བཅུད་པར་གཡང་མཁོ་རྒྱལ།
ཕ་ཁྱིམ་སྨུག་པོ།
ངའི་ཕ་ཁྱིམ་མཐིང་སྨུག་གི་སྦྲ་ནག་རེ་རེ
མཐའ་སྐོར་ན་ནོར་ལུག་གི་རྫོངས་པ་བསྐྱིལ་ཡོད
དེ་རིང དྲན་གདུང་གི་ན་ཟུག་དེ
སང་ཉིན་གྱི་གནའ་གཏམ་ཇི་བཞིན
མུན་པ་ཟབ་ས་ན་ལྷ་སྒྲུང་གི་ལོ་ཟླ་རེ་རེ
ང་ཚོ་དང་རྒྱང་དུ་བཀྱེད་དུས
ངའི་ཕ་ཁྱིམ་སྨུག་པོའི་གནའ་གཏམ་དེ
ང་དང་མཉམ་དུ་རྫོགས་ཚིག་ཅིག་མ་ཡིན་ནམ
༢༠༡༤ལོའི་ཟླ༩་ཚེས་༡༣་ཉིན་རྡ་ས་བཞུགས་སྒར་སྐོར་ལམ་དུ་བྲིས།
མགོ་ཐོག་གི་སྟོན་ཟླ།
སྟོན་ཟླ་འདི་དལ་གྱིས་མི་ཡུལ་དུ་སླེབས་འོང
དོ་ནུབ ལྷགས་རླུང་ཤུར་ཤུར་ལྡང་བྱུང
མི་ཡུལ་ན མཚན་ཧ་ཅང་ནག
སྟོང་བའི་མཁའ་དབྱིངས་ན དོ་ནུབ
ནམ་མཁའི་ཟླ་བ་སྐྱོ་ལྷིང་ངེར་བཞུད་པ་མཐོང
ཨ་ཙི མི་ཡུལ་ནས་བོར་སོང་བའི་ཟླ་བ
གློ་བུར་དུ་དྲན་བྱུང
དོ་ནུབ ནམ་མཁའི་ཟླ་བ་དེ་སྤྲིན་པའི་སྲུབས་ན
མིག་ཟུང་འཛུམ་དམུལ་དམུལ་དུ་ཤར
མི་ཡུལ་གྱི་ཟླ་བ་ཕ་ཡུལ་གྱི་དྲན་པ་བཞིན
ད་དུང
ཡོད་ཚད་ཉིན་སྲིབ་གཉིས་ཀྱི་བར་ན
ནག་འཐོམ་འཐོམ་དུ་འགྱུར་སོང
༢༠༡༤ལོའི་ཟླ་༡༠ཚེས་༢༧མཚན་མོར་རྡ་ས་ནས་བྲིས།
ཁྭ་ཏ།
རྡ་སའི་སྨུག་ལོང་བན་བུན་གྱི་དཀྱིལ་དབུས་ན
ད་དུང་ཁྭ་ཏ་ཚོ གད་སྙིགས་ཀྱི་ཕུང་བོའི་ཁྲོད་ན
འཚང་ཁ་རྒྱག་བཞིན་སར་བབས་བྱུང
ཐང་དཀར་རྒོད་པོས་ལོ་རྒྱུས་ཀྱི་དྲན་ཤིང་ལ་གཟས་ནས
རུས་པའི་དུངས་པ་རྐང་ལ་ཟུག་སོང
མུན་པའི་གཏིང་ཚད་མཇལ་བའི་ལོ་ཟླ་རེ་རེ
ཕྱི་མིག་ཁྲོད་ན ཁྭ་ཏའི་ཨག་སྐད་རེ་རེ་རྣ་བར་ལྷུང་སོང
གད་སྙིགས་ཀྱི་ཕུང་བོ་རེ་རེ་ཡི་སྟེང་དུ་ཁྭ་ཏ་འཁོར་གྱིན
མིག་ཟུང་ཧྲིག་ཧྲིག་ངང་གད་སྙིགས་ལ་ཅེར་འདུག
རུལ་དྲིའི་མཁའ་དབྱིངས་ན ཁྭ་ཏའི་བྱ་ཁྱུ
ཡང་སྐོར་བསྐྱར་འཁོར་གྱིས་སླར་ཡང་གད་སྙིགས་ཁྲོད་ལྷུང་སོང
༢༠༡༥ལོའི་ཟླ་བ་༡ཚེས་༡ཉིན་བཞུགས་སྒར་རྡ་སའི་ཀེ་ལ་ཤ་ཟ་ཁང་དུ་བྲིས་པའོ།
སེམས་ཀྱི་མུན་པ་ཇེ་མཐུག་རེད།
མི་ཡུལ་ན ལོ་ཟླ་ཐོལ་གྱིས་བརྒལ་དུས
དགུན་ཁའི་བཙག་རླུང་རུས་རྐང་ལ་ཟུག་དུས
ཁྱི་སྤྱང་གི་ངོ་གདོང་ལ་གས་ཀ་མ་ཤོར་བ་ཚོར་བྱུང
དབེན་པའི་རི་ལམ་རེ་རེ་ཤད་ཀྱིས་ཟད་སོང
ཡར་ཀླུང་གི་རི་རྩེ་ནས དལ་གྱིས་ཉི་མ་འོད་ཆེན་ཞིག་ཤར་ཡང
ད་དུང ང་ཚོ་མུན་པའི་བཙན་རྫོང་ལ་ལྷུང་ཡོད
ནམ་རྒྱུན ངའི་ཡ་ཆུང་ན་རུམ་པའི་ལོ་ཟླའི་བྲེལ་འཚུབ་ཁྲོད་ནས
གེ་སེར་རྒྱལ་བོ་དང་དཔའ་རྟུལ་སུམ་ཅུ་དྲན་བྱུང
མི་ཡུལ་གྱི་ཧྲག་བར་ན་འཚང་བའི་ལོ་རྒྱུས་ཀྱི་རྨ་ཁ་རེ་རེ
དེ་རིང གློ་བུར་དུ་མིག་ཁར་ལྕེབས་པའི་ལོ་ཟླ་ནག་པོ་མ་ཡིན་ནམ
རྒྱུ་མ་བྲང་ལ་འབྱར་བའི་བཟོད་སྒོམ་དང
ཁྲབ་རྨོག་འཁོར་གསུམ་ལ་གས་ཀ་ཤོར་བའི་གཏམ་རྒྱུད་རེ་རེ
དོ་ནུབ ངའི་བྲང་ཁར་མདེའུ་ལྟར་ཟུག་འོང་དུས
རི་ལུང་ཡོད་ཚད་གཅེར་ལྗེན་དུ་མཐོང་འོང
ངའི་མགོ་ཐོག་གི་རྨི་ལམ་འདི་ཇེ་མཐུག་དང
སེམས་ཀྱི་མུན་པ་ཇེ་ཟབ་ཏུ་ཕྱིན་སོང
༢༠༡༥ལོའི་ཟླ་བ་༡ཚེས་༡༠ མཚན་མོར་རྡ་རམ་ས་ལའི་གླས་ཤག་ཨ་མདོ་གྲོང་གསེབ་ཞེས་བྱ་བའི་དགའ་ཚལ་དུ་སྦྱར་བའོ།
དྲན།
རྡ་སའི་ཨ་སྔོན་དབྱིངས་ན་རྒྱུ་བའི་ཐང་དཀར་རྒོད་པོ་ལགས
དེ་རིང ཁྱེད་ཀྱི་སྙན་དབང་ལན་གཅིག་བདག་ལ་གསན་རོགས་གནོངས་དང
ཁྱེད་ཀྱི་མཁའ་ལ་རྒྱུ་བའི་གཤོག་འགྱུར་གྱི་ལྡེམ་མྱུར་རེ་རེ་མཐོང་དུས
ངའི་ཨ་མ་དྲན་པའི་སྡུག་བསྔལ་བཟོད་གླགས་མི་འདུག
མི་ཡུལ་འདིར དེ་རིང་བདག་ལ་ཡོད་པ་ནི་ཁྱེད་གཅིག་པུ་ཡིན
བྱམས་སེམས་ལྡན་པའི་ཐང་དཀར་རྒོད་པོ་ཞིག་ཡིན་ན
ཁྱེད་ཀྱི་གཤོག་ཟུང་དེ་བདག་ལ་གཡར་རོགས་མཛོད་དང
བདག་གིས་ཕ་ཡུལ་ཕྱོགས་སུ་སྐོར་བ་ལན་ཞིག་བརྒྱབས་ནས
ཕྱིར་ལོག་ཆོག་པ་མ་ཡིན་ནམ
ཐང་དཀར་རྒོད་པོ་ལགས་གསན་བྱུང་ངམ
ངའི་ཡ་ཆུང་རྫ་རི་སྨུག་པོ་དེ་གློ་བུར་དུ་ལྗིད་ཏིག་ཏིག་ཏུ་གྱུར་སོང
བྱིས་དུས་ཀྱི་བག་ཆགས་རེ་རེ དེ་རིང
དྲིན་ཨ་མས་འབྲི་མོ་བཞོ་བའི་དབྱངས་རྟ་རེ་རེ
ངའི་སེམས་པར་འཁྱིལ་བའི་གས་སྲུབས་ནས
ཁད་ཀྱིས་ལྷོ་སྤྲིན་ལྟར་དལ་གྱིས་འཕྱུར་འོང་དུས
ཨ་མའི་ཞལ་རས་ཀྱི་འཛུམ་ཆུང་དང་བྱམས་བརྩེ་དྲན་འོང
ཐང་དཀར་རྒོད་པོ་ལགས བདག་ལ་གཤོག་ཟུང་གཡོར་དང
ངས་ཨ་མའི་མཁའ་དབྱིངས་སུ་ལྡིང་སྐོར་གཅིག་བརྒྱབས་ནས
ཕྱིར་ལོག་ཆོག ཐང་དཀར་རྒོད་པོ་ལགས་གསན་བྱུང་ངམ
༢༠༡༥ ཟླ་༡་ཚེས་༡༣་ཉིན་རྡ་ས་ནས་བྲིས།
ངེད་དྲ་ཚིགས།