ཁ་སྒང་བས།
ན་ནིང་ཁྱེད་དང་འཕྲད་པའི་ལས་སྐལ་དེ།།
དུང་བའི་སེམས་ཀྱིས་བཞེངས་པའི་མཛེས་སྡུག་ཅིག།
རྨི་ལམ་ཁྲོད་ནས་བརྙེད་པའི་བརྩེ་འདང་འདི།།
བདག་གི་མི་ཚེ་ཧྲིལ་བོའི་རེ་བཞག་ཅིག།
ཁྱེད་ཀྱི་བརྩེ་བ་དྭངས་གཙང་མཚོ་མོ་རེད།།
བདག་གི་དུང་བ་འགྱུར་མེད་རྡོ་རྗེ་བྲག།
ཅུང་ཟད་ཙམ་ལ་བྲལ་བའི་གདུང་བ་ཡང་།།
བསྲོན་དུ་མི་ཚུགས་སྙིང་གི་གཅེས་ལོ་ཀྱེ།།
དཀར་འཇམ་ཤ་ཡིས་བ་སྤུ་ལྡིང་བར་བྱེད།།
ལྷད་མེད་འཛུམ་གྱིས་ཡིད་སེམས་གཡོ་བར་བྱེད།།
རྣམ་དག་སེམས་ལ་བཅངས་པའི་བརྩེ་དུང་སྟེ།།
ཡོད་ཚད་སྙིང་ཆུང་འདི་ཡི་འཕར་རྩར་འབྲེལ།།
ཟླ་བ་ངུ་བའི་མཆི་མ་རྒྱ་མཚོར་འཁྱིལ།།
ཉི་མ་བཤུམ་པའི་སྐད་སྒྲས་གནམ་ས་འགེངས།།
རེ་སྒུག་མིག་ཟུང་བསྐམས་པའི་གཏམ་རྒྱུད་འདི།།
ང་ཡི་མགོ་ལ་ལྷུང་བའི་ཞལ་ལྕེ་ཉིད།།
དྲན་བཞིན་དྲན་བཞིན་ན་ཟུག་ཆེ་རུ་གྱུར།།
སྨྲེང་བཞིན་སྨྲེང་བཞིན་ལག་པས་མགོ་བོ་སྐྱོར།།
ངུ་བཞིན་ངུ་བཞིན་སྐྱོ་བའི་གཞས་ཤིག་བླངས།།
སྙིང་གི་དམར་ཆུང་དྲན་པའི་བརྡ་ལན་ཡིན།།
ངེད་དྲ་ཚིགས།