གཅེར་བུ་བ།
སྒེ་འུ་འདི་ནས་མིག་རྒྱང་གང་ཙམ་དུ།།
ཕྱེ་ལེབ་འཕུར་བའི་གཤོག་སྒྲ་ཨེ་ཐོས་སྙམ།།
སྔར་སོར་གནས་པའི་ལམ་ཀྱི་མཇུག་མ་རུ།།
བརྩེ་བའི་ཁ་ཆད་ཚུར་ཚུར་ཉེ་བ་འདྲ།།
དེབ་ཀྱི་ཤོག་ལྷེ་རེ་རེའི་ངོས་དག་ཏུ།།
ང་རང་སྲིན་འབུ་བཞིན་དུ་ཇི་ཙམ་ཉུལ།།
འོད་དུ་འབར་བའི་ཡིག་འབྲུ་རེ་འགའ་ཡིས།།
མིག་གིས་ཕྲ་ཕུང་དག་ལ་གཏོར་བརླག་ཐེབས།།
ལོ་ཚོད་བརྩིས་ནས་འཆར་འགོད་མང་ཙམ་འཐེན།།
འཇིག་རྟེན་ཁམས་ནི་ཆུ་རྙོག་ཇི་བཞིན་ཤར།།
འདམ་དང་རུལ་དྲི་ཁ་བའི་མི་ཡུལ་དུ།།
ཞེན་ཆགས་སྡིག་པ་ར་ཙའི་གཟུགས་སུ་གྲུབ།།
ཆར་ཤུལ་འཇའ་ཡིས་བཟུང་བའི་དབེན་ལྗོངས་དག།
སེམས་ཀྱི་སྤྱིལ་བུ་ཉིད་དུ་གྲུབ་ན་ཡང་།།
ང་ནི་སྡོད་ཚུགས་མེད་པར་ས་མཐར་གྱར།།
རྨི་ལམ་ཁྲ་བོ་ཞིག་ལ་མགོ་འདོགས་ཞུས།།
སྔོན་གྱི་འཆལ་བོ་དག་གི་རྗེས་སྙེགས་ཏེ།།
འདོད་པའི་རི་མོ་སྣ་ཚོགས་འབྲི་བར་འབད།།
ཚོད་ཚོད་ཙམ་ལ་དེ་ཡང་མ་འཁྱོངས་ཏེ།།
བདེ་ཐང་བོར་བའི་དབུས་ལམ་སླར་ཡང་བདམས།།
སྦྲང་མ་རེ་འགའ་འབབ་པའི་མེ་ཏོག་སྟེང་།།
ཁོ་བོ་ཟེའུ་འབྲུ་ཉིད་དུ་སྐྱེས་ན་སྙམ།།
འཇམ་ཞིང་མིག་ལ་རན་པ་གཅིག་པུ་ཡིས།།
སྐྱེས་པའི་རིན་ཐང་ཚིམས་པའི་སྐལ་བ་རྙེད།།
གདོད་ནས་ང་རང་ཤིན་ཏུ་སྐྱོ་བོར་གྱུར།།
ལས་དབང་ཁུར་རྩ་བསྒྲོགས་ཏེ་འབྱོར་བ་ཡིས།།
དབུགས་ཧར་ལུས་ཀྱི་ཨ་ཐང་ཅི་བས་ཆད།།
བྲོས་དང་གབ་ཅེས་བྱ་བ་ཇི་ལྟར་འཚོལ།།
གོ་རིམ་འཁྲུག་པའི་ལས་ཀྱི་བགྱི་བ་ཀུན།།
ཚེ་ཡི་པང་གདན་ཉིད་དུ་གྲུབ་ན་ཡང་།།
ལམ་གྱི་སྣང་བའི་ངོས་སུ་འབྱམས་པ་ཡིས།།
ཚངས་མགུར་སྣེ་མོར་ལག་འཇུ་དམ་དུ་བྱས།།
བྱ་བྱིའུ་སྐད་ལ་འཁྲི་བའི་དགའ་སྡུག་ཀུན།།
བློས་གཏོང་མ་ཐུབ་དེ་ཡི་ཁོལ་བོར་གྱུར།།
ཁྲོ་གཉེར་རབ་ཏུ་བསྡུས་པའི་མི་ཚོགས་ཀློང་།།
འཛུམ་མདངས་བཀླགས་ནས་སུ་ཞིག་རྒ་བར་འགྱུར།།
ལམ་དང་ཡུལ་གྱི་བཀོད་པ་སྒྲིག་སྒྲིག་ནས།།
ཁ་ཕོར་བར་གྱི་ལས་རྣམས་བརྗེད་པར་གྱུར།།
རྨུ་ཐག་ངོས་སུ་དཔྱངས་བའི་ལུང་བསྟན་ལ།།
ད་ནི་སྡིག་སྨོད་བྱས་ཀྱང་ཕྱི་ཚར་སོང་།།
སྤྲིན་པའི་སྟེང་དུ་འཛེག་པའི་ལྷ་མོ་རྣམས།།
ཆུང་ངུ་དུས་སུ་ལྡེབས་རིས་ངོས་ནས་མཇལ།།
ད་ཚོད་འཕོངས་ཚོས་རྗེན་པར་སྟོན་པ་མོ།།
འགྲམ་དུ་བཅར་ནས་ཁ་རླངས་གདོང་ལ་བཏབ།།
དུས་དང་འཚོ་བ་དངོས་ལས་ཐོན་པ་ཡི།།
རྨོངས་སྤུ་ལྟ་བུ་སེམས་ཀྱི་འཆར་སྒོ་ཀུན།།
ཚགས་སུ་སྡེབ་པའི་སྦྱོར་བ་བཤམས་པ་ན།།
ང་ཡང་འུ་ཐུག་ཁོང་ཅག་ཐང་ཆད་གྱུར།།
ས་ཁྱོན་དམ་དུམ་རེ་ཡི་ཕར་ཚུར་ན།།
སྲིད་པའི་སྣང་བ་གླུ་རུ་ལེན་པོ་ཡི།།
རང་དབང་ཐོགས་པའི་གཤོག་ལྡན་ངང་པ་ཁྱུ།།
འདི་ནས་མི་མཐོང་ན་ཡང་ཡིད་སྨོན་སྐྱེས།།
ཚ་བའི་རླངས་པ་འཐིབ་པའི་ཡར་སྔོན་དུ།།
གནས་འདིའི་སྔ་དགོང་དག་ལ་མཛེས་པ་འབར།།
མིག་གིས་ཇི་ཙམ་བལྟས་ཀྱང་མི་ངོམས་པས།།
པར་མིག་ནང་དུ་ཡང་ཡང་བཙུད་པར་ཐལ།།
ས་སྲོས་ཉི་མར་དམར་མདངས་འཁྱུད་པ་དང་།།
རང་གི་གོར་དབྱིབས་ཡོངས་སུ་རྫོགས་པར་བསྟན།།
རི་རྩེ་མཐོ་དམའ་ཅུང་རེ་མི་མཉམ་པར།།
དེ་ཡི་སྒང་དུ་གོར་སེ་བཞག་དང་མཚུངས།།
དུད་སྤྲིན་ཅུང་རེ་རི་བོའི་གཤོང་དུ་ཆགས།།
གྲིབ་ཆེན་རེ་གཉིས་རི་ཡི་ཁོག་ཏུ་གུག།
བྱང་མཐའ་དབེན་ལྗོངས་འདི་ཡི་གྲུ་ཟུར་ནས།།
སྨྲེང་བ་ཡང་ཡང་བསླངས་བའི་དུས་ཚིགས་ཤར།།
དགའ་སྐྱོ་ཐག་སུ་བྲེས་པའི་ལེ་འུ་ནང་།།
ལམ་སྣེ་རླུང་གིས་བཏེགས་ཏེ་གང་ན་ཡོད།།
ཕྱི་རོལ་སྣང་བ་ནང་གི་རྣམ་རྟོག་ཀུན།།
ཆོན་ཐག་ཆེ་ཆུང་ལྷན་དུ་སྦྲེལ་ཏེ་འཐེན།།
ཚ་གདུང་ཆེ་བའི་དུས་ཚོད་ཤར་བར་ཉེ།།
ཕ་ཡུལ་ཕྱོགས་ཀྱི་བསིལ་རླུང་ཞེ་ལ་ཐོགས།།
དེ་བས་གཅེས་པའི་མི་ཞིག་དྲན་པར་འཛེར།།
ཤག་གི་ཕྱི་ནང་ཀུན་ཏུ་སྐྱོ་གདུང་འཐིབ།།
ལུས་ཁམས་དར་རྒུད་དབྱར་ཀའི་གནམ་ངོ་ལྟར།།
ད་ལྟ་བདེ་ཡང་ད་ལྟ་གདུང་བར་གྱུར།།
དེ་འབྲེལ་ངོ་གདོང་དཀར་དམར་མང་པོ་ཞིག།
གཡས་གཡོན་དག་ན་འདུར་བས་དབུགས་ཀྱང་ཧར།།
ལྷ་མི་སྤུངས་བའི་ཕྱི་མོ་སྔོག་པ་ཡིས།།
རྩྭ་གསེབ་འབུ་ཞིག་མགྱོགས་ཙམ་རྒྱུག་ན་ཡང་།།
སྐྱེ་བ་འདི་ལ་འགོས་པའི་ཁ་བསོད་ཀྱིས།།
རང་ལ་ཐོབ་པའི་ལམ་ནི་གཡང་གཟར་ཞིག།
གནམ་ངོ་ཧོབ་ཏུ་འགྱུར་བ་ཐེབས་པ་ན།།
ཡི་གེར་འགོད་ཐབས་བྲལ་བའི་མཛེས་ལྗོངས་འབུར།།
ཆར་པ་ཟིམ་ཟིམ་འབབ་པའི་མདུན་ཕྱོགས་ན།།
ཉི་ཟེར་ལམ་ལམ་ཤར་བ་ཅི་འདྲ་ཡག།
སྔོན་ཚེ་སྤང་རིར་འགོ་བའི་ན་ཚོད་ལ།།
ཉི་ཤར་གནམ་འབབ་རྫི་བོ་སྐྱིད་ཅེས་གྲགས།།
དེ་ཚེ་སྟོང་བསམ་དག་ནི་དེ་ལས་མཛེས།།
དེ་ཚེ་མཛེས་སྡུག་མིག་གིས་སེམས་སུ་བཀླུབས།།
སྨུག་པས་རང་ཉིད་བཏུམས་པའི་རི་སྒང་དུ།།
མེ་ཏོག་སེར་ཆེན་མགོ་སྐེ་ག་ཚོད་བཏོགས།།
རྙང་འབུ་སེར་པོ་རེ་གཉིས་རྡོ་ཞབས་སྦྱར།།
དུས་དེ་དྲན་ན་ས་མཐའ་ཇི་ལྟར་འགྲེལ།།
རྒྱབ་མདུན་རི་ཡི་སྐོར་བའི་མཐིལ་དེ་ན།།
ད་ལྟ་ཁྱེད་ཀྱི་ངུ་སྐད་ཚོར་མཁན་སུ།།
མིང་ལོག་ལྟ་བུ་གཞོགས་ཀྱི་མི་ཚོགས་ནི།།
འབུ་ནག་ཚོམ་ལྟར་རང་སར་བྲེལ་ནས་ཡོད།།
དུག་སྦྲང་རྐང་རིང་རྒྱུ་བའི་སྒེའུ་ཡོལ་དྲུང་།།
མུན་པའི་ངག་ལས་འོད་ཀྱིས་ཟེགས་མ་འཐོར།།
དེ་དུས་ང་རང་ཡན་ལག་སྐུམ་ན་ཡང་།།
ནམ་གུང་ཙམ་ལ་གཉིད་ལས་བསྐྱར་དུ་སད།།
སྤྱིར་ན་ཕྱོགས་འདིར་དུས་བཞི་མི་གསལ་ཡང་།།
བྱང་ཁུལ་རི་ལུང་འདི་ཡི་མགོ་མཇུག་ཏུ།།
འགྱུར་བ་ཉུང་ཟད་བྱུང་བའི་དེ་ཤེད་དུ།།
ཁུ་བྱུག་ལྷང་ལྷང་གྲགས་པས་སྐྱོ་བ་བསྣོན།།
རི་བོ་ངོས་མི་མཉམ་པའི་ཁ་མཐའ་རུ།།
ནམ་མཁའ་ཕྱོགས་གཞན་བཞུད་པ་ལྟ་བུ་ཡོད།།
ནགས་ཀྱིས་དཀྲིས་པའི་ལྗོངས་རྣམ་མཐོང་བ་ན།།
གནས་འདིར་འདས་པའི་ལོ་ཟླ་སྒྲུག་པར་བརྩམས།།
མི་རྟག་བཟླས་ནས་ཚེ་ཕྱེད་རྫོགས་པར་གྱུར།།
རྟེན་འབྱུང་ངོས་སུ་ལང་ཚོ་ཡོལ་ལ་ཉེ།།
དེ་ལྟར་ན་ཡང་ང་ནི་སྐྱ་མི་སྟེ།།
ལམ་སྣེ་མང་བའི་དཀྱིལ་ནས་འཇུག་ལྡོག་བྱེད།།
འཁོར་བ་རྗོད་ལ་ད་ནི་ངོ་ཡང་ཚ།།
བྱེ་མའི་རི་བོར་ལག་རྗེས་འཇོག་པ་བཞིན།།
རླུང་ཚུབ་སྐོར་ཞིག་ལྡང་བའི་དེ་མ་ཐག།།
སླར་ཡང་ངོས་སྙོམ་སྔར་ལས་མཁྲང་པོར་བསྒྱུར།།
ཀླད་པ་གྱང་གི་ངོས་སུ་བྲིས་པ་ན།།
འགྲོ་བ་རིགས་དྲུག་གང་དུའང་མི་གཏོགས་པའི།།
དཀར་ནག་སྣེ་དགུ་སྡེབ་པའི་སེམས་ཅན་ཞིག།
བུད་པར་སྙམ་ནས་ང་རང་ཅུང་ཟད་འཇིགས།།
ཟུར་མིག་མདའ་ལས་ཚ་བའི་བུ་མོ་ཞིག།
སྔས་སུ་འཕྱངས་བའི་ཐང་ཀའི་ངོས་སུ་དོད།།
འདོད་པའི་ཡི་དྭགས་སྲེད་པའི་མིག་མདངས་ལས།།
གློག་ཞུ་འོད་ཀྱང་སྐྱེངས་བའི་སྐབས་ཤིག་བྱུང་།།
རི་དག་ཆོས་འཁོར་འགྲམ་གྱི་བྱ་བྲུན་གྱིས།།
དགོན་གྱི་བད་འདབས་སྐྱ་བོར་བཏང་བ་ན།།
ཕྱོགས་མཚམས་དག་ཏུ་བཏགས་པའི་དྲིལ་བུ་སྒྲ།།
གྲོང་ལ་ཟུག་པའི་ཆོ་འཕྲུལ་ཅུང་ཙམ་མཐོང་།།
ཐོག་རྩེག་མང་བའི་ཤག་ཏུ་འབྲོངས་བ་ན།།
སྲིད་པའི་ཕུན་ཚོགས་ཞེ་ལ་འཁོར་འཁོར་བྱུང་།།
རང་ལུས་གཅེར་བུར་ཕུད་ཀྱང་ཅི་ཕན་ཏེ།།
ཁྱེད་ཀྱི་མིང་ནས་སྨོས་ཚེ་ཅུང་ཟད་ཞི།།
ངེས་འབྱུང་རྣ་བ་ཕུག་པ་ལྟ་བུ་འདི།།
བརྡ་རྟགས་ཡིན་ན་ཅུང་ཟད་དལ་བར་ཡོད།།
རྒྱུ་ལམ་སྣ་ཚོགས་འགྲིམ་པའི་ཟུར་ཞིག་ཏུ།།
བཙུན་པའི་ཁུངས་ནི་ལུང་གིས་སྐྱེལ་བར་བྱེད།།
ཐེ་འུ་ཞིག་གི་སྐྱ་རྣམས་གཞིག་པར་ཕྱོགས།།
ད་དུང་སྦྲང་མ་རེ་འགའ་དེ་རུ་འཐམ།།
བར་ཅིག་ལུས་སུ་ཤ་འོད་རྒྱུག་པ་ལྟར།།
དུས་ཀྱི་མགྲོན་པོས་ལ་མོར་སྐྱེལ་མ་ཞུས།།
མིག་ཟུང་གང་ལའང་ཕྱོགས་ཁོམ་མེད་པ་ཡི།།
དུས་ཀྱིས་བྲན་དུ་བཀོལ་བའི་མི་དག་ཀྱེ།།
བར་རྡོ་ཟེར་བའི་ས་ཚིགས་མཐའ་མ་རུ།།
ང་ལ་སྒུག་པའི་བཀའ་ཁྲོལ་གནང་བར་ཞུ།།
སྐྱེ་འཆི་ཤོག་བུ་བཞིན་དུ་གསེད་པ་ཡིས།།
ཁ་མཆུ་ཐུག་སྟེ་ཁྲིམས་རར་ཚུད་ལ་ཉེ།།
འདམ་རྫབ་ཁྲོད་ཀྱི་ཞལ་རས་དཀར་པོ་ཡིས།།
སྔར་བྱས་དག་ནི་འཕྲེང་བར་བརྩིས་ཏེ་བཤད།།
ང་ནི་མི་ཁོམ་ཟེར་བཞིན་ཁོམ་པར་གནས།།
དུར་རྡོ་དག་ལ་གཡའ་རྩི་འགོས་པར་ཡོད།།
མིང་བྱང་བརྗེས་པའི་སྟོན་མཇུག་དེ་ག་རང་།།
ཁྲོ་བ་མི་མངའ་སྡང་བའང་ག་ལ་མངའ།།
ཆོས་ཉིད་བཀའ་ལུང་ཞིག་ཏུ་འགྲེལ་ཚུལ་དེས།།
བདག་ལ་གོ་རྟོགས་ཅི་ཡང་ཐོབ་མ་གྱུར།།
ཡང་ཡང་སོང་བའི་སྨག་གི་ངོས་ཤིག་ཏུ།།
མཛའ་བའི་སྙིང་གཏམ་ཤི་རོ་མང་དུ་ཐོབ།།
དེ་མཐར་བདག་ནི་ནོར་ལ་ཆགས་པར་གནས།།
མ་རེད་རོ་སྐོགས་ཙམ་ལའང་བརྐམས་པར་གནས།།
མཆི་མ་མི་འདུག་སྡུག་ཡུས་ཇི་ལྟར་བགྲངས།།
ཕལ་པའི་མི་ནི་རྣམ་འགྱུར་རང་ལ་འཐོམ།།
རི་ཤོད་རི་སྟེང་ཉལ་བའི་སྤྲིན་གྱི་ཁྱུ།།
ལ་ཁར་ལྡིང་ཞིང་ནམ་མཁའི་བྲང་ངོར་འགྲོ།།
སྒྱིད་ལུག་ལྷས་ལ་བཏགས་པའི་ནགས་ཚལ་དག།
འགུལ་ཙམ་འགུལ་ཙམ་ངང་དུ་བདེ་བར་གནས།།
འགྱངས་བའི་སྐད་ཀྱིས་ངོ་གདོང་ནོག་འགྲོ་འམ།།
ཚིག་པ་ཟོས་ནས་རང་གཤིས་འགྱུར་སོང་ངམ།།
ང་རང་ག་ལེར་ན་ཚོད་རྫོགས་པར་འདུག།
མེ་ཏོག་ཚོགས་ནི་ཡང་བསྐྱར་སྐྱེ་བར་ངེས།།
འཆམ་བསྐྱོད་ཙམ་གྱིས་འཆར་སྣང་ཐན་ཐུན་ཡང་།།
ལམ་དང་གཞི་མདོ་མང་ས་དེ་རུ་ལུས།།
མེ་ཏོག་ཚོང་བའི་བུ་མོ་སྐོར་ཞིག་གིས།།
ཧི་མ་ལ་ཡར་མེ་ཏོག་མང་རབ་ཟེར།།
མེ་ལོང་ངོས་སུ་ང་རང་གྲུ་སུམ་ཤར།།
མི་རྣམས་མིག་ཏུ་ནར་ནར་གོར་གོར་སོགས།།
བཟོ་ལྟ་འདྲ་མིན་སྣེ་དགུ་ཤར་ན་ཡང་།།
སྤྲུལ་པ་མ་བསྟན་ང་ནི་རང་འཇགས་ཡིན།།
རི་ཞིག་ཕ་རོལ་རི་ཞིག་ཚུར་རོལ་ཏུ།།
གནའ་བོའི་སྙན་ངག་མཁན་དག་དྲན་པར་བསླེབས།།
དུས་ནི་དེ་ཚོད་མང་དུ་འདས་ཟིན་ཡང་།།
ཁྱེད་ཀྱིས་བཞེངས་བའི་སྐྱེ་དངོས་ད་དུང་ཡག།
སྐད་ངག་མི་ཁྲོལ་ཨོལ་མདུད་རྒྱུ་ཞོར་དུ།།
དགོན་པར་མཐའ་སྐོར་རྒྱག་པའི་བུ་མོར་བལྟས།།
དེ་ལས་ལྡོག་སྟེ་ནང་ལས་ཙག་ཙིག་གཉེར།།
ད་དུང་དུས་ཚོད་ཐེ་བ་མང་དུ་ལུས།།
པར་སྒྲོམ་ཞིག་ཏུ་བཤམས་ཀྱང་མི་ཆོག་པའི།།
ཁོག་གི་ནང་སྙིང་འདི་ཚོ་རྩྭ་ལྡུམ་བཞིན།།
གང་སར་བསྟབས་ཀྱང་ང་ནི་ངོ་མིི་གནོངས།།
གཞན་གྱིས་ཅི་ཞིག་ཟློ་ཡང་ཐེ་མི་ཚོམ།།
ད་ནི་ཡིག་འབྲུ་ཕལ་ཆེར་རྫོགས་གྲབས་འདུག།
སྲིད་པར་ཕུལ་བའི་སྙན་ཞུ་ཁྲི་མ་འབུམ།།
ལོ་མང་རིང་དུ་བརྫངས་ཀྱང་བསོགས་མ་གྱུར།།
སྨྲེ་སྔགས་ཕལ་ཆེར་ཆུ་བོའི་སྒྲ་དང་མཉམ།།
རྣམ་ཤེས་དམར་རྗེན་བུད་པའི་གཞུག་མ་རུ།།
མིང་ཐོ་ནག་པོ་ཅན་གྱི་མི་ཚོགས་རྣམས།།
གང་ནས་གང་དུ་བཞུད་འགྲོ་སྙམ་པའི་ཚེ།།
མེ་འཁོར་དུང་བརྡ་སྐད་ཀྱིས་ཕྱིར་ཤོག་བོས།།
དེ་མུར་འདུར་བཞིན་རྗེས་སུ་འབྲངས་བ་ན།།
གནམ་སའི་ཁ་མཚམས་ཐུག་པའི་ལྟད་མོ་མཐོང་།།
རི་ནས་མཆོང་ཞིང་ཐང་དུ་རྒྱུག་པ་ཡི།།
ཆུ་ཉལ་གཟུགས་ཀྱི་འོད་དཀར་སྐོར་ཞིག་མཐོང་།།
གཅེར་བུ་པས་2015. 4. 15. ཉིན་བྲིས།
ངེད་དྲྭ་ཚིགས།