འོད་དཀར།

སྡོང་ལོ་རླུང་གིས་བསྐྱོད་པའི་དགུན་ཁ།
དྲང་ངར་གྱི་འཁྱགས་རུམ་ཁྲོད་ན་མགོ་བོ་སྒུར་བའི་བྱེའུ།
འདར་སིག་སིག་གི་སྐད་ཅོར་རེ་སྒྲོགས་བཞིན།
ཅི་ཞིག་ལ་རེ་སྒུག་བྱེད།

སྒེའུ་ཁུང་ནས་མཐོང་བའི་ལྟན་མོ་འདིས།
སྙིང་ལ་ཟུག་གཟེར་ཞིག་སྦྱིན་པས་ཁོག་འདར་བྱེད་དགོས་བྱུང་།

ཆུ་ཚོད་འཁོར་ལོའི་ཐག་སྒྲ་རེ་རེ།
ཤོག་སྨྱུག་ལ་འཐིམས་པའི་དབྱངས་རྟ་ཡིན་ནམ།
ཡང་ན་ཁེར་རྐྱང་གི་འཚོ་བའི་མཚོན་དོན་ཡིན།
ཚོར་བ་མེད་པའི་དེབ་རྒན་དེ་དག་དང་མཉམ་དུ།
ཉིན་མཚན་གོ་ལྡོག་གི་བྱ་སྤྱོད་འདི།
སྨྱོན་པ་ཞིག་གི་ངང་ཚུལ་ཡིན་ནམ།

ལོ་རྒྱུས་ཀྱི་རྨུ་ཐག་ལ་བརྒྱུས་པའི་དཔའ་རྒོད་རེ་རེ།
སུ་ཞིག་གི་ཆེད་དུ་བཞུད་ཟིན་ན་ཡང་།
ཨ་ཁུ་ཁྲོ་ཐུང་ལྟ་བུའི་སྐྱེ་བོ་དེ་ཚོ།
ད་དུང་ཁང་བརྩེགས་ཀྱི་རྩེ།  སྲང་ལམ་གྱི་དཀྱིལ།
མི་མང་གི་མགོ་མཇུག་བར་གསུམ་ན་འཚོ་བའི་ལོ་ཟླ་འདི།
ང་ཁོ་ནར་བསྟན་པའི་འཁོར་བའི་ངེས་འབྱུང་ཡིན་ནམ།

༢༠༡༥། ༠༣། ༢༧ ཉིན་བྲིས།

དཔྱད་མཆན་སྤེལ།

%d