࿑ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན།

ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
ངས་འདུ་འཛི་ཆེ་བའི་སྲང་ལམ་དུ་ཆེ་རུ་ཕྱེས་པའི་མིག་ཅིག་འབྲི་འདོད
འཇིག་རྟེན་འཚོ་བའི་གཟུགས་རིས་དག་་མིག་ཀོང་དུ་ཉར་ཚགས་བྱ་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
ངས་མ་ཎི་རྡོ་འབུམ་སྟེང་འཛུམ་བག་ལྡན་པའི་མིག་ཅིག་འབྲི་འདོད
ཡིག་དྲུག་གཟུངས་སྔགས་བརྐོས་པའི་རྡོ་བ་དག་ལན་རེར་འཛུམ་ཞིང་བགད་ན་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
གངས་རིའི་ལྗོངས་སུ་ཤོག་སྒོར་བརྩེགས་མ་མང་པོ་འབྲི་འདོད
ཤོག་སྒོར་དེ་རེ་ཞིང་སྒུག་པའི་དབུལ་ཕོངས་ཀྱི་མིག་ཟུང་དག་ཏུ་གཏོང་ན་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
རང་ཉིད་ཀྱི་སྨིན་མཚམས་སུའང་མིག་ཅིག་འབྲི་འདོད
མིག་དེས་རང་ཉིད་ཀྱི་མ་འོངས་པ་དང་མ་འོངས་པའི་མཛའ་གྲོགས་མཐོང་ཐུབ་པར་རྟོག་བཟོ་བྱེད་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
ངས་དུར་སའི་རྡོ་སྟེགས་སུ་སྨྲ་ཤེས་པའི་བྱ་རྒོད་ཅིག་འབྲི་འདོད
དེ་ལས་འཁང་སེམས་མཆིས་པའི་རྣམ་ཤེས་དག་གི་ཞལ་ཆེམས་ཟིན་ཐོར་འགོད་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
ངས་ནམ་ཡང་འཆི་བ་མེད་པའི་འདབ་ཆགས་ཤིག་འབྲི་འདོད
འདབ་ཆགས་དེས་དུས་གཏན་དུ་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ལྡིང་སྐོར་བྱས་ན་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
ངས་ངུར་སྨུག་གི་རྒྱབ་གཟུགས་སུ་འོད་གོར་ཞིག་འབྲི་འདོད
འོད་གོར་དེ་ལས་འཇའ་ཚོན་ལྟ་བུའི་ཁ་དོག་སྣ་ལྔ་འཕྲོ་བར་རྟོག་བཟོ་བྱེད་འདོད
ང་ནི་གཅེས་ལང་དུ་སོང་བའི་བྱིས་པ་ཞིག་ཡིན
སློང་མོ་བའི་ལག་མཐིལ་དུ་ཟུམ་ཡོད་པའི་མིག་ཅིག་འབྲི་འདོད
མིག་དེས་དྲོད་ཁོལ་ལྡན་པའི་ལག་མཐིལ་ལ་འཁྱག་གྲང་གི་ཚོར་བ་ཡོད་མེད་མྱངས་ན་འདོད


࿑ མཚན་མོའི་གཏམ།

དོ་ནུབ་ཟླ་བས་མཚན་མོ་དྲུད་ནས་མདུན་དུ་བསྐྱོད
མུ་མཐུད་དེ་མདུན་དུ་སྐྱོད
དར་རྩེ་མདོ་ཡི་གནམ་འོག་ཏུ
གྲངས་མེད་པའི་མིག་ཟུང་མང་པོས
མཚན་མུན་ཁྲོད་མདུན་དུ་སྐྱོད་པའི་ཟླ་བར་ཅེར་ནས
ངུ་བའམ་དགོད་པར་བྱེད
ཤུབ་བུས་ཁེར་ལབ་བམ་གསེང་མཐོའི་སྐད་སྒྲ་སྒྲོག
ངས་ལག་ཟུང་འཁྱག་པ་དེ་ཕུར་ཕུར་བྱས་ནས
མཚན་མོའི་མལ་གོས་སུ་འཛུལ
ཕྱིར་ནུར་ཞིང་མུ་མཐུད་ཕྱིར་ནུར་ཏེ
ས་ཆེན་གྱི་ལེ་ལན་དུ་ཚུད་པའི་མི་གྲངས་བླངས་ཤིང
རྣམ་ཤེས་ཚོགས་ཀྱི་བདེན་པའི་སྐད་སྒྲར་ཉན
དེ་ནས་རྨི་ལམ་དུ་ཞུགས་ཏེ
གཞན་གྱིས་མི་ཚོར་བའི་གསང་བ་དེ་དག་ཟིན་ཐོར་བཀོད


