ཁ་སྒང་གཡང་འབུམ་ཚེ་རིང་།

ལས་དང་བསྐལ་བ་བཟང་པོའི་རྟེན་འབྲེལ་ཞིག་གིས།།
སྐྱབས་མགོན་བླ་མ་གངས་རིའི་མགོན་དུ་འཁྲུངས་ཤིང་།།
གངས་ཅན་བོད་མིའི་མི་ཕྱེད་དད་པ་བརྟན་པས།།
མི་ལོ་ང་དྲུག་སྨོན་ལམ་གཙང་མས་བསྐྱལ་སོང་།།

བཙན་པོའི་གཉའ་གནོན་ཐོག་དང་ཆར་བའི་ཟོལ་གྱིས།།
ཉམ་ཆུང་བོད་མིའི་མགོ་ལ་ཧོབ་ཀྱིས་གཞུས་ཏེ།།
མི་བཟོད་ན་ཟུག་དྲག་པོས་ཡོངས་སུ་མནན་པས།།
མི་ལོ་ང་དྲུག་འོ་དོད་རྐྱང་བས་འདས་སོང་།།

བཙན་རྒྱལ་རྒྱ་མིའི་འདྲེ་ལག་ཧམ་པས་བརྐྱངས་ཤིང་།།
དབང་སྒྱུར་སྐྱི་པགས་གཡོ་དང་སྒྱུ་ཡིས་འཛུམ་སྟེ།།
ཟུངས་ཁྲག་ཧུབ་ཀྱིས་འཇིབ་པའི་གདུག་སྤྱོད་དྲག་པས།།
མི་ལོ་ང་དྲུག་མུན་ནག་བཙོན་དུ་ལྷག་སོང་།།

བཙན་པོའི་སྙིང་སྟོབས་ཡ་གླིང་ཁྱོན་ལ་ཁྱབ་པའི།།
གྲགས་སྙན་བློ་དང་སྤོབས་པས་དགུང་དུ་བཏེགས་ཀྱང་།།
སྡིག་ཆེན་བདུད་ཀྱི་དུག་མདའ་མཁའ་རུ་འཕངས་པས།།
མི་ལོ་ང་དྲུག་མཚོན་གྱི་རྩེ་མོར་བསྐོན་སོང་།།

ཆོལ་གསུམ་སོ་སོར་འགྲེངས་པའི་ལྟས་ངན་སྟེང་ལ།།
གཞིས་བྱེས་གཉིས་སུ་བཀྱེད་པའི་ཆག་སྒོ་ལྷུང་ནས།།
མ་བུ་གསོན་བྲལ་བྱེད་པའི་མྱ་ངན་ལྕི་བས།།
མི་ལོ་ང་དྲུག་མིག་ཟུང་མཆི་མས་བངས་སོང་།།

བོད་མིའི་རང་དབང་ལྕགས་ཀྱི་རྒྱ་ལ་བཙུད་སོང་།།
བོད་ཀྱི་ཡུལ་འདི་ཉམ་ངའི་འཐབ་རར་བསྒྱུར་སོང་།།
བོད་ཀྱི་བདེ་སྡུག་མཐོན་པོ་གཡང་ལ་དེད་སོང་།།
མི་ལོ་ང་དྲུག་འཇིགས་དངངས་ཁྲོད་ནས་ལུས་སོང་།།

རིགས་ཞེན་དཔུང་བར་ལྕགས་ཀྱི་གཟེར་ཞིག་བཏབ་སོང་།།
ལ་རྒྱའི་མགོ་བོར་ཉེས་འགེལ་ཐོ་བས་གཞུས་སོང་།།
བདེན་སྨྲའི་ངག་སྒོ་དེ་ཡང་བཙན་གྱིས་བཀག་སོང་།།
མི་ལོ་ང་དྲུག་ལུས་སེམས་སྒྲོག་གིས་བཅིངས་སོང་།།

སྤྱི་ཚོགས་མུན་ནག་ཡིན་པར་དྲིལ་བསྒྲགས་བྱས་ཤིང་།།
བོད་རིགས་རྗེས་ལུས་ཡིན་ཚུལ་ཧམ་པས་བཤད་དེ།།
ཞི་བའི་བཅིངས་འགྲོལ་ཟེེར་བའི་གཤེད་གྲི་དེ་ཡིས།།
མི་ལོ་ང་དྲུག་ཡན་ལག་གཏུབས་ནས་བསྡད་སོང་།།

བོད་ས་ཡར་རྒྱས་ཟེར་བའི་ཟློས་གར་དེ་ལ།།
*ནུབ་རྒྱུད་ཐོན་འབྱེད་*ཟེར་བའི་ཁ་བྱང་བཏགས་ནས།།
རི་སྔོག་ཤིང་གཅོད་སོགས་ཀྱི་གར་སྟབས་བསྒྱུར་སྟེ།།
མི་ལོ་ང་དྲུག་རྐུ་འཕྲོག་ཁོ་ནས་འདས་སོང་།།

མི་རིགས་རང་སྐྱོང་སྲིད་བྱུས་ཁ་ལ་འཁྱེར་ནས།།
འཆམ་མཐུན་སྤྱི་ཚོགས་དགོས་སྐོར་ཡང་ཡང་བརྗོད་ནས།།
དོན་ལ་རྒྱ་རིགས་ཆེན་པོའི་རིང་ལུགས་བཟུང་བས།།
མི་ལོ་ང་དྲུག་བཙན་ཤེད་རྐྱང་བས་མནར་སོང་།།

ཆོས་དད་རང་མོས་ཡིན་པའི་དྲིལ་བསྒྲགས་འོག་ནས།།
གྲྭ་བཙུན་དགོན་ནས་སྤྱུགས་པའི་ལས་འགུལ་སྤེལ་ཐལ།།
འདུ་ཁང་ཁྲིམས་རར་བསྒྱུར་བའི་ལས་ངན་བྱས་ཐལ།།
མི་ལོ་ང་དྲུག་ཀླ་ཀློའི་དབང་ཤུགས་རྒྱས་ཐལ།།

མི་རིགས་འདི་ཡི་ཉམ་ངའི་བདེ་སྡུག་སླད་དུ།།
གཅེས་པའི་ལུས་སྲོག་དེ་ཡང་མཆོད་མེར་བསྒྲོན་ཏེ།།
བདེན་པའི་འཐབ་རྩོད་ནམ་ཡང་གློད་མྱོང་མེད་པའི།།
མི་ལོ་ང་དྲུག་མེ་ལྕེ་དགུང་དུ་མཆེད་ཡོད།།

འཛམ་གླིང་འདི་ཡི་ཆབ་སྲིད་འཕོ་འགྱུར་དེ་ཡང་།།
སྟོབས་དང་འབྱོར་བའི་རྗེས་སུ་ངང་གིས་རྒྱུགས་ཏེ།།
རང་གི་མགོ་བོ་ལ་ཡང་རྡོག་བརྫིས་གཏོང་བས།།
མི་ལོ་ང་དྲུག་ཁེ་ཕན་ཁོ་ནར་ལྟ་འོ།།

བོད་མིའི་ལས་དབང་བསམས་ནས་མིག་ཆུ་བཞུར་ཐལ།།
བོད་མིའི་བདེ་སྡུག་གྱེར་ནས་འཁུན་སྒྲ་ཤོར་ཐལ།།
བོད་ཀྱི་བདེན་དོན་གླེང་བའི་སྡུག་སྐད་འདི་ཡང་།།
མི་ལོ་ང་དྲུག་འདས་པའི་དྲན་ངོར་ཐལ་བྱུང་།།

༢༠༡༥/༠༣/༡༠
ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: