གཟུངས་ཕྱུག་སྐྱིད།

——-རྒན་སྙིང་མིག་ལགས་འཇིག་རྟེན་དང་བྲལ་བ་ཐོས་རྗེས་སུ།

བག་ཆགས་ཆེས་མཐུག་ས་ཞིག་ནས།
པོ་ཏ་ལའི་ཆགས་འཇིག་གི་གཏམ་རྒྱུད་སུ་ལ་འཆད་མྱོང་།
འབྲེལ་བ་ཆེས་ཟབ་ས་ཞིག་ནས།
གངས་ཆུའི་དྭངས་གཙང་གི་རོལ་མོ་སུ་ལ་བཀྲོལ་མྱོང་།

ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ལ།
“ཁ་སང་གི་ཉི་མ”སྙིམ་པས་སྐྱོར་བཞིན།
ང་ཚོར་ལེགས་སྐྱེས་སུ་ཕུལ་མཁན་ཁྱེད་མིན་ནམ།
“གངས་རི་རྩེ་མོའི་ཡུལ་དུ།
མཛའ་གཉེན་དོན་འགྲུབ་ལུས་སོང་།”
ངག་རྟ་འདི་ཁོ་ནས་ངའི་བྱིས་དུས་ཀྱི་བར་སྣང་ཆེ་རུ་ཕྱེས་མྱོང་།

ཡར་ཀླུང་གཙང་བོའི་ངག་སྒྲུང་གི་ས་བོན་ལས།
དེ་རིང་གི་ངའི་བསམ་གཞིགས་ཀྱི་ས་གཞི་ལ་ལྗང་མདོག་བསྣན།

དེ་ལྟ་ནའང་། སྙིང་མིག་ལགས་ཁྱེད་གང་དུ་ཕེབས་སོང་།
མཇུག་མཐའི་ལོག་མལ་རྙེད་མ་ཐུབ་པའི་ང་རང་།
གློ་བུར་བཞུད་སོང་བའི་ཁྱེད་ཀྱི་ཤུལ་ལམ་ལ་ཅེར་ཡོད།

སྣང་བ་ཞིག་ལ་དབུ་སྐྲ་སིལ་ལིར་འཁྱིལ་བའི་མི་ཕོ་ཞིག
སྐབས་དེའི་འཛིན་ཁང་གི་གྲུ་ཟུར་ནས་འགྲེང་ཚུལ་མཐོང་ཞིང་།
རིགས་ཞེན་གྱི་རུས་རྐང་སྣུམ་པའི་རྣམ་ཤེས་ཞིག
བདག་གི་འཇིག་རྟེན་ནས་ཡལ་སོང་བ་ཚོར།

དེ་རིང་ཡང་ཡང་དྲན་བྱུང་།
ཀྱག་ཀྱོག་ཆེ་བའི་མཚན་མོ་དེའི་འགྲུལ་བཞུད་ལས།
ཁྱེད་ཀྱིས་མཇུག་མཐའི་མཉམ་འཛོམས་ལྟ་བུའི།
འཛུམ་མདངས་ཤིག་ང་ཚོར་བཞག་ནས་ཕེབས་སོང་།
ཆེས་དྭངས་གཙང་གི་བྱིས་བློའི་སྤང་ཐང་དེ་ནས།
ང་ཚོས་ཀྱང་རྒྱུག་འབྲས་ཀྱི་ཨང་ཐོབ་ཙམ་ཁྱེར་ནས་ཁྱེད་ལ་དེ་ལྟར་སྐྱེལ་མ་བྱས།

གོ་ཐོས་སུ་ཁྱེད་ཀྱིས་ཧི་མ་ལ་ཡའི་འགག་འཕྲེང་བརྒལ་མྱོང་ཟེར།
ཡུལ་གྱར་བའི་ཁྱེད་ཀྱི་གཏམ་རྒྱུད་དེའི་སྔ་ཕྱི་བར་གསུམ།
ཕལ་ཆེར་དེ་རིང་གི་བདག་གི་སེམས་ཁམས་དང་ཡོངས་སུ་མཚུངས་ཨང་།

དེ་ནས་བཟུང་། བདག་གིས་འདི་ལྟར་ཁྱེད་རང་སེམས་ཁོང་དུ་ཡང་ཡང་བྲིས་ཤིང་། ངག་སྒྲོས་ལས་ཡང་ཡང་གླེང་དགོས་བྱུང་།

མཚམས་རེར”སྦས་སྐོང་གི་ལོ་ཟླ”ཁོ་ནས་ང་ལ་ཡང་ནས་བསྐྱར་དུ།
བརྗེད་མི་འོས་པ་མང་པོ་ཞིག་དྲན་སློང་བྱས།

བདག་གི་དགེ་རྒན་ལགས།
འདི་ལྟར་ཕྱིར་ཡོང་མི་སྲིད་པའི་གཏམ་རྒྱུད་ཅིག
ང་ཡི་སྙིང་ཁ་ན་ཡང་ཡང་འཕག་བཞིན་འདུག

༢༠༡༥ ༣ ༢༤ཉིན་བྲིས།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: