ཀྱེ་ཕུར་མཆོག་གསུམ།མཚོ་ལྷོ།
མཁའ་ལ་ཉི་འོད་ཨེན་ཙམ་ཨེན་ཙམ་ཤར།།
ས་ལ་རླུང་བུ་ག་ལེར་ག་ལེར་གཡུགས།།
སྒྲོ་སྤུ་ཁྱོན་ནས་མེད་པའི་བྱེའུ་འགའ།།
ས་སྒང་ཟླུམ་པོར་ཟླུམ་གཟུགས་ཉིད་དུ་འདྲིལ།།
སྤྲིན་པས་མགོ་དཀྲི་དཀྲིས་ནས་ཤར་ལ་བཞུད།།
རླུང་བུས་རལ་གྲི་ཐོགས་ནས་ར་མདར་ཆས།།
ནུབ་ཀྱི་མཚམས་སྤྲིན་ངོ་ཤ་དམར་པོ་ཅན།།
ཧ་ཅང་སྐྱེངས་པའི་ཉམས་ཀྱིས་བར་དུ་གཞོལ།།
གླལ་སྒྱིངས་མལ་དུ་གཟིམ་པའི་སྲོག་ལྡན་འགའ།།
རྐང་ལག་རྐྱོང་བའི་ངལ་བར་འཛེམས་སམ་ཅི།།
བག་འཁུམས་སྐྱུག་ལྡད་དམུར་བའི་མུ་ཅོར་གྱིས།།
ལེ་ལོའི་དབྱིངས་སུ་འགྲེ་ལྡོག་ཡང་ཡང་རྒྱག།
ལྗོན་ཤིང་སྐམ་པའི་གཡབ་མོ་ཁྲོག་སྒྲ་ཅན།།
བསམ་གཞིགས་ཀོ་བ་གྱོང་བའི་རྙི་ལ་ཚུད།།
རེ་ལྟོས་རླབས་རྒྱུ་ཆད་པའི་གསེར་ཉ་ལ།།
འདྲི་གཞིའི་གཅུང་སྐད་གྲངས་ལ་བམ་པོར་བརྩེགས།།
གྲོག་མས་གཅུན་པ་བཏང་བའི་ས་བོན་གྱིས།།
ས་གཞིའི་ངོ་གདོང་བརླན་པའི་མཐུ་ཉིད་ལས།།
ལྗང་པའི་ཁ་སྤུ་འགུལ་ཙམ་ཉིད་དུ་སླེབས།།
ང་ཡང་དྲོན་མོ་མལ་ནས་ཐོལ་གྱིས་ལྡང་།
ངེད་དྲྭ་ཚུགས།