འབྲོག་མྱི།
ཕྱི་ཟླ ༣ ཚེས ༢༩འི་ཉིན། ༼རྒྱ་ནག་ན་གཞོན་ཚགས་པར༽གྱིས་དངོས་བྱུང་གནས་ཚུལ་ཞིག་སྤེལ་ཡོད། གནས་ཚུལ་དེ་ལྟར་ན། ལོ་ན ༣༨ ཅན་གྱི་ཡུ་གུར་བ་མེ་མེ་ཏི་མེང་གིས་ཁ་སྤུ་ཆེན་པོ་བཞག་པར་བསྙད་ནས་ལོ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་གི་གཟའ་ ཟླར་གཡོག་ལྭ་རིང་པོ་གོན་པར་བསྙད་ནས་ལོ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ༼རྒྱ་ནག་ན་གཞོན་ཚགས་པར༽གྱིས་མེ་མེ་ཏི་མེང་གི་གཟའ་ཟླར་ལོ ༢ ཀྱི་ཁྲིམས་ཐག“མ་གཏོགས”བཅད་མེད་པ་ནི་ཁོང་མོའི “རྣམ་འགྱུར་དྲང་མོ”ཡིན་ལུགས་དམིགས་བསལ་གསལ་བཤད་བྱས་འདུག འདི་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་སྲོལ་རྒྱུན་འཚོ་བར་གཉའ་གནོན་ བྱེད་ཀྱིན་པའི་དཔེ་མཚོན་དམིགས་བསལ་བ་ཞིག་ཡིན། གནས་ཚུལ་འདིའི་རིགས་རྒྱ་ནག་མ་གཏོགས་པའི་རྒྱལ་ཁབ་དང་ས་གནས་གཞན་དུ་བྱུང་མི་ སྲིད་ལ། གལ་ཏེ་རྒྱ་རིགས་ཤིག་གིས་ཁ་སྤུ་ཆེན་པོ་བཞག་ན་དེ་ནི་མི་སྒེར་གྱི་དགའ་ཕྱོགས་ དང་ཆ་བྱད་ཅིག་ལས་ཆབ་སྲིད་དང་འབྲེལ་མི་སྲིད། ཡིན་ན་ཡང་། ཡུ་གུར་བ་ཞིག་གིས་ཁ་སྤུ་བཞག་ཚེ། དེ་ལས་ལྡོག་དེ“ཆོས་ལུགས་ཐལ་དྲགས་པར”གྱུར་ཡོད། ཁ་སྤུ་ལ་ཁྲིམས་ཐག་བཅད་པའི་གྱོན་དོན་དེ་ལས་རྒྱ་ནག་གཞུང་གིས་ཁྲིམས་འཛིན་ལ་ཁ་ གཡར་ནས་ཡུ་གུར་བའི་སྲོལ་རྒྱུན་འཚོ་བ་དམ་དྲག་དང་མི་རིགས་མཚུངས་བསྒྱུར་གྱི་ དམིགས་ཡུལ་འགྲུབ་ཐབས་བྱེད་ཀྱིན་པ་ཤེས་ཐུབ། གལ་སྲིད་ཁ་སྤུ་ཅན་ཚང་མ་ཆོས་ལུགས་ཐལ་དྲགས་པར་ངོས་བཟུང་ནས་ ཁྲིམས་ཐག་གཅོད་དགོས་ན། འོ་ན། རྒྱ་ནག་དམར་ཤོག་ཚོགས་པའི་མེས་པོ་མཱར་ཁེ་སི་དང་ཨིན་ཀི་སི་གཉིས་ལ་ཁ་སྤུ་རབ་ ཏུ་ཆེན་པོ་ཡོད་པས། མེས་པོ་དེ་གཉིས་ལ་ཁྲིམས་ཐག་ག་ཚོད་ཅིག་གཅོད་དགོས་སམ། ད་ལྟ༼རྒྱ་ནག་ན་གཞོན་ཚགས་པར༽གྱིས་སྤེལ་བའི་གནས་ཚུལ་དེ་སྔོག་དགོས་ན་ཕལ་ཆེར་ རེག་ཁག་པོ་རེད། ཁ་སྤུའི་རྐྱེན་གྱི་ཡུ་གུར་བར་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་རྒྱ་ནག་གི་སྨྱན་ བྱད་ཁག་ཏུ་ནག་གསུབ་བྱས་ཟིན་པ་དང་། དེ་ནི་བློ་ཡུལ་ལས་འདས་པ་ཞིག་མ་རེད་དམ། ཡིན་ན་ཡང་། དེ་ལ་རྒྱུ་མཚན་གཅིག་ཁོ་ན་ཡོད། དེ་ནི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་གསར་འགྱུར་རང་དབང་ལ་ དམ་དྲག་ནན་མོ་བྱས་དང་བྱེད་ཀྱིན་པའི་རྒྱུ་མཚན་གྱིས་ཡིན། རྒྱ་ནག་གཞུང་གིས་རྒྱ་ནག་གི་སྨྱན་བྱད་ཡོད་དོ་ཅོག་ལ་དམ་དྲག་ནན་མོ་བྱས་དང་བྱེད་ཀྱིན་ཡོད་ལ། གྲངས་ཉུང་མི་རིགས་ས་ཁུལ་གྱི་གསར་འགྱུར་ལ་དེ་བས་ཀྱང་དོ་དམ་ནན་མོ་བྱེད་ཀྱིན་ ཡོད། བོད་དང་། ཞིན་ཅིང་ངམ་ཤར་ཏིར་ཀི་སི་ཐན། ནང་སོག་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་བྱུང་བའི་གནས་ཚུལ་ག་འདྲ་ཆེན་པོ་ ཡིན་ན་རྒྱ་ནག་གི་སྨྱན་བྱད་མིས་ནེ་ཙོས་མི་སྐད་ཟློ་བ་བཞིན་གཞུང་དང་སྐད་གདངས་ གཅིག་གྱུར་བཟུང་ནས་དེ་འདྲའི་གཟབ་ནན་བྱེད་དགོས། གཅིག་མཚུངས་ཀྱི་རང་ལུས་མེ་སྲེག་གི་ངོ་རྒོལ་ལས་འགུལ་ཏེ། ཕྱི་ལོ ༢༠༠༩ ལོར་རྒྱ་ནག་ཁྲིན་ཏུའུ་ཁཱང་ཧྥི་ཀྲིན་གྱི་རང་ལུས་མེ་སྲེག་དོན་རྐྱེན་དང་། དེ་བཞིན་ཕྱི་ལོ ༢༠༡༠ ལོའི་རྒྱ་ནག་ཅང་ཞིས་ཡེ་ཧོང་གི་རང་ལུས་མེ་སྲེག་དོན་རྐྱེན་གཉིས་ལ་མཚོན་ན། རྒྱ་རིགས་སྨྱན་བྱད་པས་བཀག་རྒྱ་གཏོར་ནས་གནས་ཚུལ་སྤེལ་ཡོད་པ་མ་ཟད། ལས་འགུལ་ནང་ཞུགས་ནས་ངོ་རྒོལ་བ་རྒྱ་ནག་གཞུང་གི་གནོན་འཚེ་ལས་ཐར་ཐབས་སུ་འབད་ བརྩོན་གནང་ཡོད་པ་ནང་བཞིན་རེད། ཡིན་ན་ཡང་། ཕྱི་ལོ ༢༠༠༩ ལོ་ནས་ད་བར་དུ། བོད་མི ༡༣༧ གྱིས་རང་ལས་མེར་བསྲེགས་ནས་རྒྱ་གཞུང་གིས་བོད་ཁུལ་ཏུ་གཏན་འབེབས་དང་ལག་ལེན་དུ་ བསྟར་གྱིན་པའི་ཆབ་སྲིད་གཉའ་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་པ་རེད། ཡ་མཚར་དགོས་པ་ཞིག་དང་། ཡིད་སྐྱོ་དགོས་པ་ཞིག་ནི། རྒྱ་ནག་གི་སྨྱན་བྱད་ཁག་གཅིག་གིས་ཀྱང་བོད་མིའི་རང་ལུས་མེ་སྲེག་སྐོར་གྱི་གནས་ ཚུལ་སྤེལ་མྱོང་མེད་ལ། རྒྱ་རིགས་སྨྱན་བྱད་པ་གཅིག་གིས་ཀྱང་དེའི་སྐོར་གྱི་གནས་ཚུལ་འཚོལ་བསྡུ་སྤེལ་ གཏོང་སོགས་བྱས་མེད། གནས་སྟངས་དེ་འདྲའི་འོག གྲངས་ཉུང་མི་རིགས་ཚོས་སོ་སོའི་སྐད་གདངས་ཕྱིར་བཏོན་རྒྱུན་དེ་ཤིན་ཏུ་གལ་ཆེན་ པོར་གྱུར་ཡོད། ཡིན་ན་ཡང་། གྲངས་ཉུང་མི་རིགས་ཀྱི་སྨྱན་བྱད་མི་སྣར་རྒྱ་རིགས་སྨྱན་བྱད་མི་སྣ་ལས་ཀྱང་ཉེན་ ཁ་དང་གནོན་ཤུགས་ཆེན་པོ་ཡོད། ཁོང་ཚོའི་གནས་ཚུལ་ལ་ཆབ་སྲིད་གྱི་ཞིབ་བཤེར་ལྡབ་འགྱུར་གྱི་ནན་མོ་བྱེད་ཀྱིན་ ཡོད། ཚད་ལས་ཅུང་ཞིག་འགལ་ན་ཡང་ན་ལས་ཀ་ཤོར་རྒྱུ་དང་ལྕི་ན་ཁ་བྲལ་རིང་ལུགས་པའི་ཞྭ་ མོ་བསྐོན་ནས་བཙོན་ལ་འཇུག་རྒྱུའི་ཉེན་ཁའང་ཡོད། བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་ཁ་པར་དང་དྲྭ་རྒྱར་རྒྱ་གཞུང་གི་སྟངས་འཛིན་ ནན་མོ་བྱེད་མུས་སུ་ཡོད་པ་དང་། ཕྱི་ལོ ༢༠༠༩ ནས ༢༠༡༠ ལོར་ཡུ་གུར་ས་ཁུལ་སུ་ལོ་ཕྱེད་ཀའི་རིང་དྲྭ་རྒྱ་ཡོངས་སུ་བཅད་པ་རེད། དེ་བཞིན་བོད་ཁུལ་དུའང་སྲོལ་རྒྱུན་དང་ཡང་ན་ཆོས་ཕྱོགས་ཀྱི་དུས་ཆེན་སྐབས་སུ་ཁ་ པར་དང་དྲྭ་རྒྱ་གཅོད་རྒྱུ་ནི་རྒྱུན་རྣམ་གསར་བ་ཞིག་ཏུ་གྱུར་ཡོད་ལ། དཔེར་ན་ད་ལོའི་རྒྱལ་ལོའི་སྨོན་ལམ་སྐབས་རྗེ་སྐུ་འབུམ་དགོན་དུ་མཆོད་མཇལ་བ་ལས་ དམག་མིས་མང་བའི་གནས་སྟངས་ལྟ་བུ་རེད། བོད་དང་ཡུ་གུར་ས་ཁུལ་དུ་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་སྐད་འཕྲིན་ སོགས་སྤྱི་ཚོགས་འབྲེལ་གཏུག་དྲྭ་ཚུགས་སུ་བཏོན་རྒྱུ་དང་ཡང་ན་ལབ་ཚེ། རྒྱ་ནག་གཞུང་གིས་དེའི་རིགས་ལ“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བཏོན་པའི”ནག་ཉེས་བཀལ་ ནས་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱིན་ཡོད་པ་རེད། བོད་དང་ཡུ་གུར་མི་རིགས་ས་ཁུལ་དུ་ད་བར་དུ་དོན་ངོ་མའི་གནས་ཚུལ་ཅི་ཞིག་བྱུང་ ཡོད་པ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མང་པོ་ཤེས་ཐུབ་མེད་པ་མ་ཟད། ཐ་ན་རྒྱ་ནག་ནང་ལོགས་ཀྱི་རྒྱ་རིགས་ཚོས་ཀྱང་ཤེས་མེད། དཔེར་ན། གོང་ནས་ཞུས་པའི་ཡུ་གུར་བར་ཁ་སྤུ་བཞག་པར་བསྙད་ནས་བཙོན་འཇུག་ཁྲིམས་ཐག་བཅད་པ་ དེ་དངོས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་ཡང་། ད་ལྟ་འཛམ་བུ་གླིང་གིས་གནས་ཚུལ་དེ་མི་བརྙེད་པ་ལྟ་བུ་རེད། སྤྱིར་ན་གསར་འགྱུར་རང་དབང་དང་སྨྲ་བརྗོད་རང་དབང་ནི་འགྲོ་བ་མིའི་ལྷན་སྐྱེས་ གྱི་རང་དབང་ཞིག་དང་རང་བྱུང་གི་རང་དབང་ཞིག་ཡིན། ༼འཛམ་གླིང་མི་ཐོབ་བསྒྲགས་གཏམ༽ནང་འགྲོ་བ་མི་ཚང་མར་བསམ་འཆར་གཏོན་རྒྱུ་དང་ བཞེད་དགོངས་ཀྱི་དབང་ཆ་ཡོད་ཅེས་བཀོད་ཡོད། གསར་འགྱུར་རང་དབང་དང་། སྨྲ་བརྗོད་རང་དབང་། བསམ་བློའི་རང་དབང་སོགས་བཙན་འཕྲོག་བྱས་ཚེ། མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་གཞི་རྟེན་གཏོར་བ་དང་གཉིས་སུ་མ་མཆིས། སྔོན་འགྲོའི་ཆ་རྐྱེན་དེའི་མདུན་དུ། རྒྱ་རིགས་མི་རིགས་རང་ལུགས་པས་དྲིན་ལན་ལོག་འཇལ་དུ་བསམ་པའི་དྲིན་ཏེ“དམིགས་ བསལ་གཟིགས་སྐྱོང་སྲིད་ཇུས”ཟེར་བར་གླེང་རིན་ཙམ་ཡང་མེད། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དེ་དག་ཁག་ཐེག་བྱས་རྗེས། ད་གཟོད་གུན་གསབ་རང་བཞིན་གྱི་སྲིད་ཇུས་དེ་དག་ཨ་རིའི༼ཁག་ཐེག་ཁྲིམས་སྲོལ Affirmative Action༽ཇི་བཞིན་གླེང་རིན་ཡོད། མདོར་ན། གསར་འགྱུར་བཀག་སྡོམ་བྱས་པའི་ལས་དེ་མི་རིགས་གཉའ་གནོན་ཞིག་ཡིན་པའི་མ་ཚད། མི་ཐོབ་ཀྱི་དོན་རྐྱེན་ཚབས་ཆེ་ཤོས་ཀྱི་གྲས་ཀྱང་ཡིན།
མཆན། མི་ཐོབ་ཅེས་པ་ནི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་མིང་ཚིག་གི་བསྡུས་མིང་ཡིན།
ངེད་དྲྭ་ཚིགས།