སེམས་གཞས་དམར་པོ།



           ལྡོང་ཆུ་ཤེལ།  ༡༩༧༡ལོར་མདོ་སྨད་རེབ་གོང་གསེར་མོ་ལྗོངས་རྒྱལ་པོ་ལྡོང་ངེ་བྱ་བའི་སྡེ་རུ་སྐྱེས།  སློབ་ཆུང་མཐར་ཕྱིན་རྗེས་རོང་བོ་དགོན་པའི་མཚན་ཉིད་གྲྭ་ཚང་ལ་ཞུགས་ཏེ་བཀའ་པོད་ལྔ་ལ་སྦྱོང་བའི་མགོ་ཚུགས།
 རང་ལོ་བཅུ་དྲུག་སྟེང་མཚོ་སྔོན་ནང་བསྟན་སློབ་གླིང་དུ་རྒྱུགས་འཕྲོད་དེ་ནང་དོན་རིག་པ་གཙོ་བྱས་རིག་གནས་ཆེ་ཆུང་མང་པོར་སྦྱངས་པ་ཧུར་ཐག་བྱས། དེ་ནས་ཕྱིར་རང་དགོན་དུ་ལོག་སྟེ། སླར་ཡང་རྣམ་འགྲེལ་དང་དབུ་ཕར་སོགས་མདོ་སྔགས་ཀྱི་ཆོས་སྐོར་མང་པོར་སྦྱངས་ཤིང་། ཞོར་དུ་རྒྱ་ཡིག་དང་རྩོམ་ཡིག་གསར་རྩོམ་གྱི་ལས་ཀར་འཐམས་ཏེ་ཞིང་ཆེན་དང་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་སྙན་ངག་གཙོ་བོར་གྱུར་པའི་བརྩམས་ཆོས་བརྒྱ་ལྷག་སྤེལ།
 ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་《བཀའ་བསྟན།》དཔེ་སྡུར་ཁང་དུ་དབུ་ཆེན་རྩོམ་སྒྲིག་པའི་འགན་འཁུར་ཡོད་ལ།  ཞོར་དུ་བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་དེབ་ཆེ་བ་གསུམ་བྲིས་ཡོད།
 ༢༠༠༦ལོར་སྙན་དེབ་ཐོག་མ་《ཀུ་ཤུ་དམར་པོ།》པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། ད་ལོར་སླར་ཡང་སྙན་དེབ་《ཀུ་ཤུ་དམར་པོ།》དང་གཞན་སྙན་ངག་ལྷུག་རྩོམ་དེབ་《གཡུ་ཆུང་དྲུག་དཀར།》འབོལ་རྩོམ་དེབ་《གཏམ་གླེང་ལྗང་ཁུ།》བཅས་དེབ་གསུམ་མི་རིང་བར་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ངེས།


