ལེའོ་ཐོལ་སི་ཐོ་ཡེ་མཆོག་དང་མཇལ་བ།



བརྩམས་སྒྲུང་འབྲི་བ་ལ་ཀློང་བརྡོལ་བའི་ལེའོ་ཐོལ་སི་ཐོ་ཡེ་མཆོག་དང་མཇལ་བ།

རྡོ་རྗེ་རིན་ཆེན་གྱིས་ཨིན་ཡིག་ལས་བསྒྱུར་བསྒྲིགས་བྱས།

ལེའུ་དང་བོ།

     ལེའོ་ཐོལ་སི་ཐོ་ཡེ(Leo Tolstoy)མཆོག་ནི་༡༨༢༨ལོའི་ཟླ་༡༢བའི་ཚེས་༩ཉིན། གྲོང་ཁྱེར་ཁྲོ་ལ(Tula)དང་ཉེ་ཞིང་མོ་སི་ཁོ་དང་སྤྱི་ལེ་ཉིས་བརྒྱས་ཆོད་པའི་ཡ་སི་ན་ཡ་ཕོ་ལི་ཡ་ན་(Yasnaya Polyana)ཟེར་བའི་གྲོང་ཚོ་ཞིག་ཏུ། ནེ་ཁོ་ལེ་ཐོར་ལི་སི་ཐོ་(Nikolai Tolstoy)ཟེར་བའི་འབྱོར་ལྡན་ཞིང་བདག་ཅིག་གི་ཁྱིམ་དུ་བྱིས་པ་ལྔ་ཡོད་པའི་ནང་གི་བུ་བཞི་བར་སྐྱེས་ཤིང་། ལོ་གཉིས་ལ་སོན་པ་ན་ཁོང་གི་མ་ཡུམ་མ་རེ་ཡ་(Mariya)འདས་གྲོངས་སུ་སོང་། ལོ་བདུན་ལ་ལོན་པ་དང་ཨ་ཕའང་ཚེ་ལས་འདས་པས་དྭ་ཕྲུག་ཏུ་གྱུར། དེ་བས་ཁོང་རང་གི་སྤུན་མཆེད་ཚོ་དང་ལྷན་མོ་སི་ཁོ་ན་སྡོད་པའི་ཉེ་མི་ཞིག་སྟེ། ཨ་ནེ་ཐོ་ནེ་ཐེ་Aunt Toinette)ཟེར་བ་ཞིག་གི་ཁྱིམ་དུ་གནས་སྤོར་དགོས་བྱུང་ཞིང་། མོའི་དྲུང་ནས་ཁོང་གིས་ཧྥ་རན་སིའི་སྐད་ཡིག་གི་འབྲི་ཀློག་སོགས་ལ་སྦྱངས།
དེའི་རྗེས་ཁོང་དང་ཉེ་མི་ཚོ་བོལ་གྷ་གཙང་བོའི་(River Volga)འགྲམ་གྱི་ཁ་རྫན་(Kazan)གྲོང་དུ་གཞི་སྤར་ཤིང་། ༡༨༤༤ལོར་ཁོང་ཁ་རྫན་གཙུག་ལག་སློབ་ཆེན་(Kanzan University)དུ་ཞུགས་ནས། ཁྲིམས་ལུགས་རིག་པ་དང་ཤར་ཕྱོགས་ཀྱི་སྐད་ཡིག་རིག་པར་སློབ་གཉེར་གནང་མགོ་བཙུགས། ཡིན་ནའང་། ཁོང་གིས་སློབ་སྤྱོང་ལ་དེ་འདྲའི་འབད་འབུངས་ཆེན་པོ་མ་གནང་ཕྱིན། སློབ་སྤྱོང་ལ་དཀའ་ཁག་བྱུང་ནས་ཐེངས་གཅིག་ལ་དགེ་རྒན་གྱིས། “ཁོ་ནི་སློབ་སྦྱོང་ལ་མོས་འདུན་མེད་མཁན་ཞིག་དང་། མི་ནུས་མེད་ཅིག་རེད”ཅེས་བཀའ་བཀྱོན་ཡང་གནང་མྱོང་།
ཁོང་ནི་དུས་རྒྱུན་མཚན་ཚོགས་ལ་ཞུགས་ནས་སྐྱིད་སྣང་བྱེད་རྒྱུར་དགའ་ནའང་། སྐབས་དེའི་སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་ལ་ཡི་རང་མི་གནང་མཁན་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་ཁོང་སློབ་མཐར་མ་ཕྱིན་གོང་རང་གི་ཡབ་གཞིས་ཡོད་ས་ཡ་སི་ན་ཡ་ཕོ་ལི་ཡ་ནར་ཕྱིར་ལོག་ཅིང་། དེ་རུ་ཁོང་ལ་ཡབ་ཀྱི་ཤུལ་བཞག་བདག་ཡོད་པས་དཔལ་འབྱོར་གྱི་དཀའ་ངལ་གང་ཡང་མ་བྱུང་། ཡིན་ནའང་། ཕྱིས་སུ་ཁོང་མོ་སི་ཁོ་ལ་སོང་ནས་འབྱོར་ལྡན་པའི་བུ་རྣམས་དང་ལྷན། སྤྲོ་སྐྱིད་ལ་རོལ་ནས་ཆང་དང་རྒྱན་འཇོག་གི་རྩེད་མོར་ཞུགས་པས། མཐར་དོམ་ནང་ལ་ལྷུང་སྟེ་གཞིས་ཀ་ལས་ཆ་ཤས་ཤིག་བཙོངས་ནས་བུ་ལོན་འཇལ་ཐབས་བྱེད་དགོས་བྱུང་།

དེ་ལྟར་ཁོང་ནི་བག་མེད་ཀྱི་བྱ་བ་མང་བོར་ཞུགས་མཐར། ཆེས་སྐྱིད་སྣང་ལྡན་ཞིང་ལང་ཚོ་དར་བབས་ཀྱི་དུས་སྐབས་དེར། ཁོང་གིས་རང་ཉིད་ལ“ཚེ་སྲོག་གི་དོན་སྙིང་ནི་ཅི་ཞིག་ཡིན་པ་དང་། ཇི་ལྟར་རང་ཉིད་འཇིག་རྟེན་འདིར་འཚོ་དགོས་མིན་གྱི་དྲི་བ་གཏིང་ཟབ་མོ་འགའ་དྲིས། དེ་བས་ཁོང་གིས་༡༨༥༢ལོར<<བྱིས་དུས Childhood>>ཅེས་པའི་དེབ་ཅིག་དཔར་ སྐྲུན་གནང་ཞིང་། དེའི་རྗེས་མུ་མཐུད<<ན་གཞོན Youth>>ཟེར་བ་དང་། <<གཞོན་ནུའི་དུས་སྐབས Boyhood>>ཟེར་བའི་དེབ་གཉིས་ཀྱང་རིམ་གྱིས་དཔར་སྐྲུན་བྱས།

༡༨༥༢ལོར་ཁོང་རང་གི་ཕུ་བོ་ནེ་ཁོ་ལེ་(Nikolai)དང་ལྷན་དུ་སུའུ་ལེན་གྱི་དམག་ཁུངས་སུ་འཛུལ་རྒྱུར་ཐག་གཅོད་བྱས་ཤིང་། འདིའི་ཕྱིས་སུ་ཁོང་གི་མི་ཚེ་ལ་འགྱུར་ལྡོག་གསར་བ་ཞིག་བསྩལ་བྱུང་བ་ང་ཚོས་གཤམ་ནས་མཐོང་ཐུབ།
དམག་ནང་ཞུགས་མ་ཐག་ཁོ་ཚོ་ཆེའེ་ཆེན་ཡ་(Chechnya)རུ་མངགས་ཤིང་། དེའི་རྗེས་༡༨༥༤ལོར་སེ་ཝེ་སི་ཕོ་ལིའི་Sevastopol)དམག་སར་བཏང་ནས། ཐུར་ཁེ་དང་སུའུ་ལེན་གྱི་དམག་འཁྲུག་སྟེ་ཁུ་རམ་མིན་དམག་འཁྲུག་(Crimean war)ལ་ཞུགས།

ཁོང་གིས་དམག་འཁྲུག་གི་གཡུལ་སར་བེམ་རོ་སྟོང་ཕྲག་མང་བོ་ཁྲག་གིས་བརྫིས་འདུག་པ་མཐོང་ཞིང་། ག་ས་གང་དུ་རྨས་མ་རྣམས་ཀྱིས་ཟུག་ངུ་དང་མྱ་ངན་གྱི་འོ་དོད་འབྱིན་གྱིན་པ་ཐོས་པ་དེས། ཁོང་ལ་ཚེ་གང་བོར་བརྗེད་ཐབས་མེད་པ་དང་བཟོད་གླགས་མི་འོང་བའི་སྡུག་བསྔལ་བྱིན། སྐབས་དེ་ནས་བཟུང་སྟེ་ཁོང་གིས་བློ་སེམས་རྩེ་གཅིག་གིས་དམག་འཁྲུག་ལ་རྒྱབ་གཏོད་དང་ངོ་རྒོལ་མཛད་རྒྱུའི་སེམས་ཐག་བཅད་ཅིང་། ༡༨༥༦ལོར་ཁུ་རིམ་མིན་དམག་འཁྲུག་གི་མཇུག་རྫོགས་མ་ཐག་ཏུ། ཁོང་དམག་ཁོངས་ནས་ཕྱིར་ལ་བུད་དེ། དེའི་ཕྱིར་དྲན་དུ<<སེ་ཝེ་སི་ཕོ་ལིའི་དམག་འཁྲུག་གི་སྐྱ་ཐིག Sevastopol Sketches>>ཅེས་པ་བརྩམས།


ལེའུ་གཉིས་པ།

སུའུ་ལེན་ནི་ལོ་ངོ་བརྒྱ་ཕྲག་མང་བོར་གོང་མ་གེ་སར་གྱི་དབང་བསྒྱུར་འོག་གནས་ཤིང་། བྲན་བདག་དང་དབང་ཆ་སྒེར་འཛིན་ལམ་ལུགས་ཀྱིས་བཅིངས་པའི་ཞིང་བ་མང་ཚོགས་གྱིས། ཚད་མེད་པའི་སྡུག་བསྔལ་དང་མནར་གཅོད་མྱོང་བཞིན་ཡོད་པས། སྐབས་དེར་ཁོང་ལ་ཕྱི་རོལ་རྒྱལ་ཁབ་ཀྱི་མིའི་འཚོ་བ་དང་རིག་གནས་གོམས་གཤིས་སོགས་རྟོགས་འདོད་ཀྱིས། ༡༨༥༧ལོར་ཁོང་རང་གི་ཕ་ཡུལ་དང་རང་གི་རྒྱལ་ཁབ་ལ་ཁ་བྲལ་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་ཧྥ་རན་སི་དང་སི་ཝེ་རྫིར་དག་ལ་འགྲུལ་བསྐྱོད་བྱས།

འགྲུལ་བཞུད་དེའི་རིང་དང་རྒྱལ་ཁབ་དེ་དག་གི་ནང་དུ། ཁོང་གིས་མི་འདྲ་མིན་སྣ་ཚོགས་ཤིག་ངོ་ཤེས་པར་གྱུར་ཞིང་། དང་བ་འདྲེན་པའི་བསམ་བློ་གསར་བ་དང་རྩོམ་པ་བོ་མིང་གྲགས་ཅན་མང་བོར་ངོའང་ཐུག དེ་དག་གི་ཁྲོད་དུ་རླབས་ཆེ་བའི་སུའུ་ལེན་གྱི་རྩོམ་མཁན་ཐོར་གྷི་ནེབ(Turgenev)དང་། ཧྥ་རན་སིའི་རླབས་ཆེ་བའི་རྩོམ་མཁན་གྲགས་ཅན་ཝེ་ཁི་ཐོར་ཡུས་གྷོ་(Victor Hugo)རྣམ་གཉིས་ཀྱང་ཚུད་ཡོད།

ཁོང་གིས་རྒྱལ་ཁབ་དེ་དག་གི་ནང་དུ་དབུལ་བོ་དང་ཕྱུག་པོ་ཚོའི་འབྲེལ་བ་ལ་ཞིབ་མོས་གཟིགས་རྟོག་བགྱིས་ཤིང་། ༡༨༤༨ལོར་ཕེ་རི་སིའི་གྲོང་ཁྱེར་ནང་གྱེན་ལངས་ཀྱི་ངོ་རྒོལ་འབྱུང་བཞིན་པ་དང་། ན་ཕོ་ལོན་སྐུ་ཕྲེང་གསུམ་པས་ཕེ་རི་སིའི་གྲོང་ཁྱེར་རྣམས་བསྐྱར་སྐྲུན་བྱེད་ཀྱིན་པར་མ་ཟད། གཞན་གློག་དང་མེ་འཁོར་ལ་སོགས་པའི་འཕྲུལ་རིག་གི་ལག་རྩལ་མང་བོ་ཞིག་གསར་དུ་སྤེལ་བཞིན་ཡོད། ཁོང་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་པ་ན་སུའུ་ལེན་ནི་དེ་སྔ་བཞིན་འགྱུར་མེད་སྔར་གནས་སུ་རྗེས་ལུས་ཡིན་པར་གཟིགས།

ཧ་ཅང་ཡིད་སྐྱོ་བ་ཞིག་ལ་༡༧༦༩ལོར་འཇར་མན་དུ་ཡོད་པའི་ཁོང་གི་ཕུ་བོ་ནེ་ཁོ་ལེ་ལ་སྙུང་གཞི་ལྕི་མོ་ཞིག་བྱུང་བས། ཁོང་འཇར་མན་དུ་ཕུ་བོར་ཐུག་འཕྲད་དུ་འགྲོ་དགོས་བྱུང་ཞིང་། ཅང་མ་འགོར་བར་ཕུ་བོ་རང་གི་མིག་མདུན་དུ་འདས་གྲོངས་སུ་སོང་རྐྱེན། ཁོང་གིས་བསྐྱར་དུ་རང་ཉིད་ལ་དོན་དམ་དུ་མི་ཚེའི་སྙིང་བོ་ནི་ཅི་ཞིག་ཡིན་མིན་དྲིས། དེར་མ་ཟད་ཁོང་ལ་གཉེན་སྒྲིག་བྱེད་འདོད་ཀྱི་འདུན་པ་ཤུགས་ཆེར་སྐྱེས་སུ་བཅུག

སྤྱིར་ཁོང་བུད་མེད་མང་བོ་ཞིག་དང་འགྲོགས་འདྲིས་བྱས་མྱོང་ནའང་། རང་ཉིད་ཀྱི་མི་ཚེ་ལྷིང་འཇགས་དང་ལྷོད་ཡངས་ངང་སྐྱེལ་ཆོག་པའི་བུད་མེད་ཅིག་ལ་དེ་སྔ་བར་མ་འཕྲད་པར་ལྷག  འོན་ཀྱང་། ༡༨༦༢ལོར་ཁོང་མོ་སི་ཁོའི་སྨན་པ་ཞིག་གི་བུ་མོ་ཡིན་པའི་སོན་ཡ་(Sonya)ཟེར་བའི་གཞོན་ནུ་མ་ཞིག་དང་ཕན་ཚུན་བརྩེ་བ་ཆགས་ཤིང་། དེ་དུས་མོ་ལོ་བཅུ་དྲུག་དང་ཁོང་ལོ་སུམ་ཅུ་སོ་བཞི་ལ་བསླེབས་ཟིན་པས། ལོ་ཚད་ཀྱིས་ཁོང་གཉིས་ཀྱི་ལས་དབང་དང་བརྩེ་དུང་ལ་འགལ་རྐྱེན་བཟོས་ཡོད་ནའང་། ལོ་དེའི་ཟླ་༡༠བའི་ཚེས་༢༣ཉིན། ཡ་སི་ན་ཡ་ཕོ་ལི་ཡ་ནའི་ཁོང་གི་ཡབ་ཀྱི་གཞིས་ཀའི་ནང་དུ་རྟེན་འབྲེལ་ཀྱི་མཛད་སྒོ་རྒྱ་ཆེར་སྤེལ་ཏེ། ཁོང་གཉིས་གཉེན་བསྒྲིགས།


ལེའུ་གསུམ་པ།

གཉེན་སྒྲིག་གི་རྗེས་ཀྱི་ལོ་ཉི་ཤུའི་རིང་དུ། ཁོས་རང་གི་ཁྱི་མི་ཚོ་དང་ལྷན་དུ་རང་གི་ཡབ་ཀྱི་གཞིས་ཀའི་ནང་དུ་བདེ་སྐྱིད་ཀྱི་འཚོ་བར་རོལ། ༡༨༣༦ལོར་ཁོང་ལ་བྱིས་པ་ཐོག་མ་དེ་ཡོད་པར་གྱུར་ཞིང་། སྤྱིར་ཁོང་ལ་བུ་ཕྲུག་བཅུ་གསུམ་ཡོད་ནའང་། ཡིད་སྐྱོ་བ་ཞིག་ལ་བྱིས་པ་ལྔ་ཆུང་དུས་ནས་ཚེ་མ་ཟིན། ལོ་ངོ་ཉི་ཤུ་བོ་དེའི་རིང་ཁོང་རང་གི་གཡོག་པོ་རྣམས་དང་ཧ་ཅང་འདྲིས་པར་གྱུར།

དུས་སྐབས་དེར་སུའུ་ལེན་གྱི་ཕྱུག་བདག་གི་ཁྱིམ་རྣམས་སུ་བྲན་གཡོག་མང་བོ་ཉར་ཡོད་ལ། བྲན་གཡོག་ཚོས་ནམ་རྒྱུན་ཕྱུག་བདག་ཚོའི་དོན་དུ། ཉི་མའི་འོག་ཏུ་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པར་མ་ཟད། བྲན་བདག་ཚོས་ཁོ་ཚོ་སྣང་མེད་དུ་བཀོད་སྤྱོད་བྱེད། ཡིན་ནའང་། གླ་བབས་སོགས་གང་ཡང་མེད་པར་དེའི་ཚབ་ཏུ་སོ་སོར་ཞིང་ས་ཆུང་ངུ་རེ་འདེབས་སུ་བཅུག་སྟེ་ཁ་གསོ་ཐབས་གནང་གིན་ཡོད།

དེ་བཞིན་ཁོང་ལའང་བྲན་བདག་གཞན་ཚོ་དང་འདྲ་བར་ཞིང་ས་དང་གཞིས་ཀ་ཡོད་པར་མ་ཟད། བྲན་གཡོག་༣༥༠ཙམ་གྱིས་ཁོང་གི་གཞིས་ཀ་དང་ཞིང་ས་ལ་བདག་བརྒྱབ་སྟེ་གཡོག་བྱེད། ཁོང་གིས་བྲན་བདག་གཞན་ཚོ་ལྟར་གཡོག་པོ་ཚོར་སྡུག་གྱོང་མནར་གཅོད་གཏོང་རྒྱུ་ནི་མི་འོས་པ་ཤིག་ཡིན་པར་དགོངས་ཏེ། “ཅིའི་ཕྱིར་མི་རེ་ཟུང་སྐྱེ་མ་ཐག་ནས་ཕྱུག་པོ་དང་། ཅིའི་ཕྱིར་མི་རེ་ཟུང་སྐྱེ་མ་ཉིད་ནས་དབུལ་བོ་ཡིན་དགོས་སམ”སྙམ་སྟེ། ཁོང་གིས་རང་ཉིད་ཀྱི་གཡོག་པོ་རྣམས་ལ་ཐོབ་འོས་ཀྱི་ཞིང་ས་རེ་དང་། བྲན་གཡོག་མ་ཡིན་པའི་རང་དབང་སྦྱིན།

ཡིན་ནའང་། ཁོང་ཡ་མཚན་ཞིང་ཧ་ལས་སུ་བཅུག་པ་ནི། ཁོ་ཚོས་ཁོང་གིས་གནང་བའི་ཞིང་ས་དང་རང་དབང་དང་དུ་མ་བླངས་པར། སྔར་བཞིན་རང་གི་ཕ་མ་ཚོ་དང་འདྲ་བར་བྲན་གཡོག་གི་མི་ཚེ་ཉིད་དང་དུ་བླངས་པ་དེ་རེད། དེའི་ཕྱིར་ཁོང་གིས་ཐབས་ལམ་གཞན་བརྒྱུད་ནས་ཁོ་ཚོར་རོགས་རམ་མཛད་རྒྱུའི་ཐག་གཅོད་གནང་སྟེ། ༡༨༥༩ལོར་རང་གི་གཞིས་ཀ་སློབ་གྲྭ་རུ་བསྒྱུར་ནས་ཞིང་བ་དབུལ་བོ་ཚོའི་བུ་ཕྲུག་རྣམས་ལ་སློབ་འཁྲིད་གནང་།

དེའི་རྐྱེན་གྱིས་ཞིང་བདག་མང་བོ་ཞིག་ལ་སེམས་ཁྲལ་བྱུང་ཞིང་། ཁོ་ཚོས་ཁོང་གིས་བྲན་གཡོག་གི་བུ་རྣམས་ལ་ངན་སྐུལ་བྱས་ཏེ་གྱེན་ལངས་ཀྱི་བསམ་བློ་སྤེལ་གྱིན་ཡོད་པར་བསྒྲགས་ཕྱིན། གོང་མ་གེ་སར་གྱི་སྲུང་དམག་འབྱོར་ནས་ཁོང་ལ་དཀའ་ཁག་མི་ཉུང་བ་ཞིག་བཟོས། ཡིན་ནའང་། ཁོང་གིས“དབུལ་བོ་ཚོར་རང་གིས་རང་གཉའ་གནོན་དང་དབུལ་ཕོངས་ལས་མཐར་བའི་གོ་སྐབས་ཅིག་སྤྲད་པ་ཙམ་ཡིན”ཞེས་ཁོ་བ་ཚོར་འགྲེལ་བརྗོད་གནང་།

ཁོང་ཆེས་བདེ་སྐྱིད་ལྡན་པའི་ཡ་སི་ཡ་ན་རུ་རང་གི་བཟའ་ཟླ་སོན་ཡ་དང་ལྷན་དུ་གཞུགས་རིང་དེར། ཁོང་གིས་འཛམ་གླིང་ལ་སྐད་གྲགས་ཀྱིས་ཁྱབ་པའི་རྩོམ་རིག་བརྩམས་ཆོས<<ཞི་བདེ་དང་དམག་འཁྲུག War and Peace>>ཅེས་པ་དང་། <<ཨན་ན་ཁ་རེ་ནེ་ན Anna Karenina>>ཟེར་བའི་བརྩམས་སྒྲུང་གཉིས་བྲིས་ཤིང་། <<ཞི་བདེ་དང་དམག་འཁྲུག>>ནི་༡༨༦༣ལོར་འབྲི་མགོ་བཙུགས་པ་དང་། དེང་ཐོག་ཁོང་གིས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་འདི་ཉིད་ལོ་ངོ་དྲུག་གི་རིང་དུ་ལེགས་འགྲུབ་མི་ནུས་པ་ཞིག་ཡིན་པ་བློ་ཡུལ་ལའང་ཤར་མེད།

<<ཞི་བདེ་དང་དམག་འཁྲུག>>ནི་ཁོང་གི་ནུས་ཤུགས་ཡོད་དགུ་བཏོན་ནས་བརྩམས་པའི་བརྩམས་སྒྲུང་ཞིག་ལགས་ཤིང་། འདིའི་བརྗོད་དོན་ནི་༡༨༠༥ནས་བཟུང་ཁྱིམ་ཚང་མི་འདྲ་བ་ལྔས། ན་ཕོ་ལོན་གྱི་དམག་འཁྲུག་གི་སྐབས་འཚོ་བ་ཇི་ལྟར་རོལ་མྱོང་བ་བསྟན་ཡོད། བཟའ་ཟླ་སོན་ཡ་ནས་ཁོང་གིས་བརྩམས་སྒྲུང་འདི་འབྲི་རིང་། ཧ་ལམ་ཁོ་མོ་མེད་ན་སྒྲུང་རྩོམ་འདི་ལེགས་འགྲུབ་འབྱུང་མི་སྲིད་པ་ལྟ་བུའི་རོགས་རམ་གནང་།

<<ཞི་བདེ་དང་དམག་འཁྲུག>>རྩོམ་ཞོར་དུ། ད་དུང་སྒྲུང་ཐུང<<ཁེ་སི་སེ་ཁི The Cassaks>>ཞེས་པ་ཞིག་ཀྱང་བརྩམས་ནས་༡༨༦༣ལོར་དཔར་སྐྲུན་བྱས། དེ་ནས་ལོ་ངོ་བཅུའི་རྗེས་སུ་ད་གཟོད། ཁོང་གིས<<ཨེན་ན་ཁ་རེ་ནེ་ན>>ཞེས་པའི་གྲགས་རྩོམ་དེ་ཉིད་འབྲི་བའི་མགོ་བཙུགས་ཤིང་། དེའི་ནང་དུ་མཐོ་རིམ་སྤྱི་ཚོགས་སམ་སྐུ་དྲག་གི་སྲས་མོ་ཞིག་གི་སེམས་ཀྱི་སུན་སྣང་དང་བརྩེ་དུང་གི་སྡུག་བསྔལ་བརྗོད་དེ། མཐར་ཁོ་མོ་མེ་འཁོར་ལྕགས་ལམ་ནང་ལྕེབས་པ་བྲིས་ཡོད།


ལེའུ་གཞི་བ།

ཁོང་གིས་སྔར་ལས་བྲན་གཡོག་རྣམས་དང་མཛའ་འབྲེལ་ཇེ་ཟབ་ཏུ་བཏང་བར་མ་ཟད། སྐབས་ལ་རེར་ཁོང་གིས་ཞིང་བ་དཀྱུས་མ་ཚོའི་ལྭ་བ་མནབས་ཏེ་ས་ཞིང་འདེབས་རོགས་བྱེད་པ་དང་། སྔར་བཞིན་ཁོང་གིས་ཚེ་སྲོག་གི་དོན་སྙིང་རྟོགས་ཐབས་སུ་འབད་འབོངས་བགྱིས།  ཁོང་ཉིད་དགུང་ལོ་ལྔ་བཅུ་ལ་སོན་སྐབས་སུ། ཁོང་གི་མི་ཚེ་ལ་ཡང་བསྐྱར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང་། མཐའ་མ་དེར་རང་ཉིད་ཀྱིས་ཡུན་རིང་དུ་བཙལ་བའི་དྲི་ལན་ནི་དམ་པ་ཡེ་ཤུའི་གསུང་རབས་ལས་རྙེད་པར་གྱུར།

ཁོང་གིས་ཡེ་ཤུའི་ཆོས་ནི་སུན་ལན་གྱི་གནམ་བདག་ཆོས་ལུགས་(Orthodox)ལས་ཧ་ཅང་ཞི་བ་དང་སྟབས་བདེ་རུ་གཟིགས་ནས། རང་གི་ཡབ་མེས་ཀྱི་ཆོས་ལུགས་བསྐྱུར་ནས་ཡེ་ཤུའི་ཆོས་སྒོར་ཞུགས་ཤིང་། ཡང་ཁོང་གིས་དེ་ལྟར་མཛད་པའི་རྒྱུ་མཚན་གཞན་ཞིག་ནི། སྐབས་དེར་སུའུ་ལེན་གྱི་དབང་ཆ་སྒེར་འཛིན་པ་ཚོས་སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཡོང་ཐབས་ནི། དྲག་པོའི་བྱ་སྤྱོད་ལ་བརྟེན་ན་ད་གཟོད་ཡོང་ཐུབ་པར་འདོད་ཀྱིན་པ་དེར། གནམ་བདག་ཆོས་ཚོགས་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས་ཀྱང་ཡིན།

ཁོང་ཞི་བདེ་ལ་དད་མོས་ཆེས་ཆེར་ལྡན་མཁན་ཞིག་ཡིན་པས། ཁོང་ནི་དེ་ལྟ་བུའི་བྱ་སྤྱོད་ལ་སེམས་གཏིང་ནས་མ་དགའ་བ་བྱུང་ཞིང་། དེ་ནི་ནོར་འཁྲུལ་གྱི་ལམ་ཁ་ཞིག་ཡིན་པར་གཟིགས། ཁོང་གིས་སྤྱི་ཚོགས་ཀྱི་གནད་དོན་དང་དཀའ་ངལ་མ་ལུས། ཞི་བའི་ལམ་ལ་བརྟེན་ན་ད་གཟོད་སེལ་ཐུབ་པར་ཡིད་ཆེས་གནང་གིན་ཡོད་པས། ཁོང་སུའུ་ལེན་གྱི་དབང་སྒྱུར་སྲིད་གཞུང་ལ་སེམས་གཏིང་ནས་ཞེན་ལོག་སྐྱེས་ཤིང་། མི་དམངས་ལ་རུལ་སུངས་དང་དམག་འཁྲུག་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་དགོས་པའི་སྐུལ་མའང་བཏང་མྱོང་།

ལོ་ངོ་དེ་དག་གི་ནང་དུ་ཁོང་གིས་མུ་མཐུད་དུ་ཚེ་སྲོག་གི་དོན་སྙིང་སྐོར་གྱི་བརྩམས་ཆོས་འགའ་བརྩམས་པ་སྟེ། ཁོང་གི་སྒྲུང་ཐུང<<ཨ་ཝན་ལེ་ཆའི་འདས་རྐྱེན The Death of Ivan IIyich>>ཅེས་བ་༡༨༨༦ལོར་པར་དུ་བསྐྲུན་ཤིང་། སྒྲུང་གཏམ་འདིའི་ནང་རང་ཉིད་རང་གི་སླད་དུ་འཚོ་ཞིང་གཞེས་པའི་གནས་ལུགས་གསལ་བོར་རྟོགས་པའི་ཁྲིམས་དཔོན་ཞིག་གི་ཚེ་མཇུག་གི་ཉིན་མོའི་སྐོར་བྲིས་ཡོད།

༡༨༩༤ལོར་ཁོང་གིས<<དཀོན་མཆོག་གི་རྒྱལ་བོའི་ཁབ། ཁྱོད་ཀྱི་སེམས་ནང་ན་ཡོད The Kingdom of god is within you>>ཞེས་པ། འཇར་མན་རྒྱལ་ཁབ་ཏུ་དཔར་དུ་བསྐྲུན་ཞིང་། དེའི་ནང་དུ་དྲག་པོའི་ལམ་གྱིས་སྤྱི་ཚོགས་ཤིག་གི་དཀའ་ངལ་དང་གནད་དོན་རྣམས་སེལ་མི་ཐུབ་པར་ནན་བརྗོད་བྱས་ཡོད། ༡༨༩༨ལོར་དཔར་བའི་ཁོང་གི་བརྩམས་སྒྲུང ་<<མཆོད་དཔོན་སེར་རྗེ་སི Father Sergius>> ཞེས་པའི་ནང་དུ། མི་སྒེར་གྱི་ཐག་གཅོད་དང་རང་མོས་ལས་བྱུང་བའི་སྤྱི་ཚོགས་ཀྱི་རིན་ཐང་གི་སྐོར་བརྗོད་ཡོད། ཁོང་གི་ཆེས་མཇུག་མཐའི་བརྩམས་ཆོས་ནི། ༡༩༠༡ལོར་དཔར་སྐྲུན་གནང་པའི་<<འདས་ལོག Resurrection>>ཟེར་བ་དེ་ཡིན་ཞིང་། དེའི་མཇུག་འབྲས་སུ་ཁོང་ཉིད་སུའུ་ལེན་གྱི་གནམ་བདག་ཆོས་ཚོགས་ལས་ཕྱིར་ཕུད་བཏང་ཞིང་། ཉེས་སྐྱོན་ནི་ཁོང་ཡུན་རིང་དུ་ཆོས་ཚོགས་སུ་མ་ཞུགས་པར་བསྒྲགས།

དེ་ལས་ཀྱང་ཆེས་ཡིད་སྐྱོ་བ་ཞིག་ནི་ཁོང་གི་ཚེའི་མཇུག་གི་དུས་དེར། ཁོང་གི་གཉེན་སྒྲིག་དེ་བདེ་སྐྱིད་ལས་སྡུག་བསྔལ་གྱི་ངོ་བོར་གྱུར་ཤིང་། བཟའ་ཟླ་སོན་ཡ་ནས་ཁོང་གི་དད་མོས་བྱེད་ཀྱིན་པའི་ཡེ་ཤུ་ཆོས་ལུགས་ཀྱི་ལྟ་དགོངས་ལ་དགའ་མོས་མ་གནང་རྐྱེན། ཁོང་གཉིས་ནམ་རྒྱུན་ཁ་རྩོད་ཤོར་ཞིང་། རྒྱུ་མཚན་དེའི་དབང་གིས་རང་ཉིད་ཀྱི་གཞིས་ཀ་དང་གཡོག་པོ། ཚེ་གང་བོར་འབད་པའི་བྲིས་བའི་པར་སྐྲུན་བདག་དབང་སོགས་ཡོད་ཚད་མོ་ལ་བསྐྱུར་ནས། ཁྱིམ་དུ་ཁ་བྲལ་འདོད་ཡོད་ཚུལ་ཁོ་མོར་མ་གསང་དྲང་བོར་བརྗོད་ནའང་། མོས་ཁོང་གི་མུ་མཐུད་ཁྱིམ་ཚང་ལ་གཟིགས་སྐྱོང་གནང་རྒྱུ་ལས་ཁས་ལེན་གཏན་ནས་མ་གནང་།

དེ་ལྟར་ཁ་འཛིང་དང་སྐྱིད་སྣང་མེད་པའི་ལོ་ངོ་མང་བོ་ཞིག་གི་རྗེས་སུ་སྟེ། ༡༩༡༠ལོར་ཁོང་ཉིད་དགུང་ལོ་༨༢ལ་བསླེབས་པའི་མཐའ་མ་དེར། ཁོང་རང་གི་བཟའ་ཟླ་དང་གཞིས་ཀ་ནས་ཁ་འབྲལ་རྒྱུའི་བློ་ཐག་བཅད་དེ། ཁུ་སིམ་སིམ་གྱིས་དགུན་ལྗོངས་ཤིག་གི་མཚན་མོར་རང་ཉིད་ཀྱི་བུ་མོ་ཆུང་མཐའ་ལ་ལེ་ཁི་སེན་ཏྲར་དང་། སྐུ་སྒེར་གྱི་སྨན་པ་གཉིས་དང་འགྲོགས་ནས་ཡ་སི་ན་ཡ་དང་ཁ་བྲལ་ཞིང་། དེ་དུས་ཁོང་དགུང་ལོ་བགྲེས་པ་དང་གཟུགས་གཞིའང་དེ་འདྲ་བདེ་བོ་མེད་པས། འགྲུལ་བཞུད་ཀྱི་ལམ་སྐབས་ནས་ན་ཚ་ལྕི་མོ་ཞིག་བྱུང་ནས། ༡༩༡༠ལོའི་ཟླ་༡༡གི་ཚེས་༢༠ཉིན། ཨ་སི་ཕྲ་ཕོ་བ་(Astapova)ཟེར་བའི་མེ་འཁོར་ས་ཚིགས་སུ་སྐུ་གཤེགས།

རླབས་ཆེ་བའི་སྐྱེས་བུ་ཁོང་འདས་རྗེས་སུ། སྐུ་ཕུང་ཕྱིར་རང་གི་ཕ་ཡུལ་ཡ་སི་ན་ཡ་ཕོ་ལི་ཡ་ན་རུ་འཁྱེར་ཡོང་ནས་དུར་འཇུག་གནང་ཤིང་། ཡུལ་མི་དང་ཞིང་བ་བྲན་གཡོག་སྟོང་ཕྲང་མང་བོ། ཁོང་གི་དུར་མཆོད་ལ་མ་སྐུལ་རང་ངོས་ནས་ཞུགས་ཏེ། ཁོང་ལ་མཐའ་མཇུག་གི་སྐྱེལ་མ་དང་མྱ་ངན་གུས་འདུད་ཚད་མེད་ཞུས་བའོ།།

5/2/2015

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s