རྭ་རྒྱ་དགོན་པར་མཆོད་མཇལ་དུ་སོང་བ།

ཇི་ལིང་འཇིགས་མེད།

      ད་རེས་ཀྱི་གཟའ་ཉི་མ་འདི་དུས་བཟང་ཁྱད་པར་བ་ཞིག་ལ་འཁེལ་ཡོད་པས་དགེ་རྒན་ཚང་དང་ལྷན་དུ་རྭ་རྒྱ་དགོན་པར་མཆོད་མཇལ་དུ་སོང་བ་ཡིན། ཆར་བ་བར་མེད་དུ་འབབ་ན་ཡང་དགོན་པའི་སྐོར་ལམ་དུ་བརྐྱངས་ཕྱག་འཚལ་མཁན་དང་སྐོར་བ་བྱེད་མཁན་སོགས་བར་མི་ཆད། ང་ཚོས་ཀྱང་དཀྱིལ་འཁོར་དང་བདག་འཇུག་སོགས་དོན་མང་བོ་ཞིག་ལ་བསམ་བློ་གཏོང་བཞིན་སྐོར་བར་སོང་བ་ཡིན།
ཁྱོད་ཀྱིས་དགོན་པ་གཅིག་གི་ནང་ན་དུས་གཅིག་ཏུ་དཀྱིལ་འཁོར་བཅོ་ལྔ་ཞལ་ཕྱེས་ཏེ་མཆོད་མཇལ་ཞུ་ཐུབ་པའི་ལོ་རྒྱུས་ཤིག་གོ་མྱོང་ངམ། དཀྱིལ་འཁོར་ཚང་མ་ད་དུང་རས་བཞེངས་སོགས་མ་ཡིན་པར་དངོས་སུ་གྲྭ་ཚང་རང་གི་གྲྭ་བ་ཚོས་བླུགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་འབའ་ཞིག་ཡིན། དཀྱིལ་འཁོར་ཡོད་པ་ཙམ་མ་ཡིན་པར་ད་དུང་ཆོ་ག་བདག་འཇུག་དང་བཅས་པ་ཆ་ཚང་དུས་གཅིག་ཏུ་ཕྱག་ལེན་ལ་འཁྱོལ་བ་ཞིག ད་དུང་ཁ་སྐོང་སྦྱིན་སྲེག་སྟེ། མདོར་ན་ས་ཆོག་ཀླུ་ཆོག་དང་བཅས་པ་དུས་གཅིག་ཏུ་སྒྲུབ་པའི་ཆོས་སྡེ་ཆེན་མོ་ཞིག གལ་ཏེ་མ་མྱོང་ན་ཁྱོད་ཀྱིས་གནས་དེ་ནི་དབུས་ཀྱི་གདན་ས་གསུམ་ལྟ་བུའམ། ཨ་མདོའི་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་ལྟ་བུ་ཞིག་ལ་བསམ་བློ་མ་གཏོང་། ཁྱོད་ཀྱི་བློ་ངོར་ཆོས་སྡེ་ཆེན་པོ་དེ་དག་འཁོར་ཡོང་བར་ཁག་མེད་དེ། དེ་འདྲའི་ཆོས་སྡེ་ཆེན་པོ་ཞིག་མིན་ན། འདི་འདྲའི་བསམ་གྱིས་མི་ཁྱབ་པའི་ཕྱག་ལེན་ཞིག་མི་ལོ་བརྒྱ་ཕྲག་གཉིས་ལ་ཉེ་བར་རྒྱུན་བསྐྱངས་ནས་ཡོང་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན།
སྔོན་ཆད་ཀུན་མཁྱེན་བུ་སྟོནརིན་པོ་ཆེས་ཞ་ལི་ནས་དུས་འཁོར་དང་རྡོར་དབྱིངས་གཙོས་པའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བདུན་བཅུ་ལྷག་ཙམ་བཙུགས།༼ཐུའུ་བཀྭན་གྲུབ་མཐའ།༽ནས་མཇལ་མྱོང་ལ། ཕྱིས་སུ་ཁོ་བོས་དངོས་སུའང་མཇལ་མྱོང་། དེ་དག་ལྡེབས་བྲིས་འབའ་ཞིག་ཏུ་སྣང་ལ། རིག་གསར་སྐབས་འཇོར་གྱིས་བཀག་པ་དང་རི་མོ་ཁྲམ་རྟགས་ལྟ་བུ་གང་བྱུང་དུ་བྲིས་པ་མང་བོ་མཐོང་རྒྱུ་འདུག དེ་ནི་བུ་སྟོན་རིན་པོ་ཆེས་དཀྱིལ་འཁོར་དེ་དག་བཞེངས་པ་ཙམ་ལས་ཆོ་ག་བདག་འཇུག་ཡོད་པའི་སྒྲོས་མི་སྣང་།
ཨ་མདོའི་རྭ་རྒྱ་དགོན་པ་ན་ད་གཟོད་དཀྱིལ་འཁོར་བཅུ་བདུན་གྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བླུག་བཞིན་ཡོད་ལ། དེ་ལས་བཅོ་ལྔ་དུས་གཅིག་ཏུ་སྒྲུབ་པ་ལ་གསུམ་པའི་སྒྲུབ་མཆོད་ཆེན་མོ་ཞེས་གྲགས་ཤིང་། རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཀྱི་ལྟེ་བ་དང་སྲོག་སྙིང་ལྟ་བུར་གྱུར་ཡོད།
རྭ་རྒྱའི་སྒྲུབ་མཆོད་འདི་ལ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཧ་ཅང་ཆེ་བས། ན་ནིང་གསུམ་པའི་སྒྲུབ་མཆོད་ཀྱི་ས་ཆོག་སྐབས་འཇར་པན་ནས་ཆེད་དུ་བོད་ཀྱི་རྡུལ་ཚོན་དཀྱིལ་འཁོར་ལ་ཞིབ་འཇུག་བྱེད་མཁན་གྱི་སློབ་དཔོན་ཆེན་མོ་ཞིག་དངོས་སུ་ཡོང་ཞིང་། ངེད་སྤོབ་གླིང་གི་རོགས་རམ་འོག་ཁོང་གིས་ཉིན་འགར་དཀྱིལ་འཁོར་བཞེངས་པའི་བརྒྱུད་རིམ་ཆ་ཚང་ལ་ཞིབ་འཇུག་བྱས།
དེ་ལྟ་བུའི་སྒྲུབ་མཆོད་ཆེན་མོ་འདི་ནི་ཤིང་བཟའ་བློ་བཟང་དར་རྒྱས་མཆོག་གིས་བཙུགས་པ་ཡིན་ལ། དེ་ཡང་ཁོང་གུས་དབུས་ནས་ལྷ་རམས་ཨང་དང་བོའི་དམ་བཅའ་བཞག་རྗེས་རྒྱུད་སྨད་དུ་ཞུགས་ཤིང་སྔགས་ཀྱི་དམ་བཅའ་བཞག་ནས་དེ་གའི་དགེ་བསྐོས་གནང་བ་དང་། ཡང་བླ་མ་དབུ་མཛད་ཀྱི་ཚབ་ཏུ་གཏོར་རྒྱག་ཅིག་གནང་བའི་བསྙེན་པའི་སྐབས་ཅུང་གཉིད་དུ་ཡུར་བའི་རྨི་ལམ་དུ་དཀོར་གཉེར་གྱིས་ལྡེ་མིག་མང་བོ་གཏད་ཅིང་། འདི་གསང་སྔགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན་ལ། མཁའ་འགྲོ་མ་རྣམས་ཀྱིས་ཁྱེད་ལ་གཏད་པ་རེད་ཅེས་པ་དང་གཟིམ་སད། མདུན་གྱི་ནང་མཆོད་ཁོལ་བ་གཞན་མང་བོས་ཀྱང་མཐོང་བར་བཤད། དེ་ནས་ཁོང་གིས་སྔགས་ཀྱི་འཆད་ཉན་དར་བར་མཛད་དགོས་དགོངས་ཏེ་རྒྱུད་སྨད་ཀྱི་ཕྱག་ལེན་མཐའ་དག་གང་ཞིབ་རང་གིས་བསླབས་ཤིང་། རྒྱུད་གྲྭའི་དགེ་ནཤེས་དུ་མ་ཡང་སྤྱན་དྲངས་ཏེ་མདོ་སྨད་དུ་ཕེབས་ཤིང་། ༡༧༩༢ལོར་ཨ་རིག་དགེ་བཤེས་ཆེན་མོ་དང་ཡབ་སྲས་གཉིས་ཀྱིས་རྭ་རྒྱ་དགོན་དུ་རྒྱུད་སྨད་ལྟར་སྔགས་ཀྱི་ཉམས་ལེན་ཚུགས། དེ་ནས་རིམ་པར་རྒྱུད་པ་གྲྭ་ཚང་དང་། དུས་འཁོར། སྨན་པ། རྟ་མགྲིན་ཁང་སོགས་གསར་འཛུགས་གནང་། ༡༨༠༦ལོར་ཤིང་བཟའ་རིན་པོ་ཆེས་ས་ཆོག་སོགས་རྒྱུད་སྡེ་ཁུངས་མའི་གཞུང་བཞིན་གསང་བདེ་འཇིགས་གསུམ། དུས་འཁོར། འཁོར་ཆེན། ཀྱཻ་རྡོར། བཀའ་གདམས་ཐིག་ལེ་བཅུ་དྲུག རྡོར་དབྱིངས། ཀུན་རིག རྣམ་སྣང་མངོན་བྱང་། གདུགས་དཀར། ཚེ་མཆོག་རྟ་མགྲིན་བཅས་དཀྱིལ་འཁོར་བཅུ་གསུམ་རྡུལ་ཚོན་དང་འབྲེལ་བའི་བདག་འཇུག་བཙུགས། དེ་ནས་མི་འཁྲུགས་པ་དང་རྒྱལ་བ་རྒྱ་མཚོ་གཉིས་རྗེས་སུ་བཙུགས་ཤིང་། དེའི་ཁར་དུས་འཁོར་བས་འཇིགས་བྱེད་དཔའ་གཅིག་རྡུལ་ཚོན་ལ་བརྟེན་ནས་བསྒྲུབས་ཏེ་སྦྱིན་བསྲེགས་དང་བཅས་པ
ཡོད་པས་ཁྱོན་བཅུ་དྲུག་ཡིན་ལ། ད་དུང་སྨན་པ་གྲྭ་ཚང་གིས་སྨོན་ལམ་ཆེན་མོའི་སྐབས་སྨན་བླའི་ཕོ་བྲང་རྡུལ་ཚོན་བླུགས་པ་དེ་ལ་སྦྱིན་སྲེག་མེད་པ་བཅས་ཁྱོན་རྡུལ་ཚོན་གྱིས་བཞེངས་པའི་དཀྱིལ་འཁོར་བཅུ་བདུན་ཚུགས་པས་ངོ་མཚར་བའི་ལོ་རྒྱུས་ཀྱི་རྒྱུན་ད་ལྟའི་བར་དུ་གནས་ཡོད་པར་མ་ཟད། མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་བོ་ཞིག་ཏུ་དགོན་པ་འདི་གའི་ཕྱག་ལེན་གྱི་རྒྱུན་དར་བས་ད་སྐབས་མཚོ་སྔོན་གྱི་དགོན་སྡེ་མང་བོ་ཞིག་གི་ཕྱག་ལེན་གྱི་ཁུངས་ལྟ་བུར་གྱུར་ཡོད།
རྭ་རྒྱ་དགོན་པའི་གྲྭ་བ་རྣམས་ཕྱི་ནས་བལྟས་ནས་གྱོང་ཉམས་ཅུང་ཡོད་ན་ཡང་དེ་ནི་དགོན་པ་འདིའི་གྲྭ་བ་སྤྱིའི་རང་གཤིས་ལྟ་བུ་ཡིན་པ་ལས་དོན་ལ་རང་བཞིན་དྲང་ཞིང་བསམ་པ་བཟང་བོ་ཅན་འབའ་ཞིག་ཡིན་ལ། ཁོ་ཚོས་གནའ་ནས་བཟུང་ཁ་སྤུ་དང་སྨ་འཇོག་ལ། ན་བཟའ་གྱོན་སྟངས་ཀྱང་གཞན་གང་དང་ཡང་མི་འདྲ་བའི་ཁྱད་པར་བ་ཞིག་ཡིན་པས་བླ་བྲང་གྲྭ་བ་དྲིལ་བུ་དང་འདྲ་ལ་རྭ་རྒྱའི་གྲྭ་བ་དྲིལ་བུ་དང་འདྲ་ཞེས་བཤད་སྲོལ་ཡོད། རྭ་རྒྱའི་མཆིལ་ལྷམ་ཟེར་ན་ལྷམ་མཐིལ་གཅིག་པུའི་མཐུག་ཚད་ཀྱང་ཐལ་ཆེར་ཚོན་གང་གིས་མི་ཚད་པ་ཞིག་ཡིན་པས་དང་བོར་མཐོང་མ་ཐག་མིག་ལ་ཧ་ཅང་མི་ལོབས་མོད། ད་ལྟ་དེ་འདྲ་གྱོན་མཁན་ཡང་ཉུང་ལ་མིག་ཏུའང་ལོབས་འདུག
དད་ལྡན་འབྲོག་པ་མང་ཚོགས་རྣམས་རང་བཞིན་གྱིས་ཆོས་ལ་དད་ཅིང་གཞིས་རྒྱུད་བཟང་ལ། ལོ་ལོན་ཚོས་ངེད་ཅག་གྲྭ་བ་རེ་མཐོང་ན་དེ་མ་ཐག་ཐང་ནས་སུག་བཞིར་སར་འཛུགས་བཞིན་ཡར་ལང་བ་དང་། མགོ་ནས་ཞྭ་ཕུད་པ་སོགས་དམ་པའི་ཆོས་དང་དགེ་འདུན་ལ་བསྙེན་བཀུར་ཅི་བས་ཀྱང་ཆེ། བུ་མོ་ཆུང་ཆུང་ལོ་བཅུ་ཡས་མས་ཅན་རྣམས་ནི་གནའ་བོའི་གོམས་སྲོལ་ལྟར་མགོའི་སྐྲ་ལའག་ལན་བུ་ཕྲ་མོ་མང་དུ་སླ་ཞིང་། བོད་ལྭ་གྱོན་ནས་འགྲོ་ལ། དར་མ་རྣམས་ནི་སྣང་བ་མཐོ་ཞིང་རང་བཞིན་གྱིས་ཅུང་གྱོང་བར་སྣང་། དེ་བཞིན་དུ་བུད་མེད་དར་མ་རྣམས་ཀྱིས་མགོའི་སྐྲའི་འཇོག་སྟངས་དང་། ཆ་ལུགས་སོགས་རྒྱའི་ལུགས་དང་བསྟུན་ཅི་ཐུབ་བྱེད་པའི་རྣམ་པ་མངོན་པ་སོགས་མཐོང་ཚད་བྲིས་ན་ཧ་ཅང་མང་མོད། རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ།།

 ཡོང་ཁུངས་སྐད་འཕྲིན།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s