སེམས་གཞས་དམར་པོ།



པོ་ཏ་ལ་ཡི་རྒྱ་ཕིབས་འོག་ཏུ།།

མིག་ཆུའི་བུ་ལོན་ཁྱོར་གང་ཉར་ཡོད།།

གྲོགས་མེད་གཅིག་པུར་ཀྲོང་ངེར་འགྱིང་ཡང་།།

སྐྱོ་བའི་སྐྱོ་གཏམ་བཤད་ས་མི་འདུག།

མི་བཟད་སྦྲུལ་གྱི་ཞགས་པ་འཆོར་མེད།།

གངས་དཀར་ལྷ་མོའི་མགུལ་ལ་འཁྲིལ་བྱུང་།།

དུག་རླངས་ནག་པོ་ཕྱོགས་བཞིར་ཁྱབ་པས།།

གཙང་མའི་སྣོད་བཅུད་ཁྲག་གིས་བརྫིས་བྱུང་།།

དབང་དང་བཙན་གྱི་ཁ་ཆར་བུ་ཡུག།


སྦྲ་ནག་འདབས་ཀ་རལ་བའི་བྱེད་པོ།།


དུས་ཀྱི་རྫི་ཆར་རླུང་དམར་དྲག་པོས།།

རང་ཁྱིམ་གྲུ་བཞི་རང་ལ་མ་དབང་།།

རིན་ཆེན་ནོར་བུའི་ཁྲི་འཕང་སྟེང་ལ།།

དམ་ཉམས་མི་ཡིས་འགྱིང་བག་བསྟན་བྱུང་།།

སེམས་ཀྱི་མེ་ལྕེ་དྲག་ཏུ་འབར་ཡང་།།

སྡུག་གི་མཆི་མ་སྐེམ་ཐབས་མི་འདུག།

གདུག་ཅན་རྔོན་པའི་མདའ་ཁ་རྣོ་བས།།

དགོ་ཁྱུ་འཚོ་བའི་རང་དབང་བྲལ་སོང་།།


ལྷ་སའི་མི་ཚོགས་རྒྱ་མཚོར་འཁྱིལ་ཡང་།།

ཉ་ཆུང་གསེར་ལོའི་འཁྱུག་རྩལ་མ་མཐོང་།།



ལྷུང་ལྷུང་འབབ་པའི་སྐྱིད་ཆུ་སྔོན་མོས།།

ཕྱི་མིག་ཕྲ་མོ་བསྐྱུར་དབང་མེད་པར།།

མུ་མེད་ས་མཐར་བཞུར་དགོས་བྱུང་འདི།།

ཀྱེ་མ་ལས་དང་སྐལ་བས་ཡིན་ནམ།།

གནམ་སྔོན་ཞུན་མའི་ཆབ་ཀྱིས་བྲན་པའི།།

སྔོ་ལྗང་སྤང་གི་མེ་ལོང་ངོགས་སུ། །

བག་ཕེབས་རི་དྭགས་རྩེད་འཇོའི་ལྟད་མོ།།

ད་ནི་མི་མཐོང་གང་དུ་བཞུད་སོང་།།

གེ་སར་རྒྱས་པའི་བསུང་ངད་འཇམ་པོས།།

བུང་བ་མྱོས་པའི་གཤོག་སྒྲ་དར་དིར།།

མེ་ཏོག་འདབ་བརྒྱ་བཞད་པའི་ལྡིང་ཁང་།།

བརྩེ་མེད་སད་དང་སེར་བས་བཅོམ་སོང་།།

གློག་དམར་མཛེས་པའི་ཆུ་འཛིན་ཀློང་ནས།།

དལ་བུར་ལྷུང་བའི་ཆར་རྒྱུན་བསིལ་མས།།

གཙང་མར་བཀྲུས་པའི་རི་ལུང་ཐང་གསུམ།།

སུ་ཡིས་རོ་མྱགས་འདམ་དུ་བསྒྱུར་བྱུང་།།

བྱམས་བརྩེའི་ཉི་མའི་དྲོད་ཁོལ་གཉོམ་སོང་།།

སྤྲོ་བའི་གླུ་ལ་གདུང་དབྱངས་འཁྱིལ་བྱུང་།།


སྤྱི་འབངས་སྟོན་མཇུག་སྦྲང་མའི་ངང་ཚུལ།།

འདི་ནི་གངས་རི་དཀར་པོའི་གཞིས་ཁྱིམ།།

གངས་ལྗོངས་ཨ་མའི་དྲོད་སྐྱིད་ཕང་བ།།

ཁོ་བོའི་གཉོམ་ལག་རྒྱས་སའི་སྐྱེད་ཚལ།།

མཛའ་འབྲེལ་གསེར་གྱི་མེ་ཏོག་འཐུ་བཞིན།།

འཚར་ལོངས་བྱུང་བའི་གཏམ་རྒྱུད་བྲིས་ཡོད།།



རྒྱང་ལ་ཕྱིན་ཚེ་སེམས་ཀྱི་དྲན་ཤིང་།།

ནང་ནས་བསྡད་ཚེ་སྐྱིད་པའི་གཡང་ཁྱིམ།།

ད་ནི་མི་སྡུག་གཉེར་མས་ཁེངས་པའི།།

ཉི་ནུབ་འོག་གི་རྒན་པོའི་ངོ་གདོང་།།

ཕྱི་ཡི་ཁོར་ཡུག་ཤེལ་དཀར་ལྕགས་རི།།

ནང་གི་མི་རིགས་རྡོག་རྩ་གཅིག་སྦྲེལ།།

ད་ནི་རླུང་བུའི་ཁྲོད་ཀྱི་མར་མེ།།

རེས་གསལ་རེས་མོག་སྣང་ཚུལ་སྐྱོ་ཨང་།།

ལྕི་མོའི་མགོ་བོ་ཡར་ལ་དགྱེ་ནས།།

གནམ་རྒན་མ་ལ་འདི་ལྟར་དྲི་བ།།

བཙན་ལ་ཚོད་མེད་བྱི་རུའི་པ་ཏྲ།།

རྡོ་ཐོག་ཕུར་པ་བྱེད་དོན་ཅི་ཡིན།།

དམ་ཆོས་ཟབ་མོས་ནང་ནས་བཏུལ་ཅིང་།།

དཔལ་དང་འབྱོར་བས་ཕྱི་ནས་བསྡམས་པའི།།


མགོ་ནག་བོད་པའི་མདུན་གྱི་ལམ་ཕྲན།།

མི་བཟད་ཉམ་ངའི་གཡང་ལ་བརྐྱངས་འདུག།

ཕ་རོལ་དགྲ་ཡི་རྩུབ་པའི་དཔུང་ཁ།།

བྱམས་པའི་འཛུམ་གྱིས་བསུ་མ་བྱས་པས།།

མི་བསྲུན་བརླང་པོར་སྤྱོད་པའི་ཚོགས་འདིས།།

ཁྱིམ་གྱི་ཕུག་ནས་རང་གཟུགས་བསྟན་བྱུང་།།

ཁ་བའི་འདབ་ལོ་ཚོན་ལ་བསྙལ་བྱུང་།།

གཡང་གི་རི་བོའི་ནང་ཁྲོལ་བཏོན་བྱུང་།།

ཞིང་ཆུང་གྲུ་བཞི་ཚེར་མའི་མལ་སྟན།།

འཇག་སྐྱའི་ཤུགས་གླུས་གནམ་ས་སྦྲེལ་བྱུང་།།

ཁྲག་དང་མཆི་མས་གདོང་བ་བརླན་པའི།།

ཕུ་ནུའི་སོ་སྒྲ་དབྱིངས་ལ་སྤུར་ཀྱང་།།

མཛེས་སྡུག་འོད་ཀྱི་ཕྱོགས་སྟོན་ཕ་རྒན།།

བྱམས་པའི་ཏིང་ངེ་འཛིན་ལས་མ་བཞེངས།།



མེ་མདག་པང་བའི་ན་ཟུག་ལྕི་མོ།།

ཤ་དང་ཁྲག་གི་རྒྱུན་ལ་འཁོར་བ།།

གངས་ཐང་རིང་མོའི་སྒང་གཤོང་ཀུན་ལ།།

བླ་དང་སྲོག་གི་དར་ལྕོག་འཐེན་ཡོད།།

བྱང་རླུང་དྲག་པོའི་སྦྱོར་བ་རྩུབ་མོས།།


ལྷོ་སྤྲིན་འཁོར་བའི་རང་དབང་མ་བྱིན།།

ཤར་ཕྱོགས་ཁྲག་གི་ཏིང་ལོ་དེ་ཡང་།།


ནུབ་ཀྱི་ལྗང་མྱུག་འདྲེགས་པའི་བྱེད་པོ།།

༢༠༠༨.༨.༡༥

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s