཉུང་ངུར་ཕྱིན་འདུག་ཅེས་ངོ་སྤྲོད་གནང་འདུག
རོང་པ་ཤིན་ན་ཡས་ཡུན་ནན་དབའ་རིགས་ཀྱིས་སྐད་རིགས་དཔེར་བཀོད་ནས་གསར་འགོད་པར་ བསྟན་དོན། དབའ་རིགས་ཀྱི་སྐད་ཆ་རྒྱ་གར་དང་འབར་མའི་སྐད་ཁོངས་སུ་གཏོགས་མོད། སྐད་རིགས་འདི་ཉིད་བཀོལ་སྤྱོད་མཁན་གྱི་རྒྱལ་ཁབ་དང་ས་ཆ་ནི་ལོ་རྒྱུས་སྟེང་ཡུན་ རིང་པོར་མི་སེར་སྤེལ་བའི་དབང་སྒྱུར་དུ་ཚུད་རྐྱེན། ཁོང་ཚོས་མེས་པོ་མང་ཤོས་དང་ཐ་ན་ཡོད་ཚད་ཀྱི་སྐད་ཆར་དབྱིན་ཡིག་གིས་ཚབ་བྱས་འདུག ཡུན་ནན་དབའ་རིགས་ཀྱིས་ད་བར་དུ་ཉར་ཚགས་གནང་པའི་སྐད་ཆ་ནི་རྒྱ་གར་དང་འབར་མའི་ སྐད་ཁོངས་ཀྱི་རྒྱ་ཆེ་བའི་རྒྱལ་ཁབ་དང་ས་གནས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཕ་སྐད་ གྲས་ཀྱི་གཅིག་ཡིན་ལ། རྒྱལ་ཁབ་དང་ས་གནས་འདི་དག་ལ་མཚོན་ན་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན།
རོང་པ་ཤིན་ནས་གསར་འགོད་པར། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱིས་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག་རིག་གནས་ཁག་ཅིག་ཉར་ཚགས་བྱས་ཡོད་ཅིང་། མི་གྲངས་ཅུང་ཉུང་ནའང་། ཁོང་ཚོའི་སྐད་ཡིག་ནི་འཛམ་གླིང་ལོ་རྒྱུས་རིག་གནས་ཁྲོད་ཀྱི་རིན་ཆེན་ནོར་བུ་ རེད། མི་གྲངས་ཅུང་ཉུང་པའི་གྲངས་ཉུང་མི་རིགས་འདི་དག་གིས་ཀྲུང་ཧྭ་མི་རིགས་ཀྱི་ ཁྱིམ་གཞིས་ཆེན་མོར་ངོས་ལེན་གྱི་འདུ་ཤེས་ཤུགས་དྲག་པོ་ཡོད་པ་དང་། དེ་ནི་འབྱུང་འགྱུར་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་མེད་དུ་མི་རུང་པའི་ གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་གནང་བྱུང་།
ཀྲུང་གོའི་འཕེལ་རྒྱས་སྟོབས་འབྱོར་རྒྱས་པ་དང་བསྟུན། མི་གྲངས་གནས་སྤོར་བྱ་རྒྱུའང་ཇེ་མང་དུ་ཕྱིན་མོད། གྲངས་ཉུང་མི་རིགས་ཁག་ཅིག་སྐད་ཡིག་རིམ་གྱིས་འཇིག་ཉེན་དུ་གྱུར་པ་དང་། དེ་དང་འབྲེལ་བའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་རིམ་བཞིན་ ཉམས་རྒུད་དང་ཐ་ན་རྩ་མེད་དུ་གྱུར་འདུག
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རོང་པ་ཤིན་ནས་གསར་འགོད་པར། མི་གྲངས་ཅུང་ཉུང་པའི་མི་རིགས་ནུའུ་རིགས་དང་། ཀེ་ལའོ་རིགས། ཕུའུ་སྨི་རིགས། ཅི་ནུའོ་རིགས་སོགས་ལྟ་བུའི་མི་རིགས་ཀྱི་བརྒྱ་ཆའི་ཉི་ཤུའི་སྐད་རིགས་འཇིག་ ཉེན་དུ་གྱུར་འདུག་པ་དང་། བརྒྱ་ཆའི་བཞི་ཅུའི་སྐད་རིགས་ནི་འཇིག་ཉེན་དུ་གྱུར་རྟགས་མངོན་པའམ་འཇིག་ཉེན་ ཕྱོགས་སུ་སླེབས་འདུག་པ། དཔེར་ན་ཐ་ཐར་རིགས་ལ་མི་གྲངས ༥༠༠༠ ལྷག་ཡོད་ནའང་། ཐ་ཐར་སྐད་རིགས་བཀོལ་སྤྱོད་བྱེད་མཁན་མི་གྲངས༡༠༠༠ལྷག་མ་གཏོགས་མེད་པ་དང་། ཧོ་ཀྲེ་རིགས་འདུས་སྡོད་ས་ཁུལ་དུ་མི་གྲངས་ཉི་ཤུ་ལྷག་གིས་མ་གཏོགས་ཧོ་ཀྲེ་སྐད་ རིགས་འཆད་མི་ཐུབ་པ། ཤན་ཏའོ་སྐད་རིགས(ཨ་ཁྲང་རིགས་ཀྱི་མ་ལག་ཅིག་གིས་སྤྱོད་པའི་སྐད་ཆ)བེད་སྤྱོད་ གཏོང་མཁན་མི་གྲངས་བརྒྱ་ཙམ་ལས་མི་འདུག་ཅེས་ངོ་སྤྲོད་གནང་བྱུང་།
མི་གྲངས་ཅུང་མང་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་གནས་བབ་ཀྱང་ དེ་བཞིན་ཀུན་གྱིས་སེམས་ཁྲལ་ཆེ་བ་ཞིག་ཡིན་ཏེ། དཔེར་ན། མན་ཇུ་རིགས་ལ་མི་གྲངས་བྱེ་བ་ལྷག་ཡོད་ནའང་། མིག་སྔར་མན་ཇུའི་སྐད་བཤད་ཤེས་མཁན་དང་། མན་ཇུའི་ཡི་གེ་ཤེས་མཁན་ནི་ལོ་གྲངས་བརྒྱད་ཅུར་སོན་པའི་བགྲེས་པོ་ཁ་ཤས་མ་ གཏོགས་མི་འདུག་ལ། ཁོང་ཚོ་ཧེ་ལུང་ཅང་གི་བྱང་ཕྱོགས་གྲོང་ཚོར་འཚོ་སྡོད་བྱས་འདུག བགྲེས་པོ་འདི་དག་ཚེ་ལས་འདས་ཚེ། མན་ཇུའི་སྐད་ཡིག་ནི་རྩ་མེད་དུ་འགྱུར་ཉེན་ཆེ་བ་རེད། ༢༠༡༠ལོའི་མི་གྲངས་ཡོངས་བཤེར་ཁྲོད་དབྱིས་རིགས་ལ་མི་གྲངས་ཁྲི༨༦༠ལྷག་ཡོད་ཅིང་། མི་རིགས་དེར་ལོ་རྒྱུས་ཡུན་རིང་པའི་སྐད་ཡིག་ཡོད་ནའང་། ད་ཆ་མི་རིགས་དེའི་ཁྲོད་མི་གྲངས་ཡོངས་ཀྱི་བརྒྱ་ཆའི ༤༠ ཡིས་མ་གཏོགས་ཕ་སྐད་བཤད་ཤེས་ཀྱི་མེད་པ་རེད།
རིག་གཞུང་སྡེའི་སྤྱིར་བཏང་གི་བཤད་ཚུལ་ལྟར་ན། རང་རྒྱལ་དུ་སྐད་རིགས ༨༠ ཡན་དང་། ཡིག་རིགས༣༠ཡི་གཡས་གཡོན་འདུག ཡི་གེ་མེད་པའི་སྐད་རིགས་བེད་སྤྱོད་གཏོང་མཁན་མི་གྲངས་ཁྲི་ལས་ཉུང་འདུག་ལ། དེ་དག་རྒན་པོ་དག་གི་རི་གླུ་དང་ངག་རྒྱུན་སོགས་ཁ་བརྡའི་ཁྲོད་ལྷག་ཡོད་པ་ཙམ་ལས་ དོན་དངོས་སུ་འཇིག་ཉེན་དུ་གྱུར་ཡོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རོང་པ་ཤིན་ནས། ཆ་རྐྱེན་གྱི་འཐུས་ངོར《འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་སྒྲིག་སྲོལ》གཏན་ འཁེལ་གནང་རྒྱུ་དང་། ཆེད་ལས་སྡེ་ཚན་བཙུགས་ནས་འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་བྱེད་པ། ཆེད་སྤྱོད་མ་དངུལ་བཏོན་ནས་འཇིག་ཉེན་ཆེ་བའི་སྐད་ཡིག་གི་ཐོ་འགོད་དང་། བསྐྱར་དར། སྐུལ་སྤེལ་སོགས་ཀྱི་འཆར་འགོད་ཐད་མ་དངུལ་གྱིས་རྒྱབ་སྐྱོར་གནང་པ། མི་ཤུགས་དང་། དངོས་ཤུགས། རྒྱུ་ཤུགས་གཏོང་ཚད་ཇེ་མཐོར་བཏང་ནས་འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་བྱ་ རྒྱུ་དེ་སྲིད་གཞུང་གི་ལས་དོན་ཁྲོད་དངོས་སུ་ཚུད་པར་བྱ་དགོས་ཞེས་པའི་དགོངས་ འཆར་བཏོན་འདུག་ལ། ཧུར་ཐག་སྒོས་གྲངས་ཉུང་མི་རིགས་ཀྱི་འཇིག་ཉེན་ཆེ་བའི་སྐད་ཡིག་གཏན་འཁེལ་ལས་ དོན་ལ་སྐུལ་འདེད་བྱེད་རྒྱུ་དང་། མི་རིགས་སྐད་ཡིག་ཆེད་མཁས་རྩ་འཛུགས་བྱས་ཏེ་ས་གནས་ཁག་གི་འཇིག་ཉེན་ཆེ་བའི་སྐད་ ཡིག་ལ་བརྟག་དཔྱད་གཏིང་ཟབ་གནང་པ། འཇིག་ཉེན་ཆེ་བའི་སྐད་ཡིག་ལ་ཐོ་འགོད་ཡིག་ཚགས་བཟོས་ཏེ་ཆ་རྐྱེན་ཅི་རིགས་སྒོས་ སྐད་ཡིག་འདི་དག་གི་རྒྱུ་ཆར་ཐོ་འགོད་དང་ཞིབ་འབྲི། ཉར་ཚགས་བྱེད་པ་དང་། སྐད་ཡིག་འདི་དག་ལ་ཞིབ་འཇུག་གི་ཆེད་རྩོམ་དང་། ཚིག་མཛོད་པར་སྐྲུན་ལ་མཐུན་རྐྱེན་བསྐྲུན་ནས། རིམ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྒྲ་མཛོད་དང་། སྒྲ་ཕབ། འཇིག་ཉེན་ཆེ་བའི་སྐད་ཡིག་གི་སྒྲ་གཟུགས་རྒྱུ་ཆ་ཉར་ཚགས་གནང་དགོས་པའི་དགོངས་ འཆར་བཏོན།
གཞན་ད་དུང་། ཁོང་མོས་སློབ་གསོའི་སྲིད་ཇུས་ལེགས་བཅོས་བྱས་ནས། སྐད་གཉིས་སློབ་ཁྲིད་བེད་སྤྱོད་ལ་སྐུལ་འདེད་བྱེད་པའི་དགོངས་འཆར་ཡང་བཏོན། འཇིག་ཉེན་ཆེ་བའི་སྐད་ཡིག་གི་ཕ་སྐད་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས་བྱས་ ནས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཧུར་ཐག་སྒོས་སྐད་གཉིས་སློབ་གསོའི་སྲིད་ཇུས་ ལག་བསྟར་གནང་དགོས་པ་དང་། གྲངས་ཉུང་མི་རིགས་སྐད་ཡིག་གི་དགེ་རྒན་ལ་གཞི་རྩའི་སྐད་བརྡ་རིག་པ་དང།་ སྐད་བརྡ་སློབ་ཁྲིད་བྱེད་ཐབས་དང་ནུས་རྩལ། སློབ་ཐུན་བཀོད་སྒྲིག སློབ་དེབ་རྩོམ་སྒྲིག་སོགས་སྐོར་སྦྱོང་པ་ཐོབ་པར་བྱ་དགོས་པ། གྲངས་ཉུང་མི་རིགས་ས་ཁུལ་དུ་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་འཇིག་ཉེན་ཆེ་བའི་སྐད་ ཡིག་བེད་སྤྱོད་མཁན་དག་གིས་རང་གི་ཕ་སྐད་སྐོར་གྱི་རྒྱུ་ཆར་ཞིབ་འཇུག་དང་། ཐོ་འགོད། དག་སྒྲིག་བྱེད་ཐད་ཟབ་སྦྱོང་གནང་དགོས་པ། ས་གནས་འོས་འཚམ་ཁག་ཏུ་འཇིག་ཉེན་ཆེ་བའི་སྐད་ཡིག་སྲུང་སྐྱོབ་དཔེ་སྟོན་གྲོང་ཚོ་ བཙུགས་ནས་རང་མི་རིགས་དང་རང་ས་གནས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་བརྩི་མཐོང་རང་ བཞིན་ལ་སྐུལ་འདེད་གནང་པ་བརྒྱུད། འཇིག་ཉེན་ཆེ་བའི་སྐད་ཡིག་གི་ཚེ་ཐག་ཇེ་རིང་དུ་གཏོང་དགོས་པའི་དགོངས་ཚུལ་བཏོན་ འདུག

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

%d