རང་དབང་རང་ལུགས་ཀྱི་གོ་དོན།

ཧུའུ་ཧྲི་ཡིས་བརྩམས། བྱང་སྐར་གྱིས་བསྒྱུར།

           ངས་དེ་རིང་བཤད་རྒྱུའི “རང་དབང་རིང་ལུགས”ནི་ངའི་གོ་བ་ལེན་ཚུལ་ གྱི་རང་དབང་རིང་ལུགས་ཡིན། དེ་བས་ལྷན་རྒྱས་ཀྱིས་བཀའ་སློབ་ལྷུག་སྩོལ་གནང་རོགས།  ཤིན་ཏུ་གོ་སླ་བར་བཤད་ན། རང་དབང་རིང་ལུགས་ནི་རང་དབང་ལ་བརྩི་འཇོག་བྱེད་པའི་དོན་རེད།
ད་ལྟ་ང་ཚོས་བཤད་པའི “རང་དབང” ནི། སྐྱེས་བུར་ཕྱིའི་བཙན་ཤུགས་ཀྱི་གཉའ་གནོན་མི་ཐེབས་པའི་ཐོབ་ཐང་ཞིག་དང། སྐྱེས་བུའི་འཚོ་གཞེས་ལ་ཕྱིའི་བཙན་ཤུགས་ཀྱི་ཚོད་འཛིན་དང་སྡོམ་གཅུན་མི་ཐེབས་ པའི་ཐོབ་ཐང་ཞིག་ལ་ཟེར་གྱི་ཡོད་པ་རེད།  ཕྱིའི་བཙན་ཤུགས་ཀྱི་ཚོད་འཛིན་མ་ཐེབས་པ་ན། ཆོས་ལུགས་ཐད་དད་མོས་རང་དབང་ཡོད་བྱུང་བ་རེད། བསམ་བློའི་ཐད་བསམ་གཞིགས་རང་དབང་ཡོད་བྱུང་བ་རེད། དེ་བཞིན་རྩོམ་འཇུག་དང་དཔེ་སྐྲུན་ཐད་གཏམ་བརྗོད་རང་དབང་དང་དཔེ་སྐྲུན་རང་དབང་ཡོད་བྱུང་བ་རེད། རང་དབང་དེ་དག་ནི་ང་ཚོར་ཐོབ་འདུག་པ་ཞིག་མ་རེད་ལ། ལྷའམ་དཀོན་མཆོག་གང་རུང་ཞིག་གིས་སྩལ་ཡོང་རྒྱུ་ཞིག་ཀྱང་མ་རེད། དེ་ནི་སྔོན་ཐོན་མི་རིགས་འགའ་ཤས་ཀྱིས་དུས་ཡུན་རིང་པོར་ཧུར་ཐག་འབད་ཐག་གི་ རྩོད་ལེན་ལས་བྱུང་བ་རེད།  འགྲོ་མིའི་ལོ་རྒྱུས་སུ་བྱུང་བའི་རང་དབང་རིང་ལུགས་ཀྱི་ལས་འགུལ་ཆེན་མོ་དེ་ནི། དོན་དམ་པར་སྐྱེས་བུས་རང་ཉིད་བཅིངས་པ་ལས་འགྲོལ་ཕྱིར་བར་མ་ཆད་པར་བསྟེན་པའི་ བརྩོན་འགྲུས་རིང་མོ་ཞིག་རེད། དད་མོས་རང་དབང་ནི་ཆོས་ལུགས་ལྟ་གྲུབ་ག་གེ་མོའི་དབང་ཟིལ་གྱི་སྡོམ་གཅུན་ལས་ཐར་བར་བྱས་པ་ལ་གོ་བ་དང། བསམ་བློ་རང་དབང་ནི་སྲིད་ལུགས་བསམ་བློ་ག་གེ་མོའི་དབང་ཟིལ་གྱི་སྡོམ་གཅུན་ལས་ཐར་བར་བྱས་པ་ལ་གོ་ཡི་འདུག


     ཤར་གླིང་གི་རང་དབང་རིང་ལུགས་ལས་འགུལ་གྱིས་ཆབ་སྲིད་རང་དབང་གི་གལ་ ཆེན་རང་བཞིན་ཐུན་མོང་མ་ཡིན་པ་དེར་ངེས་ཤེས་རྙེད་ཐུབ་མེད། དེའི་རྐྱེན་པས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་གི་ལམ་གར་གཞར་ཡང་འཇུག་ཐུབ་མ་ སོང་བ་རེད། ནུབ་ཕྱོགས་རང་དབང་རིང་ལུགས་ཀྱིས་ཏག་ཏག་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཐད་ མཛད་རྗེས་བླ་མེད་བཞག་འདུག་སྟེ། ཁོ་རང་ཚོས་དམངས་གཙོའི་ཆབ་སྲིད་ཁོ་ནས་མི་དམངས་ཀྱི་གཞི་རྩའི་རང་དབང་ལ་འགན་ སྲུང་ཐུབ་པར་ངེས་ཤེས་ཟབ་གསལ་འདྲོངས་ཡོད་ཅིང། དམངས་གཙོ་ལ་གོང་བཀུར་བྱེད་པ་དེ་རང་དབང་རིང་ལུགས་ཀྱི་ཆབ་སྲིད་དོན་སྙིང་དུ་ བསྒྱུར་པའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་རེད། རྒྱལ་ཁབ་གཅིག་ལ་མངའ་སྒྱུར་བའི་དབང་ཆ་དེ་ངེས་པར་དུ་མི་དམངས་མང་ཤོས་ཀྱི་ལག་ པར་ཡོད་དགོས། དེང་རབས་དམངས་གཙོའི་ཆབ་སྲིད་ལམ་ལུགས་ལ་ཨན་འགི་ལོ-ས་ཀི་སིན་མི་རིགས་ཀྱི་མཛད་ རྗེས་གཞན་བས་ཆེ་སྟེ། ངོ་ཚབ་ལམ་ལུགས་ནི་དབྱིན་ཇི་པའི་ལག་རྗེས་རེད། ཡིག་ངོར་བཀོད་ཅིང་བཟོ་བཅོས་བརྒྱབ་རུང་གི་རྩ་ཁྲིམས་ནི་ཨ་རི་པ་དང་དབྱིན་ཇི་ པའི་ཤེས་རབ་ལས་བྱུང་། རང་མིང་མེད་པའི་འོས་འཕེན་ནི་ཨོ་སི་ཁྲུ་ལི་ཡ་པའི་གསར་བཏོད་རེད་དོ།། གོང་འཁོད་དེ་དག་ནི་ཆབ་སྲིད་ཀྱི་རང་དབང་རིང་ལུགས་ལ་ཚང་འོས་པའི་དོན་གྱི་སྙིང་པོ་དག་རེད། འཛམ་གླིང་སྒང་འདིར་ཨན་འགི་ལོ-ས་ཀི་སིན་མི་རིགས་གཅིག་པུས་ལོ་ངོ་བདུན་ བརྒྱའི་རིང་ཁད་ཀྱིས་དམངས་གཙོའི་ཆབ་སྲིད་ཀྱི་ཐབས་ལམ་དང་ལམ་ལུགས་མི་འདྲ་བ་དུ་ མ་འཛུགས་སྐྱོང་སྤེལ་གསུམ་བྱས་ཏེ་འོངས། ལམ་ལུགས་དེ་དག་རྒྱལ་ཁབ་ཆུང་ངུ་ཞིག་ཏུ་ལག་ལེན་བསྟར་ཆོག་ལ་རྒྱལ་ཁབ་ཆེན་པོ་ ཞིག་ཏུའང་ལག་ལེན་བསྟར་ཆོག ༼༡༽ངོ་ཚབ་ལམ་ལུགས་ནི་གནའ་སྔ་མོ་ཞིག་ནས་བྱུང་ཡང། ལོ་རྒྱུས་མཁན་པོ་དག་གིས1295ལོར་དངོས་སུ་ཚུགས་པར་འདོད། ༼༢༽ཡིག་ངོར་བཀོད་པའི་རྩ་ཁྲིམས་སྔ་ཤོས་ནི་དབྱིན་ཇིའི1215ལོའི་རྩ་འཛིན་ཆེན་ མོ་ཡིན་པ་དང། ཉེ་རབས་ཀྱི་དེ་ནི་ཨ་རིའི་རྩ་ཁྲིམས་ཡིན།(1789ལོར) ༼༣༽རང་མིང་མེད་པའི་འོས་ འཕེན(སྲིད་གཞུང་གིས་འོས་ཤོག་ཚགས་ཚུད་དང། འོས་ཤོག་ངོས་སུ་ཚོགས་པ་ཁག་གི་འོས་མིའི་རུས་མིང་གསལ་འབྲི། འོས་འདེམས་པས་གསང་སྟབས་ཀྱིས་འོས་ཤོག་འབྲི་སྐོང)ནི1856ལོར་ལྷོ་ཨོ་སི་ཁྲུ་ལི་ ཡ་རུ་ཀུན་གྱི་སྔོན་མར་ལག་ལེན་དུ་བཏབ།
མི་ལོ་ཉིས་བརྒྱའི་རིང་འགྱུར་འཕེལ་བྱུང་མཐར། རང་དབང་རིང་ལུགས་ལ་སྔར་མེད་དམིགས་བསལ་གྱི་ཆབ་སྲིད་དོན་སྙིང་གཞན་ཞིག་ལྡན་པར་ གྱུར་འདུག་སྟེ། དེས་ཕྱོགས་འགལ་ཚོགས་པར་བཟོད་སྒོམ་དང། སྐྱེ་བོ་ཉུང་ཤས་ཀྱི་རང་དབང་གི་ཐོབ་ཐང་ལ་འགན་སྲུང་ཐུབ་པར་བྱས་ཡོད། དེ་སྔར་ཆབ་སྲིད་ཀྱི་འཐབ་རྩོད་གང་དང་གང་ཞིག་ཡིན་ཀྱང་། ང་ཡིས་ཁྱོད་ཚར་གཅོད་པ་མིན་ན་ཁྱོད་ཀྱིས་ང་ཚར་གཅོད་པ་ཡིན་ལ། ཕམ་ཁ་རག་མཁན་ལ་བདེ་བ་ཕྲ་མོ་ཙམ་ཡང་སྟེར་མི་སྲིད། དེ་ལྟར་ཡང་ཉེ་རབས་ཀྱི་ནུབ་ཕྱོགས་དམངས་གཙོའི་ཆབ་སྲིད་ལ་རིམ་བཞིན་སོ་སོའི་ འགྲན་ཟླ་ལ་བཟོད་སྒོམ་བྱེད་པའི་སྲོལ་ལམ་ཞིག་ཆགས་བྱུང། སྲིད་དབང་ནི་མི་དམངས་མང་ཤོས་ཀྱིས་སྩལ་པར་བརྟེན། ད་ལྟར་གཞུང་སའི་སྲིད་སྐྱོང་ཚོགས་པ[①]ལ་དུས་ནམ་ཞིག་གི་ཚེ་མི་དམངས་མང་ཤོས་ཀྱི་རྒྱབ་ སྐྱོར་མ་ཐོབ་དུས། གང་དེ་རང་ཤུགས་སུ་གཞུང་སར་ལྟ་རྟོག་ཚོགས་པར[②]འགྱུར་རྒྱུ་རེད། དེའི་རྐྱེན་གྱིས་སྲིད་སྐྱོང་ཚོགས་པ་ལ་སྲིད་ཀྱི་ཁྲི་འཕང་ལས་མར་བབས་ཏེ་ཁ་ཆུང་ དབང་ཆུང་གི་འཚོ་བ་སྐྱེལ་རྒྱུའི་གྲ་སྒྲིག་ཅིས་ཀྱང་ཡོད་དགོས། གཞན་དུ་མིའི་གྲངས་འབོར་ཉུང་བའི་ཚོགས་པ་གང་ཞིག་ག་ལེ་ག་ལེར་མིའི་གྲངས་འབོར་ མང་བའི་ཚོགས་པར་འགྱུར་སྲིད་པ་ཡོད་ལ། ཐ་ན་གྲངས་འབོར་ཤིན་ཏུ་ཆུང་བའི་མི་ཉུང་ཤས་ཀྱི་འདོད་ཚུལ་དང་ལྟ་གྲུབ་ཀྱང། “ཞིང་ལ་བཏབ་པའི་ཡུངས་འབྲུ་ཞིག་དང་འདྲ་སྟེ། དེ་ས་བོན་ཐམས་ཅད་ལས་ཆུང་ཡང། ཆེར་སྐྱེས་ན་སྔོ་ཚོད་རྣམས་ལས་ཆེ་ཞིང། སྡོང་པོར་འགྱུར་བས། གནམ་གྱི་བྱ་འོངས་ཏེ། དེའི་ཡལ་གའི་ནང་ཚང་བྱེད་དོ།།”[③] གལ་ཏེ་མི་ཚང་མས་འདི་ལྟར་བསམ་མནོ་གཏོང་ཤེས་དུས། གཞན་དང་གཞན་ལ་བཟོད་སྒོམ་གྱི་འདུ་ཤེས་ནི་ཡོད་དང་ཡོད་ལ། མི་ཉུང་ཤས་ཀྱི་གཞི་རྩའི་རང་དབང་ལ་བརྩི་འཇོག་ཀྱང་མི་བྱེད་མི་སྲིད་དོ།། ཉེ་རབས་ཀྱི་དམངས་གཙོའི་རྒྱལ་ཁབ་དག་ཏུ། ཕྱོགས་འགལ་ཚོགས་པར་བཟོད་སྒོམ་དང་མི་ཉུང་ཤས་ཀྱི་ཐོབ་ཐང་ལ་འགན་སྲུང་ཐུབ་པར་ བྱེད་པ་དེ། ཡ་ལ་ཡུན་གྱིས་ཆབ་སྲིད་ཀྱི་སྤྱོད་ལམ་རྩོད་མེད་ཅིག་ཏུ་ཆགས་ཤིང། གང་དེ་ཉེ་རབས་རང་དབང་རིང་ལུགས་ཀྱི་ཆེས་ཡིད་དུ་འོང་ཞིང་ཆེས་རྩ་བར་གྱུར་པའི་ ཆོས་སུ་སོང་ཡོད། ང་ཨ་རིར་བཅའ་སྡོད་ཀྱི་གཞུང་ཚབ་བྱེད་དུས། ཐེངས་ཤིག་གྲོང་ཁྱེར་ཧྥི་ལ་ཏེལ་ཧྥི་ཡ[④]རུ་ངའི་ལོ་རྒྱུས་དགེ་རྒན་པེལ་ལ་ཁམས་འདྲིར་ཕྱིན་པ་ ཡིན། ཁོང་གིས་སོ་སོའི་མི་ཚེ་གང་བོར་འགྲོ་བ་མིའི་རང་དབང་རྩོད་ལེན་གྱི་ལོ་རྒྱུས་ལ་ ཐུགས་མཉམ་བཞག་སྟེ་འོངས། དེ་དུས་ཁོང་དགུང་ལོ་བརྒྱད་ཅུར་སོན་འདུག ཁོང་གིས་ང་ལ། “ང་ན་སོ་རྒས་ཀྱིན་རྒས་ཀྱིན། བཟོད་སྒོམ་ནི་རང་དབང་ལས་ཀྱང་གལ་ཆེ་བ་རེད་འདོད”ཅེས་གསུངས། སྐད་ཆ་དེ་ངས་ཉི་མ་དེ་རིང་བར་དུ་བརྗེད་མེད། བཟོད་སྒོམ་ནི་རང་དབང་ལས་ཀྱང་གལ་ཆེ་དོན་གང་ཡིན་ཞེ་ན། བཟོད་སྒོམ་ནི་རང་དབང་གི་འབྱུང་རྩ་ཡིན་ཞིང། བཟོད་སྒོམ་མེད་དུས་རང་དབང་ལ་ཡོང་ཁུངས་མེད་འགྲོ་བའི་ཕྱིར་ཡིན། མ་མཐའ་ཡང་དེང་གི་དུས་རབས་སུ། ཕན་ཚུན་བཟོད་སྒོམ་བྱེད་པའི་སྙིང་སྟོབས་དེ་ཁོ་ནས་རང་དབང་ལ་འགན་སྲུང་ཡོད་པར་ བྱས། ང་ཡིས་ཁྱོད་ཚར་བཅད་པ་ཡིན་ན་འདྲ་ཁྱོད་ཀྱིས་ང་ཚར་བཅད་པ་ཡིན་ཀྱང་རུང་། དེ་དག་གང་ཡང་ཕན་ཚུན་ལ་བཟོད་སྒོམ་མ་བྱས་པ་དང་རང་དབང་ལ་རྡོག་བརྫིས་བཏང་བའི་ སྡིག་འབྲས་འབའ་ཞིག་རེད། གལ་སྲིད་མི་མང་ཤོས་ཀྱིས་མི་ཉུང་ཤས་ཀྱི་བསམ་བློ་དང་དད་མོས་ལ་བཟོད་སྒོམ་མ་ ཐུབ་དུས། མི་ཉུང་ཤས་ལ་བསམ་བློ་དང་དད་ཞེན་གྱི་རང་དབང་ཞིག་ག་ལ་ཡོད་དེ། གར་ཡང་མེད། དེ་ལས་ལྡོག་སྟེ་བཤད་ན། མི་ཉུང་ཤས་ཀྱིས་ཀྱང་མི་མང་ཤོས་ཀྱི་བསམ་བློ་དང་དད་ཞེན་ལ་བཟོད་སྒོམ་ཐུབ་དགོས། གང་ཡིན་ཞེ་ན། ཅི་སྟེ་མི་ཉུང་ཤས་ཀྱིས། “ནམ་ཞིག་རང་ལ་དབང་ཐོབ་ཚེ། མུ་སྟེགས་མ་ལུས་མེད་པར་བཟོ”རྒྱུའི་བསམ་ངན་བརྣགས་བསྡད་ཚེ། སྨོས་མ་དགོས་པར་མི་མང་ཤོས་ཀྱིས་ཀྱང་ཁོ་ཚོ“རྩ་མེད་གཙང་དག”བཟོ་རྒྱུའི་སྦྱོར་ རྩུབ་རྩོམ་ཤག་ཡིན། དེ་མིན། དེང་རབས་ཀྱི་རང་དབང་རིང་ལུགས་ལ“ཞི་བའི་བཅོས་བསྒྱུར”གྱི་དོན་ཞིག་ཀྱང་འདུས་ ཡོད།
ཞི་བའི་བཅོས་བསྒྱུར་ལ་ནང་གསེས་དོན་གཉིས་ཡོད་དེ། དང་པོ་ནི་ཞི་བའི་ལམ་ནས་ཆབ་སྲིད་དབང་ཆ་གཅིག་ནས་གཅིག་ལ་བཤུག་སྤྲོད་བྱེད་རྒྱུ་ དང། གཉིས་པ་ནི་བཅའ་ཁྲིམས་གསར་བཟོས་ཀྱིས་ཁྲིམས་ཀྱི་ལམ་ནས་གོམ་པ་གང་རེ་གང་རེ་ བཅོས་བསྒྱུར་ལ་བརྟེན་ཁབ་བསོགས་འབིགས་རྡུང་གི་ཡར་ཐོན་ཞིག་དོན་གཉེར་བྱ་རྒྱུ་ དེ་ཡིན། ཕྱོགས་འགལ་ཚོགས་པར་བཟོད་སྒོམ་བྱ་རྒྱུ་དང། མི་ཉུང་ཤས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུ་ནི། ཏག་ཏག་ཞི་བའི་ལམ་ནས་སྤྱི་ཚོགས་དང་ཆབ་སྲིད་དག་བཅོས་བསྒྱུར་བྱེད་ཐུབ་པའི་རྨང་ གདན་ཉག་གཅིག་ཡིན། ཕྱོགས་འགལ་ཚོགས་པ་དག་མདུང་རྩེ་ཁ་སྤྲོད་དུ་ལངས་དགོས་དོན་ནི། གཅིག་ཏུ། སྲིད་གཞུང་ལ་སྐྱོན་བརྗོད་ནན་མོ་དང་ལྟ་རྟོག་ཞིབ་ཚགས་བྱེད་པའི་སྒྲིག་འཛུགས་ ཤིག་ངེས་པར་དགོས་པའི་ཕྱིར་ཡིན་ལ། གཉིས་སུ། མི་དམངས་ལ་གདམ་གསེས་ཀྱི་གོ་སྐབས་ཤིག་ཡོད་འཇུག་པའི་ཕྱིར་དང། རྒྱལ་ཁབ་ལ་ཁྲིམས་ཀྱི་གཏན་ཕབ་ལྟར་ཞི་བའི་ལམ་ནས་སྲིད་དབང་བཤུག་སྤྲོད་ཐུབ་ཏུ་ འཇུག་པའི་ཕྱིར་ཡིན། དེང་རབས་དམངས་གཙོའི་རྒྱལ་ཁབ་དག་ཏུ་ཞི་བའི་གསར་བཅོས་ལ་དོན་འབྲས་སྨིན་ཡོང་བ་ ནི། འདི་འདྲའི་ནན་མོ་ཞིབ་ཚགས་ཀྱི་སྐྱོན་བརྗོད་ལྟ་རྟོག་ཡོད་པ་དང་ཞི་བའི་ལམ་ནས་ སྲིད་དབང་སྐྱོང་རེས་ཐུབ་པ་ལས་བྱུང་བ་གོར་མ་ཆག དེང་རབས་སུ་ཆབ་སྲིད་ཐད་ཀྱི་འགྱུར་བ་གནད་ཆེ་ཤོས་ནི། དབྱིན་ཇིའི་བཟོ་པ་ཚོགས་པས་སྲིད་དབང་འཛིན་སྐྱོང་ཐུབ་སོང་བ་དེ་ལས་མ་འདས། ལོ་ངོ་ལྔ་བཅུའི་ཡར་སྔོན་དུ་དབྱིན་ཇིའི་བཟོ་པ་ཚོགས་པར་སྤྱི་འཐུས་བཅུ་ལྷག་ལས་ གདམ་རྒྱུ་མ་བྱུང། ལོ་ངོ་སུམ་ཅུའི་རྗེས་སུ། བཟོ་པ་ཚོགས་པར་ཐེངས་གཉིས་ཙམ་ལ་སྲིད་དབང་སྐྱོང་བའི་གོ་སྐབས་བྱུང་རུང་སྲིད་ བསྐྱངས་པའི་ཡུན་ཚད་མི་རིང་། འཛམ་གླིང་འཁྲུག་ཆེན་ལ་རྒྱལ་ཁ་བླངས་པའི་ལོ་དེར༼༡༩༤༥༽བཟོ་པ་ཚོགས་པར་འོས་ཤོག་ མང་ཆེ་ཤོས་ཐོབ་སོང། འོས་བསྡུ་དེ་ལས་བཟོ་པ་ཚོགས་པར་སྲིད་ཀྱི་དབང་ཆ་བརྟན་པོར་ཐོབ་ཅིང། ལོ་ངོ་ལྔའི་རིང་སུས་ཀྱང་ཁོ་ཚོ་སྒྱེལ་སློག་མི་ཆོག ཁོ་ཚོས་ཚམ་ཚོམ་མེད་པའི་ངང་ནས་དབྱིན་ཇིའི་བཟོ་ཚོང་ལས་རིགས་བཅོས་བསྒྱུར་ཆོག་ ལ་དབྱིན་ཇིའི་དཔལ་འབྱོར་ལམ་ལུགས་ཀྱང་བཅོས་བསྒྱུར་ཆོག དེ་འདྲའི་འགྱུར་བ་ཆེན་པོ་སྟེ། མ་རྩ་རིང་ལུགས་ཀྱི་དབྱིན་ཇི་ནས་སྤྱི་ཚོགས་རིང་ལུགས་ཀྱི་དབྱིན་ཇི་ཆགས་པར། ཁྲག་ཐིགས་གཅིག་འཛག་མ་དགོས་ལ་དྲག་ལས་ཀྱི་གསར་བརྗེ་ཡང་བྱེད་མ་དགོས། ཚུལ་དེ་འདྲ་ནི་ཏག་ཏག་རང་མིང་མེད་པའི་འོས་ཤོག་ཅིག་ལ་བརྟེན་ནས་ལེགས་པར་བྱུང་། ཞི་བའི་གསར་བརྗེ་དེའི་རྨང་གདན་ནི། ཕྱོགས་འགལ་ཚོགས་པར་བཟོད་སྒོམ་བྱེད་ཐུབ་པའི་སྒམ་དཀྱེལ་དེ་རང་ཡིན་ལ། མི་ཉུང་ཤས་ཀྱི་རང་དབང་གི་ཐོབ་ཐང་ལ་འགན་སྲུང་ཐུབ་པའི་ཆབ་སྲིད་ལམ་ལུགས་དེ་རང་ ཡིན། དེ་ཡང་ཡུངས་འབྲུ་ཆུང་ལ་ཆུང་བ་དེར་སྣད་སྐྱོན་མ་བཟོས་པར་གསོ་སྐྱེད་བྱས་སྟབས། མི་ལོ་ལྔ་བཅུའི་རྗེས་སུ་ལྗོན་ཤིང་ཆེན་པོ་ཆགས་པ་ཇི་ལྟ་བ་དེ་ལྟ་བུ་རེད། ལོ་རྒྱུས་སུ་རང་དབང་རིང་ལུགས་ལ་བཅིངས་བསྡམས་འགྲོལ་བཤིག་གི་ནུས་པ་ཞིག་ཡོད་ པས། ལན་རེར་མི་ཤི་རྟ་འགྱེལ་གྱི་གསར་བརྗེ་འབྱུང་རྒྱུ་གཟུར་ཐབས་མེད། དེ་ལྟར་ཡང་ཉེ་བའི་ལོ་ངོ་བརྒྱ་ཕྲག་ནང་རང་དབང་རིང་ལུགས་ལས་འགུལ་གྱི་གྲུབ་ འབྲས་ཆེ་ཤོས་ནི། དཔེར་ན།1832ལོའི་ཚུན་ལ་དབྱིན་ཇིའི་ཆབ་སྲིད་གསར་བཅོས་ནས་ད་ཆའི་བཟོ་པ་ཚོགས་པའི་སྲིད་ གཞུང་སྟེ། དེ་དག་གང་ཡང་མི་གསོད་ཁྲག་སྦྱོར་མ་དགོས་པའི་ཞི་བའི་གསར་བཅོས་རྐྱང་རྐྱང་ཡིན། དེ་བས་མི་མང་དག་ཅིག་གི་སྣང་ངོར་རང་དབང་རིང་ལུགས་ནི“ཞི་བའི་བཅོས་བསྒྱུར་རིང་ ལུགས”ཀྱི་ཚིག་བླ་དྭགས་སུ་གྱུར་ཡོད་ལ། སྐྱེ་བོ་ཁ་ཅིག་གིས“གསར་བརྗེ་མི་བྱེད་པའི་རིང་ལུགས”ཟེར་ནས་རང་དབང་རིང་ལུགས་ ལ་ངོ་རྒོལ་ཡང་བྱེད། དེ་ཁོ་ཚོས་བཤད་པ་དངོས་གནས་རེད། ང་ཚོ་ལྟར་ན་དེང་རབས་ཀྱི་རང་དབང་རིང་ལུགས་ལ“ཞི་བའི་བཅོས་བསྒྱུར”གྱི་དོན་ཡོད་ འོས་ཀྱང་འོས་ལ་དགོས་ཀྱང་དགོས། དེ་གང་ཡིན་ཞེ་ན། དམངས་གཙོའི་ཆབ་སྲིད་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཏུ། ཞི་བའི་བཅོས་བསྒྱུར་ཡོང་ཐབས་ལ་རང་དབང་དང་བཟོད་སྒོམ་ལས་བྱས་པའི་ལམ་ཡག་པོ་ ཞིག་བཏིངས་འདུག་པས་ན། རང་དབང་རིང་ལུགས་པ་ཚོས་ཀྱང་ད་ནི་དྲག་ཤུགས་ཀྱི་གསར་བརྗེ་བྱ་བའི་དགོས་པ་ཅི་ ཡང་མི་འདུག་བསམས་པ་རེད། ཡིན་ན་ཡང་ངང་རྒྱུད་ཐུང་བའི་གཞོན་ནུ་རྣམས་དེ་ཙམ་གྱིས་བློ་ཁ་མི་རྫོགས་པར། ཁོ་ཚོས“བཅོས་བསྒྱུར་དཔྱིས་ཕྱིན”འདོད་པ་ལས་ཁབ་བསོགས་འབིགས་རྡུང་གི་ཁྲིམས་ བཟོ་མི་འདོད། དྲག་ཤུགས་ཀྱི་གསར་བརྗེ་འདོད་པ་ལས་སྐས་རིམ་མས་འཛེག་གི་ཞི་བའི་རིམ་སྒྱུར་མི་ འདོད་ཀྱང་ཐང། དེ་ལ་ཁོ་བོར་འདི་སྐད་བཤད་རྒྱུ་ཡོད། ཉེ་རབས་ཀྱི་ལོ་ངོ་དྲུག་ཅུ་བདུན་ཅུའི་ལོ་རྒྱུས་ལས། བཅོས་བསྒྱུར་དཔྱིས་ཕྱིན་བྱེད་མཁན་སུ་ཞིག་ཡིན་རུང་། ཆབ་སྲིད་ཐད་ལྟོས་མེད་སྒེར་གཅོད་ཀྱི་ལམ་དུ་མ་ཞུགས་མཁན་འགའ་ཡང་མེད་པ་ང་ཚོས་ གསལ་བོར་མཐོང་ཐུབ། དེ་ཡང་ལུགས་དང་མཐུན་ཏེ། ལྟོས་མེད་ཀྱི་སྒེར་གཅོད་སྲིད་དབང་འབའ་ཞིག་གིས་ཕྱོགས་འགལ་ཚོགས་པ་མཐའ་དག་རྩ་ མེད་བཟོ་ཐུབ་ལ་གེགས་ཆ་མ་ལུས་གཙང་སེལ་ཐུབ་པ་དང། ལྟོས་མེད་ཀྱི་སྒེར་གཅོད་སྲིད་དབང་འབའ་ཞིག་གིས་ཡ་ང་སྙིང་རྗེ་བྲལ་བའི་ལམ་ནས་ བྱེད་ཐབས་གང་ངན་དང་མཇུག་འབྲས་གང་ཐུ་ལ་བག་ཚ་བ་མེད་པར། སོ་སོས་འདོད་པའི་བཅོས་བསྒྱུར་དཔྱིས་ཕྱིན་གང་དེ་འགྲུབ་ཐབས་བྱེད་པ་རེད། ཁོ་ཚོས་སོ་སོའི་འདོད་ཚུལ་ལ་ནོར་འཁྲུལ་ཡོད་པར་ཁས་ལེན་ཡེ་ནས་མེད་ལ། ཁོ་ཚོས་སོ་སོར་ངོ་རྒོལ་བྱེད་མཁན་ལའང་བསམ་བློ་གཏོང་རིན་ལྡན་པའི་གནས་ལུགས་ ཡོད་པར་ཁས་ལེན་ཡེ་ནས་མེད། དེའི་སྟབས་ཀྱིས་ཁོ་ཚོས་སོ་སོའི་འགྲན་ཟླ་ལ་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ལ། སྐྱེས་བུའི་བསམ་བློ་དང་གཏམ་བརྗོད་ལའང་རང་དབང་གཏན་ནས་ཡོད་དུ་མི་འཇུག་པ་རེད། དྲག་ཤུགས་ཀྱི་གསར་བརྗེ་དང་དེས་བསྐྱེད་ངེས་ཀྱི་དྲག་ཤུགས་ཀྱི་སྒེར་གཅོད་ཆབ་ སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དོན་ནི། རང་དབང་རིང་ལུགས་ཀྱིས་རང་དབང་དང་བཟོད་སྒོམ་ལ་བརྩི་འཇོག་བྱ་ཕྱིར་རེད་ཅེས་ངས་ ཁྱོད་ཚོར་བསམ་པ་རྣམ་དག་གིས་ཞུ་རྒྱུ་ཡིན།
ཕྱོགས་བསྡོམས་ཤིག་བྱས་ན། རང་དབང་རིང་ལུགས་ཀྱི་དོན་དང་པོ་ནི་རང་དབང་ཡིན། དོན་གཉིས་པ་ནི་དམངས་གཙོ་ཡིན། དོན་གསུམ་པ་ནི་བཟོད་སྒོམ་ཡིན—ཕྱོགས་འགལ་ཚོགས་པར་བཟོད་སྒོམ་བྱ་རྒྱུ་དེ་ ཡིན། དོན་བཞི་པ་ནི་ཐེག་པ་རིམ་འཛེག་གི་ཞི་བའི་བཅོས་བསྒྱུར་ཡིན་པ་རེད།

༡༩༤༨ལོའི་ཟླ9ཚེས4ལ།
《北大传统与近代中国》ཞེས་པའི་དེབ་ལས་བདམས་ཏེ་བསྒྱུར།
[①] གཞུང་སའི་སྲིད་སྐྱོང་ཚོགས་པ་ནི་རྒྱ་ནག་སྐད་དུ在朝党ཟེར།
[②] གཞུང་སར་ལྟ་རྟོག་ཚོགས་པ་ནི་རྒྱ་ནག་སྐད་དུ在野党ཟེར།
[③] <>ལས་དྲངས།
[④] གྲོང་ཁྱེར་ཧྥི་ལ་ཏེལ་ཧྥི་ཡ་ནི་དབྱིན་ཇི་སྐད་དུ་སྟེPhiladelphiaརྒྱ་ནག་སྐད་ དུ费城ཟེར།

ཡོངས་ཁུངས་བོད་ནང་གི་དྲྭ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s