བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས།

བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། <1>

                       ______ ཁྲིམས་མེད་ལུགས་མེད་ཀྱི་བཙན་རྒྱལ་དང་མི་སེར་སྤེལ་བར་ངོ་རྒོལ།

རྩོམ་པ་པོ། ཐང་ཏང་ཧུང་།    ཡིག་སྒྱུར་བ། རིག་འཛིན།     ཞུ་ཆེན་བ། ནགས་ཤོད་སད་མི།

“ཁོང་ཚོའི་སྐད་ཆ་དང་ས་ཁྲ འདོད་བློ་བཅས་ཀྱིས་ས་ཁོངས་གསར་བསྐྲུན་བྱས་པ་དང་། རིམ་པས་ཁོང་ཅག་གི ‘ཁྱིམ་ཚང’ དུ་གྱུར་པ་རེད། “_______ ཨེ་ཏེ་ཧྭ་ས་ཡེ་ཏེ།

ཁག་དང་པོ། ཁྲིམས་མེད་ལུགས་མེད་ཀྱི་བཙན་རྒྱལ་དང་མི་སེར་སྤེལ་བར་རྒོལ་བ།

“ཅའོ་ཀྲུའུ( ཀྲུང་ཡོན་ལ་ཟེར། དེ་ནི་བོད་སོག་ཡུ་གུར་མན་ཇུ་སོགས་མ་ཚུད་པའི་རྒྱ་རིགས་རང་གི་རྒྱལ་ཁབ་དེ་ལ་ཟེར། )རྒྱབ་ན། ཕན་རྒོ( བོད་རྒྱལ་ཁབ )ཟེར་བ་ཡོད། ” ཡཱ་ཧྲང(སུང་ལྷོ་མ)རྒྱབ་ན་རྒྱ་ནག་མེད། མིང་རྒྱལ་ཁབ་འཐོར་རྗེས་ཧྭ་ཤའ(ཀྲུང་ཡོན)མེད། “རྡའ་ལུའུ(མན་ཇུ་བ)བསྐྲད་ནས་ཀྲུང་ཧྭ་སླར་གསོ་བྱ། ཟེར་བའི་གྲགས་ཅན་སྐད་ཆ་འདི་ཚོས། ཧྭ་ཤའ་རྒྱ་ནག་པས (རྒྱ་མི )རྒྱ་ནག་ཅེས་པའི་ཐ་སྙད་དང་། མི་རིགས་ཐོབ་ཐང་ངོས་འཛིན། མི་རིགས་བརྩེ་དུང་། དེ་བཞིན་རྒྱལ་ཁབ་སྟོར་བའི་སྡུག་བསྔལ་དང་རྒྱལ་ཁབ་སླར་གསོའི་སྙིང་སྟོབས་བཅས་མཚོན་ཡོད། “

དེ་བས་དེ་སྔ་ཧྭ་ཤའ་མི་རིགས་ནས“ཕན་རྒོ”ཞེས་ཕྱི་རྒྱལ་དུ་བརྩི་བ་དང་། “མན་རུང་རྡིའི་ཡི”ཞེས་འབོད་པའི་རྒྱ་ནག་མཐའ་སྐོར་གྱི་ཐུ་བྷོད(བོད)དང་། ཤར་ཏུ་ཀི་སི་ཐན(ཤིང་ཅང-ཁ་ཆེ) སོག་པོ་བ(ནང་སོག)བཅས་ལོ་ངོ་སྟོང་ཕྲག་གི་ཤེས་རིག་ལྡན་ཞིང་། སྟོབས་ཆེའི་བཙན་ཤེད་ཅན་གྱི་རྒྱལ་ཁབ་འཛུགས་མྱོང་ཡོད་པའི་མི་རིགས་དེ་ཚོ་འཛམ་གླིང་ལོ་རྒྱུས་ཀྱི་ཆ་ཤས་ཤིག་གྲུབ་ཡོད་ལ། ད་དུང་ཁོང་ཚོ་ཚང་མར་རང་ཉིད་ཀྱི་ལོ་རྒྱུས་ལྟ་ཚུལ་དང་། རྒྱལ་ཁབ་ཀྱི་གོ་དོན། མི་རིགས་གཅིག་འགྱུར་ངོས་འཛིན་དང་མི་རིགས་བརྩེ་དུང་ཡོད་པ་མ་ཟད། ད་དུང་གཞན་གྱི་ཁོངས་གཏོགས་རྒྱལ་ཁབ་བྱེད་རྒྱུ་དང་བདག་དབང་ཕྱིའི་མི་རིགས་ཀྱིས་འཕྲོག་རྒྱུ། དེ་བཞིན་མི་སེར་སྤེལ་ཡུལ་བྱ་རྒྱུ་བཅས་དང་ལེན་བྱེད་ཀྱི་མེད།

ཡིན་ནའང་། གནའ་སྔ་མོ་ནས་བཟུང་རྒྱ་ནག་གིས་རང་ཉིད་ནི་གནམ་འོག་གི་ལྟེ་གནས་ཡིན་པར་ངོས་འཛིན་བྱས་ཤིང་། སྟོབས་ཤུགས་ཆེ་བའི་དུས་སུ་རྟེན་འབུལ་ནོར་རྫས་ལེན་པ་དང་། འཇའ་ས་གོ་གནས་སྤྲོད་པའི་བྱ་ཐབས་ལ་བརྟེན་ཏེ་མཐའ་འཁོར་རྒྱལ་ཁབ་ཚོས་རྒྱ་ནག་གི་བདག་པོའི་གནས་བབ་དེ་ཁས་ལེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད། འདིར་ངེས་པར་ནན་བརྗོད་བྱེད་དགོས་པ་ཞིག་ལ། རང་ཉིད་ཀྱིས་འཛམ་གླིང་ལྟེ་གནས་སུ་ངོས་འཛིན་བྱེད་པ་དེ་ནི། རྒྱ་ནག་སྟོབས་ཤུགས་ཆེ་བའི་དུས་སུ་ཡིན་ཞིང་། ཡིན་ནའང་དེས་ཧྭ་ཤའ་རྒྱ་ནག་གི་རྒྱ་མི་ཚོར་བཙན་རྒྱལ་གྱི་འདོད་སེམས་གཏིང་ཟབ་ཅིག་གསོག་འཇོག་བྱེད་བཅུག་ཡོད་ལ། “གནམ་བསྐོས་གོང་མས་སྐྱོང་བའི་རྒྱལ་ཁབ་ཆེན་པོ་དེར། ཕྱི་ལོགས་རྒྱལ་ཕྲན་ཁྲི་ཕྲག་མང་པོས་གུས་ཕྱག་ཕུལ་དུ་བཅར”ཞེས་པ་དེ་དབང་སྒྱུར་པ་ཚོའི་གཟི་བརྗིད་གཅིག་པུ་མ་ཡིན་པར། ད་དུང་མུ་མཐའ་མེད་པའི“གནམ་འོག”ཅེས་པ་དེ་ནས་མངའ་འོག་ས་ཁོངས་ཆེན་མོ་ཞེས་པ་དེ་ཚོའང༌དབང་སྒྱུར་པ་ཚོའི་བརྗིད་ཉམས་ཞིག་ཡིན་ཞིང་། དེ་མིན་དེའི་ཐོག་བདག་པོ་དང་གཡོག་པོ། དབང་ཆ་འཛིན་མཁན་དང་དབང་ཆ་ཤོར་མཁན་ཚོ་སྔ་ས་ནས་གཅིག་གྱུར་ཆེན་པོ་ཞིག་ཆགས་ཟིན་ཡོད། གཅིག་གྱུར་ཆེན་པོ་ཞེས་པ་དེ་ནི་རྒྱ་མིིའི་ཆབ་སྲིད་ཁྲོད་ཀྱི་བསམ་པའི་འཁྱེར་སོ་གཙོ་བོ་ཞིག་ཡིན་ཞིང་། དེ་དང་སྟོབས་འབྱོར་ལྡན་པ་དང་། མངའ་ཐང་རྒྱས་པ། རླབས་ཆེ་བ་སོགས་དེ་འདྲའི་རྨི་ལམ་དེ་ཚོ་དང་ཕན་ཚུན་འདྲེས་ཡོད། དོན་དངོས་སུ་དེ་འདྲའི་སྟོབས་འབྱོར་ལྡན་པ་དང་། དེ་འདྲའི་མངའ་ཐང་རྒྱས་པ། དེ་འདྲའི་རླབས་ཆེ་བ་ཞེས་པ་དེ་ཚོའི་མཐའ་མའི་དམིགས་ཡུལ་ནི། བཙན་ཤེད་ངང་འཛམ་གླིང་དབང་འོག་བསྡུ་རྒྱུ་དེ་མ་ཡིན་ནམ།

ཧྭ་ཤའ་རྒྱ་ནག་པ་ཚོ་མན་ཇུའི་དབང་སྒྱུར་འོག་རྒྱལ་ཁབ་སྟོངས་ནས་ལོ་ངོ་ཉི་བརྒྱ་ལྷག་ཕྱིན་རྗེས། ལྕགས་ཕག་ལོའི་གསར་བརྗེས། རྡའ་ལུའུ་མཐར་སྐྲོད་བཏང་ཏེ་ཀྲུང་ཧྭ་སླར་གསོ་ཞེས་པའི་རྒྱལ་ཁབ་བསྐྱར་གསོ་དང་། རྒྱ་མིའི་སྲིད་དབང་གི་ཀྲུང་ཧྭ་མིང་གོ(རྒྱ་ནག་མི་སེར་རྒྱལ་ཁབ)གསར་འཛུགས་བྱས་ཡོད། སུན་ཀྲུང་ཧྲན་གྱི<<མི་རིགས་རིང་ལུགས>>ཞེས་པ་དེའི་ཐེངས་གཉིས་པའི་གསུངས་བཤད་ཐོག “རྒྱ་ནག་ཏུ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་། ཆབ་སྲིད་ཐོག་བཙན་གནོན་བྱུང་ཞིང་། ཐ་ན་རྒྱལ་ཁབ་རྦད་དེ་ཐེངས་གཉིས་སྟོང་མྱོང་ཡོད་ལ། ཐེངས་གཅིག་ནི་ཡོན་རྒྱལ་རབས་དང་། ཐེངས་གཅིག་ནི་ཆིང་རྒྱལ་རབས་ཡིན”ཞེས་བཤད་ཡོད། གཏམ་བཤད་དེའི་ཐོག་ནས་གསར་བརྗེ་པ་ཚོས་རྒྱ་ནག་ཞེས་པ་དེ་དང་ཧྭ་ཤའ་ཞེས་པ་དེ་ག་རེ་ཡིན་པ་ད་དུང་སེམས་ལ་ངེས་ཡོད་ལ། སོག་པོའི་ཡོན་དང་མན་ཇུ་ནི་ཕྱི་ཕྱོགས་ནས་ཡོང་བའི་སྲིད་དབང་ཞིག་དང་། བཙན་འཛུལ་བ་ཞིག་ཏུ་བརྩི་གི་ཡོད།

འདིར་ཡང་ངེས་པར་གསལ་འདེབས་ཞུ་རྒྱུ་ཞིག་ལ། མཐའ་འཁོར་གྱི“ཕན་རྒོ”ཞེས་པའི་ཕྱིའི་རྒྱལ་ཁབ་དཔེར་ན། བོད་འདིས་སྔ་ཕྱི་བར་གསུམ་དུ། “བོད་ནི་བོད་ཡིན་པ་དང་། རྒྱ་ནི་རྒྱ་ཡིན་པར”(ཐུ་བྷོད་ནི་ཐུ་བྷོད་ཡིན་པ་དང་། རྒྱ་ནག་ནི་རྒྱ་ནག་ཡིན་པ)དབྱེ་བ་ཧ་ཅང་གསལ་པོ་ཕྱེས་ཡོད་ལ། [1]ཁོང་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་ལ། ད་དུང་བོད་འདི་མན་ཇུའི་ཆ་ཤས་ཤིག་ཡིན་པར་ཡང་ངོན་འཛིན་བྱེད་ཀྱི་མེད་པར། བོད་མིའི་སེམས་ནང་། བོད་དང་སོག་པོའི་ཡོན་གྱི་མཆོད་ཡོན་འབྲེལ་བ་དེ་དང་། བོད་དང་མན་ཇུའི་མཆོད་ཡོན་འབྲེལ་བ་དེ་དག་ནི། བོད་སོག(བོད་དང་སོག་པོའི་ཡོན)འབྲེལ་བ་དང་བོད་མན(བོད་དང་མན་ཇུ)འབྲེལ་བ་ཞིག་ཡིན་པ་ལས། ཧྭ་ཤའ་རྒྱ་མི་ཚོ་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་ཞིང་། མདོར་ན་དེའི་ཐོག་འབྲེལ་བ་རིགས་གསུམ་ཡོད་པ་སྟེ། བོད་རྒྱའི་འབྲེལ་བ་དང་། བོད་སོག་འབྲེལ་བ། བོད་མན་འབྲེལ་བ་བཅས་ཡིན།

ལྕགས་ཕག་ལོའི་གོང་དུ་རྒྱ་ནག་ཡོན་ཏན་པའི་སྡེ་དང་སྲིད་དོན་པ་ཚོས། མན་ཇུའི་སྟོབས་ཤུགས་ཉམས་རྒུད་དུ་ཕྱིན་པའི་སྟབས་ཀྱིས་རྒྱ་ནག་ལ་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་ཉེན་ཁ་ཡོད་པའི་ཚོར་བ་བྱུང་ཡོད་པ་མ་ཟད། ད་དུང་ཁོང་ཚོས་མི་རིགས་རིང་ལུགས་དང་བཙན་རྒྱལ་རིང་ལུགས་སྐོར་གྱི་རྩོམ་ཡིག་མི་ཉུང་བ་ཞིག་བྲིས་ཡོད་ལ། ཁོང་ཚོས་བཙན་རྒྱལ་རིང་ལུགས་གོ་དོན་རྒྱུས་མངའ་ཡོད་པ་མ་ཟད། བཙན་རྒྱལ་མི་སེར་སྤེལ་ཡུལ་རྒྱ་བསྐྱེད་གཏོང་ཆེད་དམིགས་པའི་སྲིད་ཇུས་དང་བྱ་ཐབས་ཚང་མ་ཤེས་རྟོགས་བྱུང་ཡོད། སྐབས་དེའི་ཤེས་ཡོན་པ་དང་སྲིད་དོན་པ་ཚོའི་ཕྱོགས་ནས་བཤད་ན། མན་ཇུ་བཙན་རྒྱལ་ཞིག་ཏུ་བརྩི་ཆོག་པ་ཞིག་ཡིན། ཆིང་གོང་མའི་རྒྱལ་ཁབ་ཆེན་པོའི་ས་ཁྲ་ཀུན་བཏུས། འཛམ་གླིང་ཕྱེད་ཀའི་ཤར་ནུབ་མངའ་ཁོངས་ས་ཁྲ་ཞེས་པ་དེ་ནི་སྐབས་དེར་དར་སོ་ཆེ་ཤོས་དང་པར་སྐྲུན་མང་ཤོས་བྱས་པའི་ས་ཁྲའི་གྲས་ཤིག་ཡིན། 1908ལོར་ཁྱབ་བསྒྲགས་བྱས་པའི་རྩ་ཁྲིམས་འཆར་ཟིན་དོན་ཚན་དང་པོའི་ནང་། ཆིང་གོང་མའི་རྒྱལ་ཁབ་ཆེན་པོའི་དབང་སྒྱུར་པ་དེ་ནི་གོང་མ་ཡིན་ཞིང་། གོང་མས་མི་རབས་ཁྲི་ཕྲག་བར་དབང་སྒྱུར་བྱེད་དགོས་པ་གསལ་པོ་བྲིས་ཡོད། [2]

ལྕགས་ཕག་ལོའི་གསར་བརྗེ་ནས 1949 ལོར་རྒྱ་ནག་གུང་ཁྲན་ཏང་སྲིད་དབང་བཙུགས་པའི་ལོ་རྒྱུས་དུམ་མཚམས་དེའི་ནང་། རྒྱ་ནག་ཡོན་ཏན་པའི་སྡེ་དང་སྲིད་དོན་མི་སྣའི་རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞིའི་ཁྲོད། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་། མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་དེའང་བརྗོད་གཞི་གཙོ་བོར་གྱུར་ཡོད། འོ་ན་ཁོང་ཚོས་ཧ་ཅང་གསལ་པོ་ཤེས་དགོས་པ་ཞིག་ལ། སོག་པོའི་ཡོན་དང་མན་ཇུ་གཉིས་ཀ་ཐག་རིང་ས་ཁུལ་གཞན་གྱི་ས་ཆ་ཧམ་བཟུང་བྱེད་མཁན་དང་། ས་ཁུལ་གཞན་གྱི་ཆབ་སྲིད་དང་དཔལ་འབྱོར་ཁ་ལོ་བསྒྱུར་མཁན་དཔེ་མཚོན་དུ་གྱུར་བའི་བཙན་ཤེད་རྒྱལ་ཁབ་དེ་ཡིན་ཞིང་། ཧྭ་ཤའ་རྒྱ་ནག་དེ་ཡིན་ནའང་འདྲ། དེ་མིན་བོད་དང་ཤར་ཏུ་ཀི་སི་ཐན་ཡིན་ནའང་འདྲ། ཚང་མ་མན་ཇུའི་མངའ་ཁོངས་རྒྱ་བསྐྱེད་བཏང་བ་དང་ཕྱི་ཕྱོགས་སུ་དམག་འཐབ་བྱེད་པའི་གནོད་འཚེ་ཕོག་ཡུལ་ཞིག་ཡིན། འདིར་རྒྱ་མི་ཚོར་ངེས་པར་དུ་དྲན་སྐུལ་ཞུ་དགོས་པ་ཞིག་ལ། རྗེས་སུ་རྒྱ་མིས་རང་གི་བསམ་པའི་འཁྱེར་སོའི་ནང་། ཕྱི་ནས་ཡོང་བའི་མན་ཇུའི་སྲིད་དབང་ནང་གི་སྦྱིན་བདག་ཞིག་ཏུ་བརྩིས་ཟིན་ཡོད་རུང་། བོད་དང་ཤར་ཏུ་ཀི་སི་ཐན་སོག་པོ་བཅས་ཀྱི་མི་ཚོས་སོ་སོ་བྲན་བཀོལ་གྱི་གནས་སུ་གྱར་འདོད་བྱས་མེད་པ་མ་ཟད། མན་ཇུའི་བཙན་ཤེད་རྒྱལ་ཁབ་དེ་རང་གི་རྒྱལ་ཁབ་ཡིན་པར་ངོས་འཛིན་དེ་བས་བྱས་མེད།

ངོ་བོའི་ཐོག་ནས་བཤད་ན། མན་ཇུས་མི་སེར་སྤེལ་བ་དང་དབང་སྒྱུར་ལེགས་གྲུབ་བྱུང་ས་གཙོ་བོ་དེ་ནི། ཧྭ་ཤའ་རྒྱ་ནག་ཁྱོན་ཡོངས་ནས་བཙན་བཟུང་བྱས་པ་དང་། ཧྭ་ཤའ་རྒྱ་ནག་གི་རྒྱ་མི་ཚོ་ཡོངས་སུ་བྲན་བཀོལ་གནས་བབ་ཏུ་ལྷུངས་ཤིང་། ཧྭ་ཤའ་རྒྱ་ནག་གི་མི་ཚོར་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་ཐོག་ནས་ཐག་གཅོད་ཀྱི་དབང་ཆ་རྦད་དེ་མེད་པ་བཟོས་ཡོད། དེ་ལས་ལྡོག་ཏེ་མཐའ་འཁོར་རྒྱལ་ཁབ་དཔེར་ན། བོད་འདི་ས་ཁམས་ཀྱི་ཐོག་ནས་དམག་དོན་བཙན་བཟུང་ངོ་མ་ཞིག་བྱེད་ཐུབ་མེད་ལ། ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་སོགས་ལ་མན་ཇུར་ནུས་ཤུགས་མེད་ལ། མན་ཇུས་རྒྱ་ནག་ལ་དབང་སྒྱུར་བྱས་པའི་ངོ་བོ་དང་རྦད་དེ་ཐ་དད་ཡིན་ལ། མི་སེར་སྤེལ་བའི་གོ་དོན་ནས་དབྱེ་ན། ཧ་ལས་ནའང་སྲུང་སྐྱོབ་བྱེད་ཡུལ་རྒྱལ་ཁབ་ཅིག་ཡིན།

གལ་སྲིད་དུས་ཚོད་ཀྱི་ཐོག་ནས་བསྡུར་བ་ཞིག་བྱས་པ་ཡིན་ན། མན་ཇུས་རང་ཉིད་ཀྱི་རྒྱལ་ས་པེ་ཅིང་དུ་སྤོས་པ་དང་། རྒྱ་ནག་དེ་མན་ཇུའི་རྒྱལ་ཁབ་ཀྱི་ས་ཁོངས་སུ་བཅུག་སྐབས། [3]བོད་དང་སོག་པོ། ཤར་ཏུ་ཀི་སི་ཐན་བཅས་ཚང་མ་ཆིང་རྒྱལ་རབས་ཀྱི་ས་ཁོངས་སུ་ཚུད་མེད། མན་ཇུས་ཧྭ་ཤའ་རྒྱ་ནག་པ་དམར་གསོད་ཆེན་པོ་བཏང་བ་དང་། མི་རིགས་མཐོང་ཆུང་དང་མི་སེར་སྤེལ་བའི་དབང་སྒྱུར་བྱེད་པའི་དུས་སུ། བོད་དང་སོག་པའི་སྡེ་པ་ཁག དེ་བཞིན་མན་ཇུ་བཅས་སོ་སོའི་སྲིད་དབང་ད་དུང་སོ་སོས་སྐྱོང་བཞིན་ཡོད་ལ། ཕན་ཚུན་དབར་བྱུང་མྱོང་ཡོད་པའི་འབྲེལ་བ་ཐེངས་ཁ་ཤས་དེ་ཚོའང་དྲག་པོའི་འཁྲུག་འཛིང་དང་། མཉམ་འབྲེལ་དང་བེད་སྤྱོད། ཁ་བྲལ་དང་ཟླ་སྒྲིལ། ཐེ་ཇུས་དང་བཀག་འགོག་བཅས་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ལ་སོགས་པ་་་་་།

མན་ཇུའི་དུས་མཇུག་རྒྱ་མི་སྲིད་དོན་པ་ཚོས་ནུབ་ཕྱོགས་པའི་མི་རིགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས། རྒྱ་ནག་གི་མི་ཚོར“རྡའ་ལུའུ་མཐར་སྐྲོད་བཏང་ནས་ཀྲུང་ཧྭ་སླར་གསོ་བྱེད་དགོས།”པའི་སྐུལ་ལྕགས་བཏང་ཡོད་པས། འོ་ན་ཁོང་ཚོས་བོད་དང་སོག་པོ་ཤིང་ཅང་ཟེར་བ་དེ་ཚོའང་མན་ཇུའི་མི་སེར་སྤེལ་ཡུལ་ཡིན་པར་དབྱེ་འབྱེད་བྱེད་རྒྱུ་དཀའ་ངལ་མེད་པ་ཞིག་ཡིན། ལྕགས་ཕག་ལོའི་གསར་བརྗེ་བ་ཚོ་དང་བསྡུར་ན་བོད་མིས་སྔ་ས་ནས། བོད་སྡོད་ཨམ་བན་དམར་གསོད་བཏང་བ་དང་གསེར་བུམ་དཀྲུག་རྒྱུར་སྣང་ཆུང་བྱེད་པ། མན་ཇུས་གཏན་འབེབ་བྱས་པའི“བོད་ནང་ཁུལ་ལས་དོན་གྲུབ་ཕྱོགས་ཀྱི་སྲོལ་ཡིག”ཅེས་པ་དེ་བརྩིས་མེད་བཏང་བ་སོགས་བྱ་སྤྱོད་དངོས་ཀྱི་ཐོག་ནས“རྡའ་ལུའུ”ཟེར་བའི་མན་ཇུ་ལ་ངོ་རྒོལ་བྱས་ཡོད། དེ་ནི་བོད་ཀྱི་མི་རིགས་རིང་ལུགས་དར་འགོ་ཚུགས་པ་དང་། ཕྱི་ཕྱོགས་ཀྱི་སྲིད་དབང་ནས་བོད་ལ་ཐེ་ཇུས་བྱེད་རྒྱུར་བོད་མིས་ཁས་ལེན་མ་བྱས་པ་ཞིག་ཡིན།

མན་ཇུའི་དུས་མཇུག་ཏུ་མན་ཇུས་ནུབ་ཕྱོགས་ཀྱི་མེ་སེར་སྤེལ་མཁན་བཙན་རྒྱལ་ངོ་མ་དང་རྙིང་གྲས་དབྱིན་ཇི་དང་འདྲ་མཉམ་མ་ཡིན་པའི་ཆིངས་ཡིག་སྣ་ཚོགས་ཤིག་བཞག་སྟེ། ཧྭ་ཤའ་རྒྱལ་ཁབ་ཀྱི་མི་དམངས་ཚོའི་ཁེ་ཕན་ཕྱིར་ཚོང་བྱས་པ་དང་དུས་མཚུངས། ད་དུང་འབྲེལ་ཡོད་བོད་ཀྱི་ལས་དོན་ཐོག་དབྱིན་ཇི་དང་ཆིངས་ཡིག་བཞག་ཅིང་། བོད་མིའི་ཁེ་ཕན་ཡང་ཕྱིར་ཚོང་བྱས་ནས“ཕན་ཧྲུའུ”ཞེས་པའི་བོད་ཀྱི་བདག་པོ་མན་ཇུ་ཡིན་ཁུལ་གྱིས་མན་ཇུའི་བདག་པོའི་གནས་བབས་དེར་ཤུགས་སྣོན་རྒྱག་རྒྱུའི་འབད་རྩོན་བྱས་ཡོད། [4]མན་ཇུ་དང་དབྱིན་ཇིའི་དབར་ཆིངས་ཡིག་བཞག་པའི་ངོ་བོ་དེ་ནི། མི་སེར་སྤེལ་མཁན་བཙན་རྒྱལ་གཉིས་དབར་གྱི་མཉམ་འབྲེལ་དང་ཚོང་འབྲེལ་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མན་ཇུའི་མི་སེར་སྤེལ་ཡུལ་རྒྱ་ནག་གམ་ཡང་ན་མི་སེར་སྤེལ་ཡུལ་ཕྱེད་ཙམ་ཡིན་པའི“ཕན་ཧྲུའུ”ཞེས་པ་དེའི་ཕྲོགས་ནོར་ཆ་བགོས་བྱེད་རྒྱུ་དེ་ཡིན་ལ། དེའི་ཐོག་བོད་མིས་རང་གི་ཁྲག་དང་ཚེ་སྲོག་ལ་བརྟེན་ཏེ་དབྱིན་ཇིའི་བཙན་འཛུལ་བཀག་འགོག་བྱས་ཡོད།

མན་ཇུས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ་དང་དམག་དོན་སོགས་ཀྱི་ཐོག་ནས་བོད་ལ་དོན་དམ་པའི་བཏང་འཛིན་བྱེད་ཐུབ་མེད་པར། ཁོང་ཚོས་རང་གི་དབང་སྒྱུར་ནུས་པ་དེ་ས་ཁུལ་དེ་ཚོའི་ཐོག་རྒྱ་བསྐྱེད་གཏོང་ཆེད། སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་ནས་ས་ཁོངས་ཀྱི་བདག་དབང་ལྡན་པའི་སོ་སོའི་གནས་སྟངས་འགྱུར་བ་གཏོང་རྒྱུའི་བསམ་ངན་དེ་དངོས་སུ་འགྲུབ་ཐུབ་པའི་འབད་རྩོན་བྱས་ཤིང་། མན་ཇུས་ཀྲའོ་ཨེར་ཕུང་བོད་རྒྱའི་ས་མཚམས་ཁུལ་དུ་མངགས་གཏོང་བྱས་ཏེ་དྲག་རྩུབ་དང་ཁྲག་དྲི་བྲོ་བའི་སྒོ་ནས་ས་ཁོངས་རྒྱ་བསྐྱེད་བཏང་བ་དང་། དྲག་ཤུགས་བཙན་ཤེད་ལ་བརྟེན་ཏེ་གཞན་འགྱུར་བྱེད་པ། ལྷ་ས་བཙན་བཟུང་བྱས་པ་སོགས་དཔེ་མཚོན་དུ་རུང་བ་དང་། ཐ་ཤལ་གྱི་བཙན་རྒྱལ་མི་སེར་སྤེལ་བའི་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་ཤ་སྟག་ཡིན་ལ། དེ་བས་བོད་མིས་ཀྱང་རང་གི་ཁྲག་དང་ཚེ་སྲོག་ལ་བརྟེན་ཏེ་མན་ཇུའི་བཙན་འཛུལ་ལ་འགོག་རྒོལ་བྱས་ཡོད།

སོག་པོ་ཡོན་དང་མན་ཇུའི་མི་སེར་སྤེལ་ཡུལ་དུ་གྱར་བའི་ངོ་ཚ་དང་། ནུབ་ཕྱོགས་མི་སེར་སྤེལ་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་འཕྲད་བཞིན་པ་བཅས་རྐྱེན་པས། རྒྱ་ནག་ཏུ་མི་རིགས་རིང་ལུགས་དང་བཙན་རྒྱལ་ལ་ངོ་རྒོལ་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གནས་སྟངས་ཤིག་ཐོན་ཡོད། རྒྱ་མིའི་ཤེས་ཡོན་པའི་སྡེ་དང་ཆབ་སྲིད་མི་སྣས་མན་ཇུའི་དུས་མཇུག་ཏུ་ཁྲིམས་འཛུགས་རྒྱུ་དང་གསར་བརྗེ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད། འོན་ཀྱང་། དུས་མཚུངས་བོད་དུ་ཐོན་པའི་བོད་མིས་དབྱིན་ཇིར་ངོ་རྒོལ་དང་། བོད་དང་མན་ཇུ་དབར་འཁྲུག་འཛིང་དེ་དག རྒྱ་ནག་པ་ཚོས་བོད་མིས་ནུབ་ཕྱོགས་ནས་འོང་བའི་བཙན་རྒྱལ་མི་སེར་སྤེལ་མཁན་ཚོ་ཡིན་ནའང་འདྲ། ཤར་ཕྱོགས་ནས་འོང་བའི་བཙན་རྒྱལ་མི་སེར་སྤེལ་མཁན་ཚོ་ཡིན་ནའང་འདྲ། རྒྱ་ནག་དང་གཅིག་མཚུངས་ཐོག་བཙན་རྒྱལ་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱས་མེད་ལ། རྒྱ་ནག་གི་མི་ཚོའི་བཙན་རྒྱལ་ལ་ངོ་རྒོལ་དང་མི་སེར་སྤེལ་བར་ངོ་རྒོལ་ཚད་གཞི་ཉིས་རྩེག་མ་དེ་ནི། ད་ཆ་ད་དུང་མུ་མཐུད་འཛིན་བཞིན་ཡོད། དེའང་ཕྱོགས་གཅིག་ནས་རང་ཉིད་མན་ཇུ་དང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་ཞིག་ཏུ་བརྩི་བ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་བཙན་རྒྱལ་གྱི་ཁེ་ཕན་ཐོབ་མཁན་དང་རྒྱུད་འཛིན་བྱེད་མཁན་དེ་ཡིན་ཤག་ཤག་བྱས་ཤིང་། མཐའ་འཁོར་གྱི“ཕན་པང”ཞེས་པའི་རྒྱལ་ཕྲན་དེ་ཚོའི་བདག་དབང་བཙན་རྒྱལ་ཁོངས་སུ་གཏོགས་པར་ཨུ་ཚུགས་བྱེད་བཞིན་ཡོད།

ནན་ཅིང་དུ་ཀྲུང་ཧྭ་མིང་གོ་དབུ་བརྙེས་སྐབས། ཧྭ་ཤའ་རྒྱ་ནག་པའི་གོ་ཐོབ་ཅི་འདྲ་ཡིན་མིན་ཧ་ཅང་གསལ་པོ་ཡིན། མིང་གོའི་གཅིག་སྒྲིལ་མཛད་སྒོ་ཆེན་པོའི་ཐོག་ཆེད་མངགས་མིང་ཤའོ་ལིང་ཞེས་པའི་མིང་རྒྱལ་པོའི་བང་སོ་ཁང་དུ་ཕྱིན་ཏེ་མིང་གི་མེས་པོ་ཀྲུའུ་ཡོན་ཀྲང་ལ་མཆོད་འབུལ་བྱས་པ་དང་།  ཀྲུའུ་ཡོན་ཀྲང་གིས་སོག་པོ་ཡོན་གྱི་སྲིད་དབང་མགོ་རྟིང་བསློགས་ཏེ་ཧྭ་ཤའ་རྒྱ་ནག་གི་མི་ཚོ་ཤེས་རིག་མ་དར་པའི་བྱང་ཕྱོགས་མི་རིགས་དབང་འོག་ལས་ཐར་ཐུབ་ཅིང་རྒྱ་ནག་སླར་གསོ་བྱེད་ཐུབ་ཡོད་པའི་རླབས་ཆེའི་མཛད་རྗེས་དྲན་གསོ་བཅས་བྱས་པ་མ་ཟད། ད་དུང་མན་ཇུའི་སྲིད་དབང་མགོ་རྟིང་བསློག་སྟེ་ཀྲུང་ཧྭ་མིང་གོ་གསར་འཛུགས་བྱེད་རྒྱུ་དེ་ནི་མིང་གོང་མ་ཀྲུའུ་ཡོན་ཀྲང་གི་བྱ་གཞག་རྒྱུད་འཛིན་བྱས་པ་ཞིག་ཡིན་པར་ཡང་ངོས་འཛིན་བྱས་ཡོད། འོ་ན། མིང་གོ་གསར་འཛུགས་གནང་མཁན་ཚོས་མིང་རྒྱལ་རབས་ཀྱི་མངའ་ཁོངས་ས་ཆའི་གནས་སྟངས་གང་འདྲ་ཞིག་ཡིན་མིན་གསལ་པོ་མཁྱེན་ངེས་ཡིན། རེད་དེ། ཁྲིམས་འཛུགས་མཁན་དང་ཡང་ན་གསར་བརྗེ་བྱེད་མཁན་སུ་འདྲ་ཞིག་ཡིན་རུང་། མཐའ་མཇུག་ཚང་མས་མན་ཇུ་གོང་མའི་རྒྱལ་ཁབ་ཆེན་པོའི་མངའ་འོག་ས་ཆར་དགའ་ཞེན་ལྷག་པར་ཆེ་བ་བྱས་ཡོད་ལ། སྲིད་འཛིན་སུན་ནས་སྲིད་འཛིན་གོ་གནས་བཞེས་པའི་དམ་ཕུལ་བསྒྲགས་གཏམ་ནང་། “རྒྱ། མན། སོག་པོ། ཁ་ཆེ་། བོད་བཅས་ས་ཁུལ་ཁག་མཉམ་དུ་བསྡུས་པའི་རྒྱལ་ཁབ་གཅིག”ཅེས་པ་དེ་ནན་བརྗོད་བྱས་ཡོད་པ་ལས། སུན་ཀྲུང་ཧྲན་གྱིས“ཁྲོན་ཧྲན་ལུའུ་ཡུས་བཅས་མཉམ་དུ་བསྡུས་པའི་རྒྱལ་ཁབ་གཅིག”ཅེས་པའི་ནན་བརྗོད་བྱེད་མི་དགོས་དོན་གང་ཡིན་ནམ་ཟེར་ན། ཁྲོན་ཧྲན་ལུའུ་ཡུས་བཅས་ནི་ཏག་ཏག་རང་གི་རྒྱལ་ཁོངས་ངོ་མ་ཡིན་པས་རེད །

དེས་ན། ད་ལྟ “དེང་དུས་ཀྱི་རྒྱ་ནག་བསྐྲུན་པ”དང་།  “དམངས་གཙོ་སྤྱི་མཐུན་ཕྱོགས་སུ་བསྐྱོད་པ”ཞེས་ལབ་གིན་ལབ་གི་བཙན་རྒྱལ་གྱི་ལམ་བུར་དཀྱོགས་པ་རེད།

མན་ཇུའི་དབང་སྒྱུར་བའི་མཐའ་མའི་རྒྱལ་ཁབ་ཀྱི་ཚོང་དེ་ནི་རྒྱ་མི་དབང་ཆ་འཕྲོག་མཁན་ཚོའི་དབར་གྱི་ཚོང་དེ་ཡིན་ཞིང་། དེ་ནས་གཡོ་སྒྱུ་ཆེ་བའི<<ཆིང་གོང་མའི་གོ་གནས་ཕྱིར་སྤྲོད་བཀའ་ཡིག>>ཅེས་པ་དེ་ཐོན་ཡོད་ལ། བཀའ་ཡིག་དེའི་ནང་ཁ་མཁས་འདྲ་ཆགས་ཀྱི་བརྗོད་ཚིག་ཐོག་ནས། ཇི་ལྟར་བྱས་ཏེ་དབང་ཆ་གོ་མིན་སྲིད་གཞུང་ལ་རྩིས་སྤྲོད་བྱེད་རྒྱུ་དང་། དེ་བཞིན་གོང་མའི་ཁྱིམ་རྒྱུད་ཀྱི་མ་འོངས་པའི་ཐོབ་ཐང་སོགས་གཙོ་བོ་བཤད་ཡོད་པ་མ་ཟད། ད་དུང་བཀའ་ཡིག་དེའི་ནང“རྒྱ། མན། སོག་པོ། ཁ་ཆེ། བོད་བཅས་མི་རིགས་ལྔའི་ས་ཁོངས་ཡོངས་རྫོགས་མུ་མཐུད་ཀྲུང་ཧྭ་མིང་གོ་ཆེན་པོའི་རྒྱལ་ཁབ་ནང་གཅིག་ཏུ་བསྡུ་དགོས།”ཅེས་དམིགས་བསལ་ནན་བརྗོད་ཀྱང་བྱས་ཡོད། གོ་གནས་ཕྱིར་སྤྲོད་ཀྱི་བཀའ་ཡིག་དེ་སུས་ཟིན་བྲིས་བཀོད་པ་དང་། སུས་བརྩམས་པ་ཞིག་ཡིན་མིན་ད་བར་གཏན་འཁེལ་བའི་བཤད་ཚུལ་ཞིག་མེད། ཡིན་ནའང“ཕན”ཞེས་པ་དེ་དང་བསྡུར་ན།  “རིགས་ལྔ”ཞེས་པ་དེ་དབང་ཆ་འཕྲོག་མཁན་ཚོའི་སྐད་ཆ་ཤོད་སྟངས་དང་དེ་བས་མཚུངས་པ་ཞིག་ཡོད་ལ། སྐབས་དེར“ཀྲུང་ཧྭ་མི་རིགས”ཞེས་པའི་ཐ་སྙད་དེ། ཆབ་སྲིད་ཀྱི་དགོས་མཁོ་གཞིར་བཟུང་། རྒྱ་མི་ཡོན་ཏན་པ་ཚོས་གསར་བཟོ་བྱས་པ་རེད།

ཏག་ཏག“ཕན”ཞེས་པའི་ཕྱིའི་རྒྱལ་ཕྲན་ཁག་ནས་མན་ཇུའི་དབང་སྒྱུར་ལ་འགོག་རྒོལ་བྱེད་པ་དང་། ཧུར་བརྩོན་ཆེན་པོས་རང་བདག་རང་བཙན་སླར་གསོ་བྱེད་པའི་སྐབས་དེར། བཙན་རྒྱལ་ལ་ངོ་རྒོལ་དང་མི་སེར་སྤེལ་མཁན་ལ་ངོ་རྒོལ་བྱེད་རྒྱུ་དེ་རིག་པའི་གཞུང་ལུགས་དང་ཆབ་སྲིད་ལས་འགུལ་གྱི་གཞི་འཛིན་ས་ཞིག་ཏུ་བརྩི་མཁན་རྒྱ་མི་ཤེས་ཡོན་པ་དང་སྲིད་དོན་པ་ཚོས། “རྒྱ་ནག་གི་མི”ཞེས་པ་དེའི་གོ་དོན་བསྐྱར་དུ་གཏན་འཁེལ་བྱེད་པ་དང་། བོད་དང་། ཤར་ཏུར་ཀི་སི་ཐན་གྱི་ཁ་ཆེ། སོག་པོ། མན་ཇུ་དང་རྒྱ་བཅས་ཚང་མར“ཀྲུང་ཧྭ་མི་རིགས། ”ཀྱི་ཐོབ་ཐང་ལྡན་པར་བརྗོད་དེ“མི་རིགས་ལྔ་མཐུན”ཞེས་པའི་ལྷ་སྒྲུང་ཞིག་མི་ཚོའི་མིག་ལམ་དུ་དྲངས་ཤིང་། སོག་པོ་དང་། མན་ཇུ། བོད། ཤིང་ཅང་བཅས་ཀྱི་ས་ཁོངས་དང་བདག་དབང་ཚང་མ་ཚུད་པའི་གཅིག་འགྱུར་ཆེན་པོའི་སྤྱི་མཐུན་གྱི་རྒྱ་ནག་ཞིག་མངོན་འགྱུར་ཡོང་ཐུབ་པའི་སེམས་པ་བཅངས་ཡོད།

སྐབས་དེའི་ཁྲིམས་འཛུགས་མཁན་དང་གསར་བརྗེ་བ་ཚོས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཕྱོགས་གཅིག་ནས་མན་ཇུ་གོང་མའི་བཙན་ཤེད་རྒྱལ་ཁབ་དེ་མགོ་མཇུག་བསློགས་པ་དང་། ཕྱོགས་གཞན་ཞིག་ནས་ཆིང་གོང་མའི་རྒྱལ་པོས་གོ་གནས་ཕྱིར་སྤྲོད་ཀྱི་བཀའ་ཡིག་ནང་། “རྒྱ། མན། སོག་པོ། ཁ་ཆེ། བོད་བཅས་མི་རིགས་ལྔའི་ས་ཁོངས་ཡོངས་རྫོགས་མུ་མཐུད་ཀྲུང་ཧྭ་མིང་གོ་ཆེན་པོའི་རྒྱལ་ཁབ་ནང་གཅིག་ཏུ་བསྡུ་དགོས།”ཅེས་འབྲི་བཅུགས་ཡོད། གནད་འགག་དེ་ནི། གཅིག་ཏུ་བསྡུ་དགོས་ཞེས་པའི་བསྡུ་མཁན་སུ་ཡིན་ནམ། ཧེ་ཧེ། དེ་ནི་མན་ཇུ་དང་རྒྱ་གཉིས་རང་མ་ཡིན་ནམ། གལ་ཏེ་བོད་དང་ཤིང་ཅང་སོག་པོ་བཅས་བསྡུ་བ་པོའི་ནང་ཚུད་ཡོད་ན། ཕྱིས་སུ་ཐོན་པའི་བོད་ཀྱི་གནད་དོན་ཞེས་པ་དང་ཤིང་ཅང་གི་གནད་དོན་ཞེས་པ་དེ་ཡོང་མི་སྲིད་པ་ཞིག་ཡིིན།

དེ་དང་དུས་མཚུངས། མན་ཇུ་དང་རྒྱ་གཉིས་ཀྱིས“མི་རིགས”ཞེས་པ་དེ་བཙན་འགེལ་བྱེད་ཡུལ་བོད་པ་དང་། ཤར་ཏུ་ཀི་སི་ཐན་བ། སོག་པོ་བ་བཅས་ཁོང་ཚོར་བསམ་ཚུལ་ག་རེ་ཡོད་དམ། བཙན་རྒྱལ་གྱི་སྲིད་དོན་སྐད་ཆའི་དམིགས་བསལ་མཚོན་རྟགས་གྲས་གཅིག་ནི། མི་སེར་སྤེལ་ཡུལ་གྱི་མི་ཚོའི་སྐད་སྒྲ་ཐོས་རྒྱུ་མེད་པ་དང་། མི་སེར་སྤེལ་ཡུལ་གྱི་མི་ཚོའི་ལོ་རྒྱུས་ལྟ་སྟངས་ཕྱིར་འབུད་བྱེད་རྒྱུ། མི་སེར་སྤེལ་ཡུལ་མི་ཚོའི་ཐོབ་ཐང་ཁས་ལེན་མི་བྱེད་པ་བཅས་ཡིན། བོད་དང་ཤར་ཏུ་ཀི་སི་ཐན། སོག་པོ་དེ་བཞིན་དེའི་ནང་ཚུད་པའི་མི་རབས་རེ་རེ་བཞིན་གྱི་མི་དང་ཁྱིམ་ཚང་རེ་རེ། མི་རེ་རེ་བཅས་ལས་གྲུབ་པའི་མི་དམངས་དང་ལོ་རྒྱུས། རིག་གནས་དང་ས་ཆ། རང་འབྱུང་ཁམས་ཀྱིས་གནང་བའི་ཐོན་ཁུངས་ཐམས་ཅད་དང་།    ད་དུང་ཆབ་སྲིད་སྒྲོམ་གཞི་ཚང་མ་བླ་སྲོག་མེད་པའི་དངོས་པོ་ཞིག་དང་འཆར་སྣང་གི་དབང་ཆའི་ཁོངས་སུ་བརྩིས་ཏེ། མན་ཇུ་དང་རྒྱ་མིའི་ཉོ་ཚོང་གི་བཀའ་ཡིག་ནང་བཀོད་ཡོད། དུས་མཚུངས་སུ“ཕན”ཤོག་ཁག་ཚོས། བཙན་རྒྱལ་ལ་ངོ་རྒོལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་བཞིན་པའི་སྐབས་ཀྱང་རེད།

1913 ལོར། མིང་གོའི་གནས་སྐབས་སྲིད་འཛིན་ཡོན་ཧྲེ་ཁའེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང13པར་དགོད་བྲོ་བའི“གོ་གནས་སླར་གསོ”ཞེས་པའི་གློག་འཕྲིན་ཞིག་བཏང་ཞིང་། གློག་འཕྲིན་དེའི་ནང་། ད་ཆ་མིང་གོས་རྒྱ་དང་། བོད། མན་ཇུ། སོག་པོ། ཤིང་ཅང་བཅས་མི་རིགས་ལྔ་མཐུན་བཙུགས་ཟིན་པ་དང་། དེས་རྐྱེན་པས་ཏཱ་ལའི་བླ་མ་མཆོག་ལ་རང་བཞིན་ངང་མེས་རྒྱལ་དང་འབྲེལ་བ་སྔར་ལས་ཟབ་ཏུ་ཕྱིན་ཡོད་པའི་ཚོར་སྣང་ཞིག་འཆར་ངེས་པས། དེ་འདྲའི་གནས་སྟངས་འོག དེ་སྔའི་ཏཱ་ལའི་བླ་མའི་ནོར་འཁྲུལ་རྩིས་མེད་གཏོང་རྒྱུ་དང་། དེ་ནས་བཟུང་ཏྭ་ལའི་བླ་མའི་གོ་གནས་སླར་གསོ་ཞུ་རྒྱུ་ཡིན་པར་བཤད་ཡོད་པ་མ་ཟད། ད་དུང་ཏཱ་ལའི་བླ་མ་མཆོག་ནས་མིང་གོ་སྲིད་གཞུང་ལ་རོགས་སྐྱོར་གནང་དགོས་པའི་རེ་བ་ཡོད་པར་ཡང་བཤད་ཡོད། [5]ཡིན་ནའང་། ཏཱ་ལའི་བླ་མ་སྐུ་ཕྲེང13པ་མཆོག་ལ། “མེས་རྒྱལ”ཞེས་པ་དེ་དང་འབྲེལ་བ་ཡོད་པའི་ཚོར་བ་གང་ཡང་བྱུང་གནང་མེད་པར། ཏཱ་ལའི་བླ་མ་མཆོག་ནས། ཁོང་གིས་རྒྱ་ནག་སྲིད་གཞུང་ལ་དེ་སྔ་གོ་གནས་ཞུ་མྱོང་མེད་ལ། མུ་མཐུད་བོད་དུ་ཆོས་དང་འཇིག་རྟེན་གཉིས་ཀྱི་དབང་འཛིན་གནང་རྒྱུ་ཡིན་པའི་ལན་འདེབས་གནང་ཡོད་པ་མ་ཟད། ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང13པ་མཆོག་གིས། ང་ཚོ་ནི་སངས་རྒྱས་ཀྱི་ཆོས་བཞིན། ཞི་བདེ་རང་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞེས་གསལ་བསྒྲགས་གནང་ཡོད། [6]ལོ་གཅིག་རྗེས། མིང་གོས<<ཀྲུང་ཧྭ་མིང་གོའི་སྡོམ་ཁྲིམས>>ཞེས་པ་དེ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་ཧྭ་མིང་གོའི་མངའ་ཁོངས་ས་ཆ་ནི། དེ་སྔའི་བཙན་རྒྱལ་ས་ཁོངས་ཐམས་ཅད་གཞིར་བཟུང་བ་ཞིག་ཡིན་ཞེས་གསལ་བཏོན་བྱས་ཡོད། འདིར་ནན་བརྗོད་བྱེད་དགོས་པ་ཞིག་ནི“བཙན་རྒྱལ་མངའ་ཁོངས”ཞེས་པ་དེ་ཡིན།

<<ཆིང་གོང་མའི་གོ་གནས་ཕྱིར་སྤྲོད་ཀྱི་བཀའ་ཡིག>>ཅེས་པ་དེ། རྒྱ་ནག་གི་ཤེས་ཡོན་པ་ཚོས“རྒྱ་ནག་གཞུང་ལ་ལུགས་མཐུན་རང་བཞིན”ལྡན་ལུགས་ཀྱི་གསལ་བཤད་བྱེད་ཆེད་དུས་ད་ལྟའང་བེད་སྤྱོད་གཏོང་གི་ཡོད། <<ཆིང་གོང་མའི་གོ་གནས་ཕྱིར་སྤྲོད་ཀྱི་བཀའ་ཡིག>>དེ། གོང་མའི་རྒྱལ་ཁབ་ཀྱི་བདག་དབང་མིང་གོའི་ཐོག་འཕོ་འགྱུར་བྱས་པའི་གལ་ཆེའི་ལུགས་མཐུན་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཆགས་ཡོད་ཅིང་། དེར་བརྟེན་དེ་སྔའི་གོང་མའི་བཙན་ཤེད་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་ས་ཆ་གཞི་རྒྱ་ཆེ་བའི་མཐའ་མཚམས་མི་རིགས་ས་ཁུལ་དེ་ཚོའང་ལུགས་མཐུན་ངང་མིང་གོའི་ཁྲིམས་ཀྱི་སྲོལ་རྒྱུན་འོག་བསྡུ་དགོས་པ་སྨོས་མི་དགོས་པ་ཞིག་ཡིན། གནམ་བསྐོས་གོང་མའི་རྒྱལ་ཁབ་ཀྱི་ཤེས་ཡོན་པས། དེ་འདྲའི“གོང་མའི་རྒྱལ་ཁབ”ཅེས་པའི་ཚིག་དེ་རྫིག་མདོག་ཁ་པོས་བེད་སྤྱོད་བྱེད་པར་ང་ཡ་མཚན་ཕྲན་བུ་བྱུང་། “བཙན་རྒྱལ”ཅེས་པའི་དྲག་ཤུགས་ལ་བརྟེན་ཏེ་ཡུལ་གཞན་བཅོམ་པ་དང་དམག་དོན་དོ་དམ་བྱེད་པ། སྲིད་དོན་ཐེ་ཇུས་དང་དཔལ་འབྱོར་འཕྲོག་བཅོམ་བྱེད་པ། དེ་བཞིན་རིག་གཞུང་གཞན་འགྱུར་བཅས་ལུགས་མཐུན་རང་བཞིན་མེད་པའི་མཉམ་རུབ་ལ། བོད་པ་དང་ཁ་ཆེ་སོག་པོ་བཅས་ཀྱི་ཁས་ལེན་བྱས་པའི་དཔང་རྟགས་གལ་ཆེ་ཤོས་དེ་མེད་པས། ཇི་ལྟར་བྱས་ཏེ་ལུགས་མཐུན་རང་བཞིན་ལྡན་ཡོད་པའི་གནས་ཚུལ་རྭ་སྤྲོད་གསལ་བཤད་བྱེད་ཐུབ་བམ།[7]

“ཀྲུང་ཧྭ་མི་རིགས”ཞེས་པ་དང་། “མི་རིགས་ལྔ་མཐུན”ཞེས་པ་དེ་ནི། དངོས་འབྲེལ་བྱས་ན་དུས་རབས་ཉི་ཤུ་པའི་མགོ་སྟོད་ཀྱི་ཧྭ་ཤའ་རྒྱ་མིའི་ས་ཁུལ་འདིའི་མ་འོངས་པའི་གནས་སྟངས་ཀྱི་འཆར་གཞི་ཞིག་དང་། “རྒྱ་ནག”ཅེས་པ་དེ་བསྐྱར་དུ་འཆར་བཀོད་བྱེད་རྒྱུར་ཞབས་འདེགས་ཞུ་བའི་སྲིད་དོན་གྱི་ཐ་སྙད་ཅིག་ཡིན། མངོན་གསལ་དོད་པའི་གནས་ཚུལ་ཞིག་ལ། “ཀྲུང་ཧྭ་མི་རིགས”ཞེས་པ་དེས་རྒྱ་མི་ཚོ་སྤྲོ་སེམས་འཕེལ་བཅུག་ཡོད་པ་ཕུད། དེ་མིན“མི་རིགས”ཞེས་པ་བཞིས“རྒྱལ་ཁབ་ཀྱི་རིགས་རྒྱུད”ཅེས་པ་དེའི་ཐོག་གཅིག་གྱུར་ངོས་ལེན་ཡོང་རྒྱུའི་སྐུལ་སློང་བྱེད་ཐུབ་མེད་པར། “མི་རིགས་ལྔ་མཐུན”ཞེས་པའི་ཕྱོགས་གཅིག་གི་བསམ་དོན་དེར། བོད་དང་ཤར་ཏུ་ཀི་སི་ཐན། སོག་པོ་བཅས་ཀྱི་མི་ཚོའི་ཁས་ལེན་བྱུང་མེད་ལ། བོད་མིས་རྡའ་ལུའུ་ཞེས་པའི་མན་ཇུའི་བོད་སྡོད་ཨམ་བན་དང་ཆིང་གི་དམག་མི་སུམ་སྟོང་བོད་ནས་མཐར་སྐྲོད་བཏང་བ་མ་ཟད། ཏྭ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ནས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་བསྐྱར་བསྒྲགས་གནང་ཞིང་། བོད་ཀྱི་བདག་དབང་དང་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་ཁ་གསལ་བཟོས་གནང་ཡོད། དོན་དངོས་སུ་བོད་འདི 1949ལོ་བར་རང་བཙན་ངང་གནས་པ་རེད།  དེ་བཞིན“ཤིང་ཅང”གི་རང་བཙན་ལས་འགུལ་དར་འགོ་ཚུགས་སྟེ། ཐེངས་གཉིས་ཤར་ཏུ་ཀི་སི་ཐན་སྤྱི་མཐུན་རྒྱལ་ཁབ་འཛུགས་མྱོང་ཡོད་ལ། ཕྱི་སོག་ཀྱང་རང་བཙན་བྱས་པ་དང་། ཐ་ན་མན་ཇུ་སོ་སོས་ཀྱང་མན་ཀྲའོ་རྒྱལ་ཁབ་བཙུགས་ཡོད།

དེ་མིན“ཕན”འབོད་པའི་ས་ཁུལ་ཁག་གི་མཇུག་འབྲས་དེ་ནི་ཧ་ཅང་ཡ་མཚན་ཞིག་རེད།

སྤྱིར་མན་ཇུའི་མགོ་སྟོད་ནས་སོག་པའི་སྡེ་པ་ཁག་གིས་དམག་འཐབ་བསྐྱུར་ཏེ“མགོ་སྒུར”ཞུས་ཡོད་རུང་། ཨུ་རུ་སུའི་ཐེ་ཇུས་འོག་རང་བཙན་བྱས་ཡོད། 1929 ལོའི<<པུ་གེར་ཧྲེ་འུལ་ཁའ>>ཞེས་པའི་དུས་དེབ་འདོན་ཐེངས་བཅུ་པའི་ནང་། རྒྱ་ནག་གུང་ཁྲན་ཏང་གིས། “ གོ་མིན་ཏང་གིས་ཆེས་ངོ་ཚ་ཁྲེལ་མེད་སྒོ་ནས། [8]ཕྱི་སོག་དེ་ཀྲུང་ཧྭ་མིང་གོའི་ཟུར་གཏོགས་ཡིན་པར་བརྩིས་ཡོད། ”ཅེས་གོ་མིན་ཏང་ལ་སྐྱོན་འཛུགས་བྱས་ཡོད་ལ། ཡིན་ནའང་ཀྲུང་ཧྭ་མིང་གོས་ཕྱི་སོག་ཀྱི“བདག་པོའི་དབང་ཆ”ཞེས་པ་དེ་ཤོར་ཞིང་། མངའ་ཁོངས་ས་ཆ་ཉུང་དུ་ཕྱིན་པར་ད་བར་ཀྲུང་ཧྭ་མི་རིགས་ཀྱི་རྒྱལ་གཅེས་པ་ཚོ་འགྱོད་སེམས་ཚད་མེད་སྐྱེ་བཞིན་ཡོད། དུས་ཡུན་ལོ་བརྒྱད་རིང་གི་རི་འགོག་དམག་འཁྲུག་དེ། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་། མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་ཞེས་པའི་དེ་འདྲའི་འོད་སྣང་འོག་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། ད་དུང་མན་ཇུ་བ་ཡོངས་སུ་གཞན་འགྱུར་བྱས་པ་རེད། ཀྲུང་ཧྭ་སུ་འུ་ཨེར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩ་འཛིན་ཞེས་པ་དེའི་ནང་། རྒྱ་ནག་གུང་ཁྲན་ཏང་གིས“རྒྱ་ནག་ས་ཆའི་ནང་གི་གྲངས་ཉུང་མི་རིགས་ཀྱི་མི་རིགས་རང་ཐག་རང་གཅོད་ཐོབ་ཐང་ཁས་ལེན་བྱེད་རྒྱུ་དང་། སྟོབས་ཆུང་མི་རིགས་ཁག་ལ་རྒྱ་ནག་དང་ཁ་བྲལ་ཏེ་སོ་སོས་སོ་སོར་རྒྱལ་ཁབ་འཛུགས་རྒྱུའི་ཐོབ་ཐང་ཡོད་པར་ཁས་ལེན་བྱེད་རྒྱུ་ཡིན”ཞེས་བཤད་ཡོད་པའི་གནས་ཚུལ་བཀོད་ཡོད།

[9]1950ལོའི་ཟླ་བ2པའི་ཚེས24ཉིན<<མི་དམངས་ཉིན་རེའི་ཚགས་པར།>>ཆེད་བརྗོད་ཐོག “སོག་པོའི་རང་བཙན་དེ་ནི། མི་རིགས་རང་ཐག་རང་གཅོད་ཀྱི་རྩ་དོན་འོག་རྒྱལ་ཁབ་གསར་པ་ཞིག་དབུ་བརྙེས་པ་དང་། དེ་ནི་བདེན་དོན་བསྙོན་མེད་ཅིག་ཡིན།”ཞེས་བཤད་ཡོད་ལ། དེ་དང་ཆབས་ཅིག་སྔ་ཕྱི་བར་གསུམ་དུ་འགོག་རྒོལ་འཐབ་རྩོད་བར་མ་ཆད་པ་བྱེད་མཁན“ཤིང་ཅང” ཞེས་པ་དེ་དང་། དེ་སྔ་དབང་སྒྱུར་ངོ་མ་བྱེད་མྱོང་མེད་པའི་བོད་འདི། “བཅིངས་བཀྲོལ”ཞེས་པའི་མིང་བཏགས་ཏེ་མེས་རྒྱལ་ཁྱིམ་ཚང་ཆེན་མོ”ཞེས་པ་དེའི་ནང་བཅུག་ཡོད།

<<ལྷིང་འཇག་མེད་པའི་ཧི་མ་ལ་ཡ>>ཞེས་པའི་དེབ་དེ་རྩོམ་བྲིས་བྱས་པའི་རྐྱེན་གྱིས་རྒྱ་ནག་གིས་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ནས་ཁོང་གི་དེབ་ནང་། <<ཆིངས་ཡིག་དོན་ཚན་བཅུ་བདུན>>གྱི་དོན་ཚན་དང་པོར། བོད་མི་དམངས་མཐུན་སྒྲིལ་བྱས་ཏེ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏང་དགོས་པ་དང་། བོད་མི་དམངས་ཚོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས་ཅེས་བྲིས་ཡོད་ལ། 1951ལོའི་གོང་གི་བོད་དེ་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། བོད་ལ་བཙན་འཛུལ་བྱེད་མཁན་ཕྱི་རྒྱལ་བཙན་རྒྱལ་རིང་ལུགས་གཉིས་ཡོད་པ་སྟེ། གཅིག་ནི་དབྱིན་ཇིའི་མི་དང་། གཉིས་ནི་ཀྲུང་གོའི་མི་ཡིན་ལ། བོད་མི་ཚོས་སོ་སོའི་ཉམ་ཆུང་ནུས་མེད་ཀྱི་སྲིད་གཞུང་དེའི་སྣེ་ཁྲིད་འོག་འབད་བརྩོན་ཆེན་པོས་ཕྱི་རྒྱལ་གྱི་སྟོབས་ཤུགས་དེ་གཉིས་མཐར་སྐྲོད་བཏང་མྱོང་ཡོད་ཅིང་། བོད་མིའི་ངོས་ནས། དེ་གཉིས་ཀ་བཙན་རྒྱལ་རིང་ལུགས་པ་ཞིག་ཡིན།”ཞེས་བྲིས་གནང་ཡོད།

བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་ནག་པ་ཚོས། དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་ས་ཕྱོགས་ཁག་གི་མི་སེར་སྤེལ་ཡུལ་ཚོ་གཅིག་རྗེས་གཉིས་མཐུད་ངང་རང་བཙན་བྱེད་པའི་དུས་སུ། རང་ཉིད་ནི་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་གནོད་འཚེ་ཕོག་མཁན་ཞིག་ཡིན་པའི་སྐྱོ་སྣང་བཅངས་ཤིང་། “རྗེས་ལུས”ཞེས་པའི་མིང་བྱང་དེ་མི་སེར་སྤེལ་བའི་རིང་ལུགས་ཀྱི་རྒྱུ་མཚན་དུ་སྤྱད་དེ། སོ་སོས་སོ་སོར“སྔོན་ཐོན་ཅན”དང“བཅིངས་བཀྲོལ་བ”ཞེས་པའི་དཔེ་མཚོན་གྱི་མི་སེར་སྤེལ་བའི་རིང་ལུགས་ཀྱི་མིང་ཐོབ་སྤྲད་དེ། བོད་དང་ཤར་ཏུ་ཀི་སི་ཐན་བཙན་བཟུང་བྱས་པ་མ་ཟད། ད་དུང་རང་ཉིད་ཡིན་མདོག་ཁ་པོའི་ཐོག་ནས“ཀྲུང་ཧྭ་མི་རིགས”ཞེས་པ་དེའི་ཐུང་མོང་གི་བདག་པོར་འགྱུར་བཅུག་ཡོད། རྒྱ་ནག་གསར་པ་ཟེར་བ་དེ་ནི། “ཅུའུ་ཀྲའ”དང“ཧྭ་ཤའ”ཞེས་པ་དེ་ཚོའི་མངའ་ཁོངས་ལས་རྦད་དེ་བརྒལ་བའི“མི་རིགས་མང་བའི”གཅིག་གྱུར་ཆེན་མོའི་རྒྱལ་ཁབ་ཅེས་པ་དེར་འབོད་ཅིང་། བོད་པ་དང་། ཤར་ཏུ་ཀི་སི་ཐན་གྱི་ཁ་ཆེ་བ། དེ་བཞིན་སོག་པོ་དང་། མན་ཇུ་བ་བཅས་ཚང་མ“གྲངས་ཉུང་མི་རིགས”སུ་གྱུར་པ་རེད།

“མན་རུང་རྡིའི་ཡི་”ཞེས་པ་དང་། “ཕན་གོའོ་”ཞེས་པ།  “ ཕན་ཧྲུའུ་”དང་།“རིགས་”ཞེས་པ། དེ་བཞིན“གྲངས་ཉུང་མི་རིགས”ཞེས་པའི་མིང་གི་འགྱུར་བ་དེ་ཚོ་ནི་ཏག་ཏག་བཙན་རྒྱལ་མངའ་ཁོངས་རྒྱ་བསྐྱེད་བཏང་བའི་ལོ་རྒྱུས་ཤིག་ཡིན་པ་དང་། དེ་བས་“ཕན་ཧྲུའུ་”ཞེས་པ་ནས“གྲངས་ཉུང་མི་རིགས’ཞེས་པ་དེའི་བར། ཆེས་ཁྲག་བྲི་དྲོ་བའི་རྒྱུད་རིམ་བརྒྱུད་ཡོད། ད་ཆ་རྒྱ་མི་རྒྱལ་གཅེས་པ་ཚོས་རྒྱ་ནག་གི་བོད་ཅེས་པ་དང་། རྒྱ་ནག་གི་ཤིང་ཅང་ཞེས་པ་དེ་ཚུད་པའི་སྙིང་ནས་གཅེས་པའི་རྒྱ་ནག་གི་ས་ཁྲར་ལྟ་སྐབས། ཡུལ་ལུང་དང་མི་རིགས་གཞན་གྱི་བུ་དང་བུད་མེད། རྒན་ཁོག་དང་བྱིས་པ་སོགས་ཁ་གྲངས་མེད་པ་བསད་པ་དེ་དག་ཀྱང་ཆབས་ཅིག་ཏུ་མཐོང་ཐུབ་དགོས།

བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ཀྱི་མཚོན་རྟགས་ཏེ། མི་རིགས་ཐ་དད་པའི་སྟོབས་ཤུགས་བཙན་བདག་བྱེད་པ། དམག་དོན་བཙན་བཟུང་བརྒྱུད། ཆབ་སྲིད་དབང་སྒྱུར། དཔལ་འབྱོར་འཕྲོག་བཅོམ། རིག་གནས་གཞན་འགྱུར།  མི་གཤིས་བྲན་བཀོལ། འདྲ་མཉམ་མེད་པའི་ཉོ་ཚོང་སོགས་སྤྱད་དེ། མི་སེར་སྤེལ་མཁན་ཚོས་ཁེ་ཕན་བཟའ་རྒྱུ་དེ་ཡིན། ______ དེས་ན། དལྟའི་རྒྱ་ནག་ལ་མཚོན་རྟགས་འདི་དག་ཆ་ཚང་མངའ་ཡོད།

2014.7.6


རྩོམ་པ་པོ་ངོ་སྤྲོད།

         མིག་སྔར་དབྱི་སི་རལ་གནས་སྡོད་གྲགས་ཅན་རྒྱ་རིགས་རྩོམ་པ་པོ་དང་སྙན་ངག་མཁན་མོ་ཐང་ཏང་ཧུང་ནི། བོད་རྒྱའི་འཐབ་རྩོད་ཐད་བོད་མིར་དོན་དམ་རྒྱབ་སྐྱོར་གནང་མཁན། ཡང་ན། 1949 སྔོན། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཁས་ལེན་བྱེད་ལ། ཁ་ཞེ་གཉིས་མེད་སྒོ་ནས་མ་འོངས་པར་བོད་མིར་མི་རིགས་རང་ཐག་རང་གཅོད་དབང་ཆ་དགོས་པར་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན། མོས་བསམས་ན། བོད་རྒྱའི་གནད་དོན་ནི་རྒྱ་ནག་གིས་བོད་ཡུལ་བཙན་འཛུལ་བཙན་བཟུང་བྱས་ཏེ་དབང་སྒྱུར་བྱས་པ་དང་། འཐབ་རྩོད་འདི་ནི་བཙན་འཛུལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཏུ་འདོད་ཀྱི་ཡོད། ད་ཕན་ཁོ་མོས <<བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད>> <<བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་དམ>>སོགས་རིན་ཐང་གཞལ་དུ་མེད་པའི་ཆེད་རྩོམ་སྣ་མང་སྤེལ། ད་ཐེངས་ཀྱི་རྩོམ་རིང་འདིར་ཁྱོན་དུམ་བུ་གསུམ་ཡོད་པས་ཕྱི་མ་གཉིས་ཞུ་བཅོས་གྲུབ་རྗེས་མུ་འགོད་བྱ་རྒྱུ།

མ་རྩོམ། http://moments-of-samsara.blogspot.in/2014/07/blog-post.html

ཐང་ཏང་ཧུང་གི་པོད་ཁུག་ན་བོད་རྒྱའི་གནད་དོན་སྐོར་རྩོམ་ཡིག་རིན་ཐང་ཅན་མང་པོ་ཡོད་པས། ཆེད་དུ་དྲ་ཐག་ངོས་སྦྱོར། http://moments-of-samsara.blogspot.in/

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s