བདེན་པ་སྨྲ་བའི་སྙིང་སྟོབས།

མེ་ལྕེ།

       དྲང་གཏམ་གཅིག་གི་ལྗིད་ཚད་དེ་འཇིག་རྟེན་ཡོངས་ལས་ཀྱང་ལྕིའོ། །
                                            ———————སོལ་ཟེ་ཉི་ཆེན་གྱིས།

  གཅིག


        སྤྱི་ལོ2008ལོའི་ཟླ8པའི་ཚེས3ཉིན་ཨུ་རུ་སུའི་རྩོམ་མཁན་གྲགས་ཅན་དང“ཨུ་རུ་སུའི་རྒྱུ་འབྲས”སུ་འབོད་པའི་སོལ་ཟེ་ཉི་ཆེན་ལགས་འཇིག་རྟེན་མི་ཡུལ་དང་ཞལ་གྱེས། ཁོང་སྐུ་གཤེགས་པ་དེ་ལ་རྐྱེན་བྱས་ཏེ་འཛམ་གླིང་གི་ཡུལ་གྲུ་སོ་སོ་རུ་སླར་ཡང“སོལ་ཟེ་ཉི་ཆེན་གྱི་ཚ་རླབས”ཤིག་འཕྱུར་ཞིང༌། ཁོང་དང་འབྲེལ་བའི་རྗེས་དྲན་དང་དཔྱད་པ་སྣ་ཚོགས་ཀྱང་ཁངས་སྐྱ་ཇི་བཞིན་རྒྱལ་ཁབ་སོ་སོའི་གསར་ལམ་ཀུན་ཏུ་བབས་བྱུང༌། ཆེ་བ་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཆུང་བ་དམངས་ཕལ་བའི་བར་དུ་སོ་སོའི་སེམས་ཁོང་ནས་ཁོང་ལ་རྗེས་དྲན་དང་མྱ་ངན་ཞུས་འདུག་ལ། དུས་མཚུངས་སུ་འཇིག་རྟེན་གྱི་མི་བོ་ཆེ་ཞིག་ཞིང་གཞན་དུ་གཤེགས་པར་སེམས་སྡུག་ཚད་མེད་བྱས་འདུག་པ་རེད། 
ཨུ་རུ་སུའི་བསམ་བློ་མཁན་དང་རྩོམ་མཁན། སྲིད་དོན་དཔྱད་བརྗོད་མཁན་སོལ་ཟེ་ཉི་ཆེན་ལགས་ནི1918ལོར་སྐུ་འཁྲུངས་པ་དང༌། ཆུང་དུས་ནས་ཕ་མ་གཉིས་སྐུ་གཤེགས་ཏེ་དྭ་ཕྲུག་ཏུ་ལུས། སོལ་ཟེ་ཉི་ཆེན་གྱི་གཞོན་ནུའི་སྐབས་སུ་ཨུ་རུ་སུ་རུ་དམར་ཤོག་ཚོགས་པའི་གདུག་རྩུབ་ཀྱི་དུད་སྤྲིན་ནག་པོ་ག་ས་ག་ལ་ཁྱབ་པའི་སྒང་ཡིན་ཞིང༌། དེ་ལྟའི་དཀའ་སྡུག་གི་ལོ་ཟླའི་ནང་དུ་ཁོང་ཉིད་འཚར་ལོངས་བྱུང་བ་རེད། 1941ལོར་སུའུ་ལེན་རྒྱལ་སྲུང་དམག་འཁྲུག་བྱུང་བ་ན་སོལ་ཟེ་ཉི་ཆེན་ལགས་ཀྱང་དམག་ནང་དུ་ཞུགས་པ་དང༌། དམག་འཁྲུག་ཁྲོད་བྱས་རྗེས་བཞག་པས་སྔ་ཕྱིར་གཟེངས་རྟགས་ཀྱང་ཐེངས་ཁ་ཤས་ལ་བླངས། 1945ལོའི་ཟླ2པར་གསང་བའི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ཤིང་ཁོང་གི་ཉེས་པ་ནི་གྲོགས་པོ་ཞིག་ལ་བསྐུར་པའི་འཕྲིན་ཡིག་ཅིག་ཏུ་སི་ཏ་ལིན་ལ་ཟུར་ཟ་དང་དོགས་སློང་བྱས་པས་རེད། 1945ལོའི་ཟླ6པར“སུའུ་ལེན་ལ་རྒོལ་བའི་དྲིལ་སྒོག་བྱས་པ་དང་སུའུ་ལེན་ལ་ངོ་ལོག་པའི་རྩ་འཛུགས་ཀྱི་ལྐོག་གཡོ་བཤམས་པའི”ཉེས་མིང་གིས་ཁོང་ལ་ལོ་ངོ་བརྒྱད་ཀྱི་བཙོན་ཐག་བཅད། 1953ལོར་བཙོན་གྲོལ་ཐོབ་པ་ན་སླར་ཡང་ཧ་སག་སི་ཐན་གྱི་གྲོང་གསེབ་ཅིག་ཏུ་རྒྱང་ཕུད་དུ་བཏང༌། 1956ལོའི་ཟླ6པར་ཁོང་ཕྱིར་མོ་སི་ཁོ་རུ་ལོག་ཐུབ་པ་དང་དེ་ནས་བཟུང་མི་ཚེའི་འདུན་མ་སྨྱུ་གུ་ལ་བཅོལ་འགོ་བརྩམས་ཤིང༌། 1959ལོར་སི་ཏ་ལིན་སྐབས་ཀྱི་ངལ་རྩོལ་བསྒྱུར་བཀོད་གནས་སའི་འཚོ་བ་བརྗོད་བྱ་བྱས་པའི་བརྩམས་སྒྲུང《ངལ་རྩོལ་བསྒྱུར་བཀོད་བཙོན་པ་ཨང854པ》བརྩམས་གྲུབ་བྱུང༌། ཡིན་ནའང་རྩོམ་དེ་སྤེལ་པར་དཀའ་ཁག་མི་ཉུང་ཞིག་ལ་འཕྲད་པ་དང༌། ལམ་གྱི་འགག་འཕྲེང་གང་མང་བརྒྱུད་མཐར1962ལོར《དབྱི་ཧྥན་ཅེ་ཉི་སོ་ཝེ་ཆི་ཡི་ཉིན་གཅིག》ཅེས་པའི་མིང་གིས་སྤེལ། 1965ལོ་ནས་བཟུང་གཅིག་བསྡུས་བཙོན་རའི་སྐོར་གྱི་ལོ་རྒྱུས་འབྲི་འགོ་བརྩམས། 1970ལོར་ནོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ། 1973ལོར《ཀོ་ལ་ཀི་གླིང་ཚོམ》གྱི་པོད་དང་པོ་དེ་ཧྥ་རན་སིའི་པ་ལི་རུ་པར་དུ་བསྐྲུན། དེ་ནས་བཟུང“ཀོ་ལ་ཀི”ཞེས་པ་དེ་ཤར་ཕྱོགས་ཆབ་སྲིད་ཀྱི་ངོ་བོ་མཚོན་པའི་ཚབ་ཚིག་ཅིག་ཏུ་གྱུར། 1974ལོའི་ཟླ2པར་ཁོང་སུའུ་ལེན་གྱི་རྒྱལ་ཁོངས་ནས་ཕུད་ཅིང་ས་མཐར་སྤྱུགས། སུའུ་ལེན་རྩ་འཐོར་དུ་སོང་བའི་རྗེས་ཀྱི1994ལོར་ཁོང་གི་ལོ་ངོ20རིང་གི་བཙན་བྱོལ་འཚོ་བ་མཇུག་སྒྲིལ་ཏེ་ཨ་རི་ནས་ཕྱིར་རང་གི་ཕ་ཡུལ་དུ་འབྱོར། ཁོང་གི་སྐུ་ཚེ་གང་བོར་ལྗགས་རྩོམ་མཛད་པ་དང་སྤྱི་ཚོགས་བྱ་འགུལ་སྤེལ་བའི་ལས་སུ་ཞུགས་ཏེ་ཨུ་རུ་སུ་རུ“འཐབ་མོ་པ”དང“སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་འཛིན་མཁན”ཞིག་གི་སྣང་བརྙན་བསྐྲུན་འདུག་ལ། གསུང་རྩོམ་ཁོ་ན་པོ་ཏི་སུམ་ཅུ་ལོངས་པར་བཤད།


གཉིས།

        
དགུང་ལོ90ལ་སོན་པའི་སོལ་ཟེ་ཉི་ཆེན་ལགས་ཀྱིས་མི་ཡུལ་ལ་བསམ་པའི་ཐོན་ཁུངས་གྱ་ནོམ་པ་ཞིག་བཞག་སྟེ་བཞུད་སོང༌། 
དགུང་ལོ90ལ་སོན་པའི་སོལ་ཟེ་ཉི་ཆེན་ལགས་ཀྱིས་གཅིག་བསྡུས་བཙོན་རའི་ལོ་རྒྱུས་ཟིན་ཐོར་བཀོད་ནས་བཞུད་སོང༌། 
དགུང་ལོ90ལ་སོན་པའི་སོལ་ཟེ་ཉི་ཆེན་ལགས་ཀྱིས་བདེན་པ་སྨྲ་བའི་སྙིང་སྟོབས་ཀྱི་གོ་ཆ་ཞིག་ཕྱི་རབས་པ་རྣམས་ལ་སྤྲད་དེ་བཞུད་སོང༌། 
1970ལོར་ཁོང་ལ་ནོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་སྐབས་སུ་ཁོང་གིས“དྲང་གཏམ་གཅིག་གི་ལྗིད་ཚད་དེ་འཇིག་རྟེན་ཡོངས་ལས་ཀྱང་ལྕིའོ”ཞེས་གསུངས་མྱོང་ཞིང༌། དོན་ལའང་དྲང་གཏམ་ནི་ཁོང་གི་ལྗགས་རྩོམ་དག་གི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་རེད། 《ཀོ་ལ་ཀི་གླིང་ཚོམ》གྱིས་ངལ་རྩོལ་བསྒྱུར་བཀོད་གནས་སའི་འཚོ་བ་མཚོན་པ་བརྒྱུད་སུའུ་ལེན་གྱི་སི་ཏ་ལིན་རིང་ལུགས་ཀྱི་གདུག་རྩུབ་དང་ནག་ཉེས་ཐེར་འདོན་བྱས་འདུག་པ་དང༌། དུས་མཚུངས་སུ་མི་བུའི་རྩིས་ཐང་ལ་རྡོག་རྫིས་དང་མི་བུའི་རང་བཞིན་ལ་མནར་གཅོད་བཏང་བའི་ཡ་ང་བའི་ལོ་རྒྱུས་དེ་གཟུགས་བརྙན་ཇི་བཞིན་རྗེན་པར་བསྟན་ཡོད་པ་རེད། 
《ཀོ་ལ་ཀི་གླིང་ཚོམ》གྱིས“རང་རེ་ཡོངས་ལ་ཉེན་བརྡ་ཞིག་བརྒྱབ་པ་རེད། དེ་ནི་མི་བུའི་རང་དབང་ཤོར་ཚེ་ཇི་འདྲ་ཞིག་ཡིན་པར་དྲན་སྐུལ་ཞིག་བྱས་པ་རེད་ལ། དེས་མི་ཚད་ད་དུང་སྒེར་གཅོད་པ་དག་ལའང་ཉེན་བརྡ་ཞིག་བརྒྱབ་པ་རེད་དེ། མཐའ་མཇུག་ཁོ་པ་ཚོ་ནི་ངོ་ཚ་དགོས་པའི་གནས་སུ་ལྷུང་སྲིད་པའི་ཉེན་བརྡའང་བརྒྱབ་པ་རེད། ” ([英]彼得•沃森:《20世纪思想史》(下) 上海译文出版社2008年7月版 P.631)
དེ་བཞིན་དུ《དབྱི་ཧྥན་ཅེ་ཉི་སོ་ཝེ་ཆི་ཡི་ཉིན་གཅིག》ཅེས་པར་ཡང“ཉིན་གཅིག་གི་འཚོ་བ་ལས་བརྗོད་མི་འདུག་ནའང༌། དེ་རུ་རྩོམ་པ་པོས་བརྗོད་འདོད་པའི་སི་ཏ་ལིན་སྐོར་གྱི་མི་ཉིད་རྨོངས་དད་སྐབས་ཀྱི་དཀའ་སྡུག་དང་མུན་ནག་གི་ལེའུ་གཙོ་ཆེ་བ་ཡོད་ཚད་ཉིན་གཅིག་པོ་འདིའི་ནང་དུ་འདུས”(王志龙:《一句真话比整个世界的分量还重》《书屋》2008年第11期 P.42)འདུག་པ་རེད། 
ཡང《འབྲས་སྐྲན་ནད་ཁང》ཞེས་པར་སུའུ་ལེན་གྱི་ལམ་ལུགས་དེ“འབྲས་སྐྲན”ལྟར་དུ་འཇིགས་སུ་རུང་བར་བསྟན་འདུག་སྟེ། ཁོང་གིས“མི་ལ་སྐྲན་བྱུང་ན་འཆི་ངེས་པ་དང་དེ་བཞིན་དུ་རྒྱལ་ཁབ་ཅིག་ལ་ངལ་རྩོལ་བསྒྱུར་བཀོད་གནས་ས་དང་རྒྱང་ཕུད་དུ་གཏོང་བའི་ལམ་ལུགས་ཡོད་ཚེ་ཇི་ལྟར་གསོན་ཐུབ་བམ”ཞེས་ཀྱང་ཐལ་ལོ། ། (王志龙:《一句真话比整个世界的分量还重》《书屋》2008年第11期 P.44)


 གསུམ།


   རྫུན་གྱི་འཁོར་ལོ་བསྐོར་ཞིང་ཁྲག་གི་རྒྱ་མཚོ་བསྐྱིལ་བའི་སྒེར་གཅོད་སྤྱི་ཚོགས་སུ་དྲང་གཏམ་བརྗོད་རྒྱུ་ནི་ཇི་འདྲའི་དཀའ་ཨང༌། སོལ་ཟེ་ཉི་ཆེན་ལགས་ཀྱིས་ཁོང་གི་རང་རྣམ་དུ། “ང་ནི་རང་གི་མི་ཚེ་གང་བོར་སྐད་གསེང་མཐོན་པོས་དྲང་གཏམ་སྨྲ་མི་ཐུབ་པར་སེམས་སྡུག་གིས་གིས་མནར་བཞིན་ཡོད་པ་དང༌། ངའི་ཚེ་གང་བོའི་འཚོལ་སྙེག་ནི་བཀག་རྒྱ་ཡོད་ཚད་གཏོར་ཏེ་མང་མང་ལ་མངོན་གསལ་དོད་པོས་སྐད་ཆ་དྲང་མོ་བཤད་རྒྱུ་དེ་ཡིན”ཞེས་བརྗོད་འདུག་པ་དང༌། དྲང་གཏམ་བརྗོད་པའི་དམ་བཅའ་དེ་ནི་རང་གི་གཅེས་པའི་སྲོག་ལ་བབས་ཀྱང་འབད་པས་བསྲུངས་འདུག་པ་རེད། སྐབས་དེའི་སྒེར་གཅོད་པས་ཁོང་ལ་གནོད་འཚེ་རབས་དང་རིམ་པ་བཏང་ནའང་ཁོང་ནི་སྙིང་སྟོབས་ཆེན་པོ་དང་དཔའ་ངར་ཆེན་པོའི་ངང་ནས་དབང་སྒྱུར་པའི་ཁ་གཏད་དུ་ལངས་ཏེ་ཁོ་པ་ཚོའི་རྫུན་ཕུགས་ཡང་ཡང་བརྟོལ། 
སྲིད་ཀྱི་ཁ་དབུགས་ཤིན་ཏུ་རྫོབ་པའི་སྲིད་དབང་སྒེར་སྡོམ་གྱི་གནས་བབ་འོག་རང་དབང་གི་སྐད་འབོད་བྱེད་རྒྱུ་ནི་ཇི་འདྲའི་དཀའ་ཨང༌། 
ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། སི་ཏ་ལིན་དུས་སྐབས་སུ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་འཛིན་མཁན་དག་རྩ་རྫོགས་བྱེད་ཆེད་ཉིན་རེ་རེ་ལ་མི་འཛིན་བཟུང་བྱེད་པ་རྒྱུན་མི་ཆད་ལ། ལྷག་པར་དུ་ཤེས་ཡོན་ཅན་དག་ནི་བསམ་བློའི་དགྲ་བོར་བརྩིས་ཏེ་རང་ཁྱིམ་སྔོག་བཤེར་དང་འཛིན་བཟུང་ཡང་ཡང་བྱེད་ཀྱིན་ཡོད་པ་རེད། མི་བུའི་རང་དབང་རྩད་ནས་འཕྲོག་པའི་སྒེར་གཅོད་པའི་སྦྱོར་བ་དེ་ལ་དམིགས་ནས་སོལ་ཟེ་ཉི་ཆེན་ལགས་ཀྱིས《སུའུ་ལེན་གྱི་དབུ་ཁྲིད་ལ་ཕུལ་བའི་མངོན་བསྒྲགས་ཡི་གེ》བྲིས་པ་མ་ཟད། སུའུ་ལེན་གྱི་རྩོམ་པ་པོའི་ལྷན་ཚོགས་ལའང་ཡི་གེ་ཕུལ་ཏེ་རིག་རྩལ་གསར་རྩོམ་སྐོར་གྱི་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཞིབ་བཤེར་ལམ་ལུགས་དེ་མེད་པར་བཟོ་བ་དང༌། རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་མི་དག་ལ་མི་གཞི་དམའ་འབེབ་དང་ལུགས་མིན་གྱི་གནོད་འཚེ་མི་གཏོང་བར་ཁག་ཐེག་ཡོད་དགོས་པའི་རེ་བ་བཏོན་པ་རེད། གཞན་ཡང་དངོས་ལུགས་རིག་པ་མཁན་ས་ཁ་རོབ﹝萨哈罗夫﹞ལགས་ཀྱིས་རྩ་འཛུགས་བྱས་པའི“འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཚོགས”སུ་ཞུགས་ནས་འགྲོ་མིའི་ཐོབ་ཐང་དང་རང་དབང་སྩོལ་དགོས་པའི་འབོད་སྐུལ་ཡང་ཡང་བྱས། 
མངོན་བསྒྲགས་ཡི་གེ་དེ་རུ་འདི་འདྲའི་སྐད་ཆ་ཞིག་འདུག་སྟེ། “འགྲོ་བ་མི་ནི་སྲོག་ཆགས་གཞན་རྣམས་དང་མི་མཚུངས་པ་ཞིག་ནི། མི་ལ་བསམ་བློ་དང་སྐད་ཆ་ཡོད་པས་རེད་ལ། བསམ་བློ་དང་སྐད་ཆ་ནི་མ་གཞི་ནས་རང་དབང་ཅན་ཡིན་པ་རེད། གལ་ཏེ་བསམ་བློ་དང་སྐད་ཆ་ལ་བཀག་སྡོམ་བྱས་པ་ཡིན་ན་ང་ཚོ་ནི་རང་བཞིན་གྱིས་དུད་འགྲོ་རུ་གྱུར་སོང་བ་རེད”ཅེས་པའོ། །


 བཞི།


    གཏུམ་དབང་ལམ་ལུགས་ནི་དངོས་གནས་གཏུམ་དབང་རེད་དེ། དུས་རབས20པའི་ལོ་རབས་སུམ་ཅུ་དང་བཞི་བཅུའི་སྐབས་སུ་སུའུ་ལེན་དུ་མི་བུ་དམར་གསོད་དང་ཡང་ན་མནར་གཅོད་ཚད་མེད་བཏང་སྟེ་བསད་པའི་མི་གྲངས་དང༌། དེའི་སྟེང་སི་ཏ་ལིན་གྱིས་དྲག་གནོན་བྱས་པའི་མི་གྲངས་བསྣན་པ་ཡིན་ན་ཕལ་ཆེར་མི་ཁྲི་བདུན་བརྒྱ་ནས་ཁྲི་ཆིག་སྟོང་ཉིས་བརྒྱ་ཡས་མས་ལོངས་ཤིང༌། གྲངས་ཀ་དེ་ནི་སྐབས་དེའི་སུའུ་ལེན་སྤྱིའི་མི་འབོར་གྱི་ཕྱེད་ཀ་ཟིན་པར་བཤད། ([俄]T.C.格奥尔吉耶娃:《俄罗斯文化史棗历史与现代》商务印书馆2006年11月版 P.526)
སྒེར་གཅོད་པ་ནི་དངོས་གནས་སྒེར་གཅོད་པ་རེད་དེ། རྒྱལ་ཁབ་ཡོངས་སུ་སི་ཏ་ལིན་ཁོ་རང་གཅིག་པུའི་སྐད་སྒྲ་དང་ཁོ་རང་གཅིག་པུའི་སྐུ་པར། ཁོ་རང་གཅིག་པུའི་བསམ་བློ་དང་ཁོ་རང་གཅིག་པུའི་རང་དབང་མ་གཏོགས་ཡོད་མི་ཆོག་པ་རེད། དེ་ལྟ་བུའི་ཁོར་ཡུག་ཏུ་རྩོམ་མཁན་ཞིག་གི་བདེན་པའི་ངར་སྐད་ནི་ལུང་པ་ཁ་བྱང་བལྟའི་ནང་གི“མེ་ཏོག་སྙིང་རྗེ་བོ”ཞིག་དང“གཉོམ་དུང་དུང་གི་སྐད”ཅིག་ལས་མིན་ནའང༌། ཁོ་པ་ཚོར་མཚོན་ན་དེ་ནི་འཇིགས་སྣང་གི་འགད་རྫས་ཤིག་ཏུ་གྱུར་ནས་རྩོམ་མཁན་དག་གི་སྨྲ་ལྕེ་བསྡམས་ཤིང་ཤེས་ཡོན་ཅན་དག་ས་མཐར་སྤྱུགས་ཀྱི་ཡོད་པ་རེད། 
དེ་ལྟ་ནའང་རྒྱུ་འབྲས་བློ་མིག་དཔྲལ་བའི་མིག་ལྟར་སྲུང་བའི་ཤེས་ཡོན་ཅན་དང་རྩོམ་མཁན་རྣམས་ལ་མཚོན་ན། འཇིགས་རུང་གི་གཤིན་རྗེའི་སྒོ་དྲུང་དུ་སླེབས་ཀྱང༌། འཆི་བདག་གི་ཞགས་པ་སྐེ་ལ་འཕངས་ཀྱང༌། ད་རུང་བདེན་པའི་སྐད་སྒྲ་ཡང་ཡང་སྒྲོགས་ཤིང་རང་དབང་གི་གླུ་གཞས་བར་མེད་དུ་གྱེར་པ་འདི་ནི་བསམ་བློའི་དཔའ་རྟུལ་རྣམས་ཀྱི་རང་གཤིས་རེད་ལ། སྨྱུ་གུ་ལ་བརྟེན་ནས་མེ་མདའ་ལ་རྒོལ་ལན་སྤྲོད་པའི་སྙིང་སྟོབས་ཀྱང་རེད།


ལྔ།

      
རྫུན་གཏམ་ཟློག་སྟེ་བདེན་པ་སྲུང་རྒྱུ་ནི་སོལ་ཟེ་ཉི་ཆེན་ལགས་ཀྱི་མི་ཚེའི་སྙིང་པོ་ཡིན་པ་ཇི་བཞིན་དུ། དེ་ནི་ཁོང་གི་རྩོམ་རིག་གི་ལྟ་གྲུབ་དང་སྨྱུག་རྩེ་གཏོད་སའི་དམིགས་འབེན་ཡང་རེད། 
《ཀོ་ལ་ཀི་གླིང་ཚོམ》གྱིས་ཉམ་ཆུང་གི་མི་བུ་ཁྲི་སྟོང་མང་པོའི་རྣམ་ཤེས་ལ་བླ་འབོད་བྱས་སོང་ལ། སོལ་ཟེ་ཉི་ཆེན་ལགས་ཀྱིས་སྒེར་གཅོད་སྲིད་དབང་གི་ནག་ཉེས་ལ་སིན་འབྱིན་བྱས་སོང༌། 《ཀོ་ལ་ཀི་གླིང་ཚོམ》གྱིས་ཉམ་ཆུང་གི་མི་བུ་ཁྲི་སྟོང་མང་པོའི་དྲན་འཛིན་ལ་སྲུང་སྐྱོང་བྱས་སོང་ལ། སོལ་ཟེ་ཉི་ཆེན་ལགས་ཀྱིས་གཏུམ་དབང་ལམ་ལུགས་ཀྱི་གདུག་རྩུབ་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་སོང༌། འདི་ནི《ཀོ་ལ་ཀི་གླིང་ཚོམ》སོགས་ཀྱི་རྩོམ་རིག་གི་རིན་ཐང་རེད་ལ། རང་དབང་ལ་སྨོན་པའི་སོལ་ཟེ་ཉི་ཆེན་དག་གི་བདེན་པ་སྨྲ་བའི་སྙིང་སྟོབས་ཀྱང་རེད། འདི་ནི《ཀོ་ལ་ཀི་གླིང་ཚོམ》སོགས་ཀྱིས་མཚོན་པའི་རྩོམ་རིག་གི་སྟོབས་ཤུགས་རེད་ལ། དབང་ཤུགས་ལ་རྒོལ་བའི་སོལ་ཟེ་ཉི་ཆེན་དག་གིས་མཚོན་པའི་རྩོམ་མཁན་དག་གི་འགན་འཁྲི་ཡང་རེད། 
འདིར་ང་ཚོར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་རྟོགས་རྒྱུ་ཞིག་ཡོད་པ་ནི། གཏུམ་དབང་དང་སྒེར་གཅོད། དྲག་ཤུགས་དང་གཉའ་གནོན་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་ཏུ། རྩོམ་མཁན་དག་ནི་དཀའ་སྡུག་ལ་གདོང་གཏད་ནས་ལོ་རྒྱུས་ཟིན་ཐོ་རུ་འགོད་མཁན་ཡིན་པ་དང༌། རང་དབང་དང་འདྲ་མཉམ། རྩིས་ཐང་དང་མི་གཞི་སོགས་གླེང་ས་ཡེ་ནས་མེད་པའི་གནས་བབ་འོག་ཏུ། རྩོམ་རིག་ནི་རང་དབང་དང་བདེན་པ་རྩོད་པའི“ལག་ཆ”རྨ་མེད་པ་ཞིག་ཡིན་པ་དེའོ། ། 
2008ལོའི་ཟླ12པའི་ཚེས10——12ཉིན་ལན་གྲུ་རུ། 
དཔྱད་གཞིའི་ཡིག་ཆ།


1.林贤治:《索尔仁尼琴和他的阴影》《随笔》2008年第6期

2.王志龙:《一句真话比整个世界的分量还重》《书屋》2008年第11期
3.刘文飞:《索尔仁尼琴之后》《世界文学》2008年第6期

ཡོང་ཁུངས་བོད་ནང་གི་དྲྭ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s