རྡོ་རྗེ་རིན་ཆེན།
༡
མི་ཞིག་གི་སེམས་ནང་དུ་བརྩེ་དུང་ཡོད་ཉིན་ནས། ཁོ་ལ་བསྐྱར་དུ་ཚེ་སྲོག་གསར་བ་ཞིག་ཐོབ་པ་དང་འདྲ་བར། སེམས་ནང་དུ་བརྗོད་དཀའ་བའི་དགའ་སྣང་ཞིག་གིས་ཁེངས་ཤིང་། ཁོ་མོ་དང་བཅས་པའི་འཇིག་རྟེན་གྱི་ཡོད་ཚད་པོ་སྙིང་ཉེ་ཞིང་ཡིན་དུ་འོང་།
༢
བརྩེ་དུང་ནི་མི་སེམས་ཀྱི་ཚོར་བའི་རིགས་ཤིག་སྟེ། དེ་ནི་ཁྱོད་ཀྱིས་ཟ་མ་ཞིམ་པོ་ཞིག་དང་། འོ་ཇ་མངར་མོ་ཞིག་ལ་རོལ་བ་དང་གཏན་ནས་མི་འདྲ་པར། དེ་ནི་ཁྱོད་ཀྱི་སེམས་གཏིང་ནས་འཕྱུར་ཡོང་བའི་འགྱུར་ལྡོག་ཅིག་དང་། ཤ་གསེང་རུས་གསེང་ནས་མཆེད་ཡོང་བའི་ལོངས་སྤྱོད་ཅིག་གོ།
༣
བརྩེ་དུང་ནི་ཚེ་སྲོག་གི་གསོན་ཤུགས་ཤིག་སྟེ། དེས་ཁྱོད་ལ་བླ་ན་མེད་པའི་གཡོ་སྐྱོམ་དང་། འཇིག་རྟེན་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་སློང་སྲིད་པས། ཁྱོད་རང་དངོས་ནས་ས་གཞི་ཆེན་མོ་འདིའི་སྟེང་འཚོ་ཡོད་པ་ཤེས་སུ་འཇུག་པ་མ་ཟད། ཁྱོད་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་མང་བོ་ཞིག་བསྐྱལ་ཡོང་།
༤
སྤྱིར་མི་སེམས་སུ་སྟོང་ཆ་མང་བོ་ཞིག་ལྷག་ཡོད་ལ། བརྩེ་དུང་ནི་ཧ་ཅང་གལ་ཆེ་བའི་སྟོང་ཆ་དེའི་ཁྲོད་ཀྱི་གཅིག་འགེང་བྱེད་ཡིན། གལ་སྲིད་སུ་ཞིག་གི་སེམས་ནང་དུ་སྟོང་ཆ་དེ་ཡོད་ཕྱིན། ཁོ་རང་ཁེར་རྐྱང་དང་སེམས་གཅོང་གིས་མནར་ངེས།
༥
ཁྱོད་རང་ཁོ་མོ་ལ་སེམས་གཏིང་ནས་དགའ་ན། དེ་ནི་དོན་བཟང་ཞིག་ཡིན་པས། ཁོ་མོ་ལ་ཤེས་སུ་འཇུག་དགོས། གཅིག་ན་ཁོ་མོས་ཁྱོད་རང་གི་བརྩེ་བ་དང་དུ་ལེན་མི་སྲིད་མོད། གང་ལྟར་ཁོ་མོ་ལ་ཁྱོད་རང་གི་སེམས་པ་རྣམ་དག་དེ་ཤེས་སུ་བཅུག་དང་། ནམ་ཞིག་ཁོ་མོས་ཁྱོད་རང་གི་བརྩེ་བ་དང་དུ་ལེན་སྲིད།
༦
ཁྱོད་རང་མི་ཞིག་ལ་དགའ་ན། ཁོའམ་ཁོ་མོ་ཁྱོད་ལ་ཐོབ་དགོས་པའི་ངེས་པ་ནི་མེད་དེ། འཇིག་རྟེན་འདིར་ང་ཚོ་སུའང་ཡུན་རིང་དུ་འཚོ་བའི་གོ་སྐལ་ནི་མེད་པས། ཁོ་མོ་ཁྱོད་ལ་ཐོབ་པའི་དབང་དུ་བཏང་རུང་། ཁྱོད་གཉིས་ལུས་དང་གྲིབ་མ་བཞིན་དུ་ནི་འཚོ་མི་བཏུབ་པས་སོ།།
༧
བརྩེ་དུང་གིས་འགལ་བའི་འཇིག་རྟེན་འདི་ཉིད་མཐུན་འཇུག་བྱས་ཤིང་། མི་སེམས་ཀྱི་སྐྱོ་སྡུག་དང་ཁེར་རྐྱང་རལ་ནས། ང་ཚོ་མུ་མཐུད་འཇིག་རྟེན་འདིར་གསོན་བའི་རེ་བ་དང་ཕུགས་བསམ་སྩོལ་བར་བྱེད།
༨
བརྩེ་དུང་ནི་དད་ཡུལ་ཞིག་སྟེ། དེ་ལས་ཁྱོད་ལ་བདེ་སྐྱིད་དང་སེམས་གསོ། སྙིང་རུས་དང་སེམས་སྤོབས་ལ་སོགས་ཐོབ་ཐུབ་སྟེ། རྒྱུ་མཚན། བརྩེ་དུང་ནི་ཕོ་མོ་བར་གྱི་དད་སེམས་ཁོ་ནའོ།།
༩
ཁྱོད་མི་ཞིག་ལ་སེམས་གཏིང་ནས་དགའ་ན། ཕ་རོལ་བའི་ཁྱོད་ལ་བློ་སེམས་བསྟོན་དུས། ཁྱོད་རང་གིས་དེ་ལ་སྣང་མེད་བྱེད་པ་དང་། ཁོང་གི་རྣམ་དག་གི་སེམས་པ་ལ་ཡ་མེད་བྱེད་མི་རུང་། དེ་ལྟར་བགྱིས་ཡུན་རིང་ན། ཁོས་ཁྱོད་ལ་རེ་བ་མེད་པར་ཚོར་ནས། ཁྱོད་རང་བློས་གཏོང་བྱ་སྲིད།
༡༠
ང་ཚོས་བརྩེ་དུང་གི་དོན་དུ་བརྩེ་དུང་དོན་དུ་གཉེར་མི་རུང་ནའང་། གོ་སྐབས་བསླེབ་ན་ངེས་པར་དམ་འཛིན་དང་གཅེས་སྐྱོང་གནང་དགོས། རྒྱུ་མཚན། མི་ཚེ་ནང་ཁྱོད་རང་སྙིང་ནས་དགའ་ས་ནི་གཅིག་ལས་མང་བ་ཡོང་མི་སྲིད་ལ། ཁྱོད་རང་ལ་སེམས་གཏིང་ནས་དགའ་མཁན་ཡང་གཅིག་ལས་མང་བ་ཡོང་མི་སྲིད།
༡༡
ང་རང་ཚོས་གནས་སྐབས་ཀྱི་མཚོ་བའི་དཀའ་ངལ་ཙམ་གྱི་ཕྱིར་དུ་དང་། སྒོར་མོ་དང་སྙན་གྲགས། ངོ་སོ་ལ་སོགས་པའི་དོན་དུ། རང་ཉིད་ཀྱི་བརྩེ་དུང་བློས་གཏོང་བྱེད་མི་རུང་། ང་ལ་ཡིད་ཆེས་བྱོས། དེ་ལྟར་གནང་བ་ནི་ནོར་འཁྲུལ་ཞིག་ཡིན་པས། ནམ་ཞིག་ཁྱོད་རང་འགྱོད་པ་སྐྱེས་ངེས།
༡༢
སེམས་ལ་བཟུང་། བརྩེ་དུང་ནི་ནམ་ཡང་དངུལ་དངོས་ཀྱིས་མཚོན་ཐུབ་པ་ཞིག་གཏན་ནས་མིན། དེ་ཕྱིར། ང་ཚོས་ཚོ་བ་ལས་བརྩེ་དུང་གདམ་དགོས་ཤིང་། བརྩེ་དུང་དང་ལྡན་པས། ནམ་ཞིག་ཁྱོད་ལ་བདེ་སྐྱིད་ཐོབ་ངེས་སོ།།
༢༠༡༢།༤།༥།ཉིན་གཟའ་མཇུག་གི་འགྲུལ་བཞུད་ཅིག་གི་མེ་འཁོར་ནང་བྲིས།
ངེད་དྲྭ་ཚིགས།