—91ལོར་ཕོ་བྲང་པོ་ཏ་ལར་ཐོག་མར་མཇལ་རྗེས།
སྙིང་མིག
གནའ་སྔ་མོའི་ཡིད་འཕྲོག་གི་གཏམ་རྒྱུད་དེས།
རྒས་ཉམས་ཤར་བའི་ཕོ་བྲང་པོ་ཏ་ལར་གཟི་བྱིན་བསྣན།
ལོ་ངོ་སྟོང་ཕྲག་གམ་ཡང་ན་དེ་བས་ཀྱང་སྔ་རོལ་ཞིག་ལ།
ཁྱེད་ཀྱི་སྐྱེས་སྐར་རམ་ཡང་ན་ཐོག་མར་དབུ་བརྙེས་བའི་དུས་ནས།
ཁྱོད་ཀྱིས་ད་གཟོད་སྲིད་པའི་རྩེ་མོ་ལ་ཞབས་ཀྱིས་བཅགས།
ཁྱོད་ཀྱིས་ད་གཟོད་ཉི་ཟླ་དང་བར་ཐག་ཉེ་བར་ཕྱིན།
བློ་ཡུལ་ལས་འགོངས་བའི་རླབས་ཆེ་བའི་བདེན་དོན་དེས།
ཁོ་བོར་སེམས་ཤུགས་དང་སྤོབས་པ་ཅིག་ཅར་བསྩལ།
དུས་དེ་ནས་བཟུང་།ངས་ནི་རྟག་པར་ཁྱོད་ཀྱི་ལོ་རྒྱུས་ལ་དྲི་བ་བཏོན།
སྨོན་པ་བརྒྱ་ཕྲག་ཅིག་གིས་ང་རང་ཁྱོད་དང་མཇལ་བ་སྟེས་དབང་མིན།
དེ་རིང་།བདག་གིས་བྱུང་འདས་ཀྱི་གླེགས་བམ་བསྐྱར་དུ་བཀླགས་ཤིང་།
བསམ་གཞིགས་ཀྱི་སྐར་ཚོམ་དགུང་ནས་འདིང་དུས།
འགྱེལ་ལོག་གམ་འཕག་འཚག་ཐེངས་གཅིག་གི་ངེས་ཤེས་སླར་ཡང་རྙེད།
ཆོས་རྒྱལ་སྲོང་བཙན་ནས་བོད་རྒྱལ་གླང་དར་བར།
རླབས་ཆེན་དང་ཉེན་ཁའི་ཁྲོད་ནས་ཁྱོད་ཀྱི་ལང་ཚོ་འབར།
ཨ་ཅེ་རྒྱ་བཟའ་དང་བལ་བཟའ་ཁྲི་བཙུན་གཉིས།
ཁྱེད་ཀྱི་ཕང་བ་ནས་སྐུ་ཚེ་ཐིམ་པའང་སྒྲོ་བཏགས་མིན།
ལྷ་སྒྲུང་ལྟ་བུའི་བྱུང་འདས་ཀྱི་རི་མོ་རེ་རེ།
ཁྲི་ཕྲག་གཅིག་གི་འཐབ་རྩོད་དང་འགལ་ཟླ་རེ་རེ།
ད་ལྟ།ལོ་ཟླའི་རླུང་རླབས་ཀྱི་ལག་པས་རྒྱང་རིང་དུ་བསྣུར་ནའང་།
དུས་མཐའི་བརྩེ་བྲལ་གྱི་བསྲེག་ཟས་གཟུགས་མེད་དུ་བསྒྱུར་ནའང་།
ཤི་གསོས་བྱུང་བའི་ཡར་ཀླུང་གཙང་ཆབ་སྔོན་མོས།
མྱ་ངན་དྲག་པོས་ལོ་རྒྱུས་ལ་ར་སྤྲོད་བགྱིད་བཞིན།
བོར་རྙེད་བྱུང་བའི་གཞོན་དུས་ཀྱི་སྙན་ངག་ཚན་པ་གཅིག ༩༡་ལོར་ལྷ་སར།
ངེད་དྲ་ཚིགས།