࿑སྙན་ངག་ནི་ཅི་ཞིག་རེད་དམ།

སྙན་ངག་ནི་ཅི་ཞིག་རེད་དམ
སྙན་ངག་ནི་ཆུ་སྐྱེས་མེ་ཏོག་དང་འདྲ་བའི་བུ་མོ་ཞིག་རེད
མེ་ཏོག་དེ་ཚེ་སྔོན་ཡིད་གཟབ་མ་བྱས་པར་རྫིང་བུར་ལྷུང་བའི་སེམས་ཀྱི་རེ་སྨོན་རེད
འདམ་ལས་འཕགས་ཏེ་དྭངས་གཙང་གི་ཆུ་བོར་ཁྲུས་སུ་ཞུགས་ཤིང

འཇོ་སྒེག་སྒེག་ལྡེམ་ལྡེམ་གྱིས་ཉི་འོད་ལ་རོལ་བཞིན་པ་རེད
སྙན་ངག་ནི་ཅི་ཞིག་རེད་དམ
སྙན་ངག་ནི་དུས་ཀྱི་འགྱུར་བ་ལས་གྲུབ་པའི་དབྱར་དགུན་སྟོན་དཔྱིད་རེད
རེས་སུ་འཁོར་བའི་དུས་ཚིགས་བཞི་ནི་བརྩེ་དུང་ཟབ་པའི་ཡུལ་འཁྱར་བུ་མོ་རེད
འདས་དོན་རེ་རེ་འགྱུར་བ་མེད་པའི་མཇའ་སེམས་ཡིན་ལ
ཤུར་ཤུར་རྒྱུ་བའི་རླུང་བུ་ཡང་སྐྱོ་སླ་སྡུག་རྐྱེན་གྱི་གཤིས་ཀ་ཆགས་ཡོད་པ་རེད
སྙན་ངག་ནི་ཅི་ཞིག་རེད་དམ
སྙན་ངག་ནི་བྱང་ཆུབ་ལྗོན་པའི་དྲུང་དུ་ལྷུང་བའི་ལོ་མ་རེད
དུས་ཚོད་ཀྱི་པང་དུ་ཁེར་རྐྱང་གིས་གནས་ཤིང
ལས་འབྲེལ་ཅན་གྱི་མིས་བསྐྱལ་འོང་བའི་ཁྱིམ་མའི་འཕྲིན་པར་སྒུག་བཞིན

གནས་དེ་བརྒྱུད་པའི་མི་རེ་རེའི་རྣམ་ཤེས་བརྒྱན་བཞིན་པ་རེད
སྙན་ངག་ནི་ཅི་ཞིག་རེད་དམ
སྙན་ངག་ནི་ཕོར་ཆག་ལག་ཏུ་བཟུང་བའི་སློང་མོ་བ་རེད
སྐྱེ་རྒ་ན་འཆི་ཡི་མི་ཚེའི་སྲང་ལམ་བརྒྱུད་ཅིང་བགྲོད་ལ
ཕོར་ཆག་དུ་བཀང་བ་ལས་དབང་གི་འགྲན་རྩོད་དང་ཕམ་ཁ་རེད
མིག་ཟུང་ཆེ་རུ་བགྲད་ཀྱིན་མཆི་མའི་ཐིགས་ཕྲེང་གཏོར་བ་དེ་རེད
སྙན་ངག་ནི་ཅི་ཞིག་རེད་དམ
སྙན་ངག་ནི་མ་ཎི་རྡོ་འབུམ་གྱི་མདུན་དུ་ལྷིང་འཇགས་ཀྱིས་འགྲེངས་པའི་བགྲེས་སོང་དེ་རེད
སྐྱོ་སྡུག་གི་ལོ་ཟླའི་ཁྲོད་ཆོས་ཀྱི་གླེགས་བབ་སྟེང་དཀྲིས་པའི་ཁེར་རྐྱང་གི་རྣམ་ཤེས་རེད
མི་ཚེའི་བཤུལ་ལམ་དུ་བཀོད་པའི་རྐང་རྗེས་དག་ལ
བགྲེས་པོའི་སེམས་ཀྱི་འཁྲེང་ཞེན་ག་ཚོད་བཞག་པ་རེད

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: