ཡར་ཀ་རྡོ་རྗེ་ཐུབ་བསྟན་ནས།

    བོད་མི་རིགས་ཀྱི་རིག་གནས་ངོ་མའམ་སྙིང་པོ་ནི་འཚེ་བ་མེད་པའི་སྤྱོད་པ་དང་རྟེན་ཅིང་འབྲེལ་འབྱུང་གི་ལྟ་བ་དེ་ཡིན། དེ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་དང་། འཇིག་རྟེན་འདིའི་གནས་ལུགས་ངོ་མ་ཇི་ལྟ་བ་རྟོགས་པའི་ཤེས་རབ་དེའོ།  ལྟ་སྤྱོད་ཀྱི་རིག་གནས་འདི་ནི་བོད་མི་རིགས་ཀྱི་འཚོ་བ་དང་།  བསམ་བློ།  སྒྱུ་རྩལ་སོགས་ཕྱོགས་གང་ཐད་ནས་འོ་ཆུ་གཅིག་འདྲེས་སུ་གྱུར་ཡོད་ལ།  སྒྲ་དང་ཚད་མ།  སྙན་དངགས་དང་མངོན་བརྗོད་ལ་སོགས་པ་ནི་ལྟ་སྤྱོད་འདི་དག་རྟོགས་བྱེད་ཀྱི་ཐབས་ཡིན་པ་ལས་མཐར་ཐུག་གི་རིག་གནས་མ་ཡིན། དེ་ཕྱིར་ང་ཚོས་རྟོགས་བྱ་དང་རྟོགས་བྱེད་གང་ཡིན་པ་ལེགས་པར་ཤེས་དགོས་པ་ལས་སྙིང་པོ་དོར་ནས་ཕྱི་ཤུན་ལེན་པ་ནི་ཤིན་ཏུ་ནས་མི་རིགས་སོ།

གནའ་སྔ་མོར་བྲན་གཡོག་ལམ་ལུགས་ཀྱི་སྐབས་རྣམས་སུ།   མི་དང་མིའི་བར་ལ་བཤུ་གཞོག་དང་གཉའ་གནོན།   ཕོ་མོ་དང་རིགས་རུས་ཀྱི་བར་ལ་ཐོབ་ཐང་དབྱེ་བར་བྱས་ནས་ཕན་ཚུན་མཐོང་ཆུང་བྱེད་པའི་དུས་དེར་མུན་ནག་གི་དུས་རབས་ཅེས་ད་ལྟ་འཕྱ་སྨོད་བྱེད་ཀྱི་ཡོད།  ད་ལྟ་ནི་དེ་ལས་ལྡོག་ཏེ་ཕོ་མོ་དང་རིགས་རུས་ཀྱི་དབྱེ་བ་མེད་པ་རྒྱལ་ཁྲིམས་ཀྱིས་སྲུང་སྐྱོབ་བྱས་ཡོད་ལ་མི་རྣམས་ཀྱི་སེམས་ལ་ཡང་དེ་ལྟར་འདྲ་མཉམ་དགོས་པའི་གོ་རྟོགས་ཡོད་པ་དེ་དུས་རབས་འདི་འཕེལ་རྒྱས་ཀྱི་ཚད་ངེས་ཅན་ཞིག་ལ་སླེབས་པའི་རྟགས་སུ་ཡིན།   ཡིན་ན་ཡང་ད་དུང་མི་དང་སེམས་ཅན་གཞན་པའི་བར་།   མི་དང་རང་བྱུང་ཁོར་ཡུག་གི་བར་ལ་གནམ་ས་ལྟ་བུའི་དབྱེ་བ་ཡོད་པ་འདི་ནི་མིའི་རིགས་ཀྱི་སློབ་གསོའི་སྤུས་ཚད་ཆེས་མཐོན་པོ་ཞིག་ལ་ད་དུང་སླེབས་མ་ཐུབ་པའི་རྟགས་སུ་འདུག

ད་ལྟའི་དུས་རབས་འདིའི་ནང་།   དཔལ་འབྱོར་དང་ཚན་རྩལ་གྱི་འཕེལ་རྒྱས་ཚད་མཐོན་པོ་ལ་སླེབས་པ་དེས་མིའི་རིགས་ལ་ཕན་པ་རྒྱ་ཆེར་བསྐྲུན་གྱི་ཡོད། ཡིན་ན་ཡང་དེ་དང་མཉམ་དུ་མི་རྣམས་ཀྱི་ནང་སེམས་ཀྱི་འདོད་རྔམ་དང་།  དེས་བསྐྱེད་པའི་སྡུག་བསྔལ་དང་གནོན་ཤུགས་སོགས་ཇེ་ཆེ་དང་ཇེ་མང་དུ་འགྲོ་བཞིན་པའི་སྒང་འདིར།   བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་བསམ་སྤྱོད་སློབ་གསོ་འདི་རྒྱུན་འཛིན་གོང་འཕེལ་དུ་གཏོང་རྒྱུ་ནི་ང་ཚོ་བོད་མི་ཡོངས་དང་ལྷག་པར་སློབ་གསོའི་ལས་དོན་སྒྲུབ་བཞིན་པའི་དགེ་རྒན་རྣམ་པའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་པར་འདུག་སྙམ།

ལྷག་པར་ལོ་ཆུང་བྱིས་པ་རྣམས་ལ་བསམ་བློའི་སློབ་གསོ་བཟང་པོ་དེས་བྱིས་པ་དེའི་མི་ཚེ་གཅིག་གི་རིང་ལ་རྒྱུ་ནོར་གྱིས་ཚབ་མི་ཐུབ་པའི་ཕན་ནུས་ཆེན་པོ་ཐོན་ངེས་པར་ནི་མཚོ་ཕྱི་ནང་གི་མཁས་པ་ཀུན་གྱིས་བཞེད་པ་ཡིན།   བུ་ལ་སྤྱོད་བཟང་བསླབས་པ་དེ།  །ཕ་མ་བཟང་པོའི་བཞག་པ་ཡིན།   །  ཞེས་གསུངས་པ་བཞིན་ཕ་མས་བུ་རྒྱུད་ལ་བཞག་པ་མཆོག་ནི་རིག་གནས་དང་སྤྱོད་པ་བཟང་པོ་ཞིག་ཡིན་པ་ལས་རྒྱུ་ནོར་མིན། གནའ་དེང་གི་རྒྱལ་ཁབ་ཕྱི་ནང་གི་རླབས་ཆེ་བའི་མཁས་པ་གྲགས་ཅན་མང་པོས་མ་གྲོས་གཅིག་མཐུན་གྱིས།བྱིས་པ་རྣམས་ལ་རིག་གནས་དང་ལག་རྩལ་བསླབ་པ་ལས་ཀྱང་ཆེས་གཙོ་ཆེ་བ་ནི། ཁོ་ཚོར་བསམ་པ་བཟང་པོ་དང་ཀུན་སྤྱོད་ལེགས་པོ་ཞིག་གོམས་ལོབ་ཏུ་འཇུག་དགོས་པ་དེ་ཡིན།  དེ་ནི་སློབ་གསོའི་ཁ་ཕྱོགས་ཡིན་ལ་སྙིང་པོའང་ཡིན།ཞེས་གསུངས་སོ།།

དེ་ཕྱིར་ཇི་སྐད་དུ་ཀླད་ཆུང་རང་བཞིན་ངན་པ་ལ། །ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །ཞེས་སྤྱོད་པ་མི་ལེགས་པའི་ཡོན་ཏན་གྱིས་རང་གཞན་ཀུན་ལ་ཕན་ཐོགས་པ་མ་ཡིན་ཞེས་བོད་ཀྱི་དམ་པ་རྣམས་ཀྱིས་གསུངས་པ་ཡིན། བྱིས་པ་རྣམས་ཀྱི་ཐོག་མའི་དགེ་རྒན་ཕ་མ་ཡིན་པ་དང་།    ཕ་མའི་ཀུན་སྤྱོད་བཟང་ངན་དེ་བྱིས་པ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ངེས་ཡིན་ལ།  དེས་བྱིས་པ་དེའི་མི་ཚེ་གཅིག་གི་མི་གཤིས་བཟོ་བ་རེད། བོད་ཀྱི་དམ་པ་གོང་མས་ལྕང་གསར་ཆུང་དུས་འདྲོང་ན་འདྲོང་པ་རེད།  ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན་ཞེས་གསུངས་པ་ཡིན་པས།   དེ་བས་ཕ་མ་དང་།   གཞན་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་ལོ་ཆུང་བྱིས་པ་རྣམས་ཀྱི་མདུན་ནས་ལུས་ངག་གི་སྤྱོད་པ་མི་ལེགས་པ་བསྟན་པ་དང་།  བྱིས་པ་ལ་ཀུ་རེའི་ཚུལ་གྱིས་མི་འོས་པའི་གཏམ་བཤད་སོགས་བྱས་ན་བྱིས་པས་དེ་ལ་བསླབས་ནས་དེ་ཉིད་རང་གཤིས་སུ་འགྱུར་འགྲོ་བ་དང་།   གལ་ཏེ་མི་ལེགས་པའི་གཤིས་རྒྱུད་རྣམས་ཆུང་ནས་མ་བཅོས་ན་ལོ་ནར་སོན་རྗེས་བཅོས་དཀའ་བ་རེད།

དེ་ཕྱིར་དགེ་རྒན་དང་ཕ་མ།   ད་དུང་སྤྱི་ཚོགས་སྟེང་གི་རྒན་གཞོན་ཕོ་མོ་ཐམས་ཅད་ཀྱིས་རང་གི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་ནས་ཅི་ནུས་ཀྱིས་ལོ་ཆུང་བྱིས་པ་དང་ན་གཞོན་རྣམས་ལ་བོད་མི་རིགས་སྲོལ་རྒྱུན་གྱི་ཀུན་སྤྱོད་སློབ་གསོའི་སྟེང་ནས་སློབ་གསོ་གཏོང་དགོས་པ་ནི་གལ་གནད་ཆེན་པོ་ཞིག་ཆགས་འདུག་སྙམ། ཅི་ཕྱིར་ཞེ་ན་བྱིས་པ་ནི་མ་འོངས་པའི་མི་རིགས་ཀྱི་བདག་པོ་ཡིན་པས། བྱིས་པའི་བསམ་བློའི་སྤུས་ཚད་དེས་མི་རིགས་གཅིག་གི་སྤུས་ཚད་ལ་ཐད་ཀར་འབྲེལ་བ་ཆགས་པའི་ཕྱིར་རོ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading