ཞོགས་པ།

དབྱངས་ཀྱིས་བསྡུས་པའི་ཚིག་གི་སྐུད་པ་ཡིས།།
མི་སེམས་རྒྱ་མཚོའི་མཐའ་རུ་དར་ཐག་འཐེན།།
སྐད་ཆའི་ཨ་ལོང་ཟླུམ་པོའི་ཁུགས་པ་རུ།།
གདངས་ཀྱི་དྲིལ་ཆུང་བཏགས་པས་ཡུལ་ཁམས་དཀྲོགས།།

ང་རོའི་གཤོག་པ་ནག་པོ་གྲུར་ཞུགས་ཏེ།།
སྲིད་པའི་ཆུ་ཀླུང་སྔོན་མོ་ཚིག་གིས་བསྲུབ།།
ངག་གི་རོལ་མོར་ཆགས་པའི་མཚོ་བྱུང་མ།།
སྨྲ་ལྕེའི་རྒྱུད་སྐུད་ཕྲ་མོའི་སྲོག་ཏུ་ཞུགས།།

འདུན་མའི་མཚོ་རླབས་འཕྱུར་བའི་ཚོར་གཤིས་འདིས།།
རྟོག་བཏགས་གྲུ་ཡོལ་ཁྲ་བོ་ཡར་ཡར་ཕྱར།།
སྒྱུ་རྩལ་རླབས་ཀྱིས་མྱོས་པའི་མི་སེམས་འདིས།།
གསར་རྟོགས་ལྗང་མྱུག་རེ་བའི་ཀློང་དུ་ཁྲིད།།

ཀྱེ་མ་མུ་མེད་དབྱིངས་ཀྱི་ཁམས་ཆེན་པོར།།
ཡིད་ཀྱི་ལྗོན་པ་གློ་བུར་ཆར་གྱིས་རལ།།
དྲན་རྟོག་ཆུ་བོའི་རབ་ཁ་ཡངས་པོ་རུ།།
ཟིལ་བའི་མེ་ཏོག་སྐམ་ཞིང་བྱེ་མ་རྡོལ།།

སྣང་བའི་འཇིག་རྟེན་མུན་པའི་གཏིང་དུ་ནུབ།།
སྲོད་ཀྱི་ཁ་བ་ནག་པོའི་ཕྲེང་ཐག་ཆད།།
ཞི་བའི་ཟླ་གཞོན་ངུས་པའི་སྤྲིན་རིམ་ན།།
སྐར་ཆུང་ལྷ་མོའི་སྒེག་ཉམས་སྐྱོ་བས་ཟས།།

ངུས་ན་མིག་ཆུ་མེད་པའི་སྙན་ངག་པ།།
མཁར་གྲོང་ལྷིང་འཇགས་གར་གྱིས་དཀྲོག་མཁན་ཡིན།།
བགད་ན་ཧབ་ཆ་མཐོ་བའི་སྙན་ངག་པ།།
རྫ་རིའི་མེ་ཏོག་ལྷ་མོ་བྲིད་མཁན་ཡིན།།

དེ་རིང་འཐེན་པའི་དབྱངས་རྟ་གྱ་གྱུ་འདི།།
ནམ་མཁའི་ལྷ་མོར་འབོད་པའི་མིག་ཆུ་མིན།།
སྣ་ཚོགས་བདུད་རྩིའི་སྐྱུར་གྱིས་བཟི་བ་ཡིས།།
ཚོར་བའི་རྒྱལ་ཁམས་འགྲིམ་པའི་རྡོག་སྒྲ་ཡིན།།

ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: