༈ མི་རིགས་ནི་རྒྱལ་ཁབ་ཐོར་བས་ཉམས་པ་མ་ཡིན་པར།
རིག་གནས་བཙོང་བས་ཉམས་པ་ཡིན།

རྡོ་རྗེ་རིན་ཆེན།

     ཉེ་སྔོན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས། རང་གི་མི་ཚེའི་ལོ་རྒྱུས ‘ཀ་ལོན་སྦུག་གི་ཐུག་བཟོ་བ’ (कालेबुङ) ཟེར་བའི་དེབ་ཅིག་དཔར་སྐྲུན་གནང་རྗེས། དྲ་ཐོག་དང་མི་མང་བོ་ཞིག་གིས་སྙོག་གཏམ་འདྲ་མིན་ལབ་ཀྱིན་འདུག་པ་མཐོང་ཞིང་ཐོས། སྤྱིར་ན། ལོ་རྒྱུས་སྨྲ་བ་དངོས་གནས་པ་ཞིག་ཡིན་ན། ལོ་རྒྱུས་ཀྱི་དྲང་བདེན་གྱི་ཆེད་དུ། རང་གི་རྒྱལ་བློན་གོང་མ་དང་། ཡབ་མེས་ཚོའི་ངོ་གདོང་ལ་མཆིལ་མ་འདོར་ཕོད་མཁན་ཞིག་ངེས་པར་ཡིན་དགོས་ནའང་། དགོད་བྲོ་བ་ཞིག་ལ། ང་རྒྱལ་དང་རང་རློམ་གྱིས་སྙིང་གང་བའི་བླུན་པོ་སྐོར་ཞིག་གིས། ཕུན་དབང་དང་འཇུ་ཆེན། གོང་ཐང་ཚུལ་ཁྲིམས་ལ་སོགས་ལྷ་རུ་མཐོང་ནས། རྒྱལ་ལོ་དོན་གྲུབ་ཁོ་ན་འདྲེ་རུ་མཐོང་བ་ནི་ཅི་འདྲའི་ཡ་ང་ཞིང་སྐྱུག་ལོག་པ་ཞིག་རེད་ཨང་།

མི་བུ་དེ་དག་གིས་ཆེན་པོ་ཞིག་ཤེས་མདོག་བསྟོན་གྱིན་འདུག་མོད། དོན་གྱིས་སྤྱོད་ཚུལ་དེས་ཁོ་བ་ཚོས་ཅི་ཡང་ཤེས་ཀྱིན་མེད་པ་དང་། རང་ཉིད་ཀྱི་ནང་གི་བཙོག་པའི་མཚང་མ་ལུས་ཕྱི་ལ་མངོན་པ་ལས་ཅི་ཡང་མ་ལགས་ཤིང་། མདོར་ན། རྒྱལ་ལོ་དོན་གྲུབ་ཀྱི་ངོ་གདོང་ལ་ཐལ་བ་འདེབས་ན་གོང་གི་མི་ཆེན་དེ་དག་ཐེ་བའི་མང་བོ་ཞིག་གི་ངོ་གདོང་ལའང་ཐལ་བ་འདེབས་དགོས་པ་ལས་མ་འདས་ཤིང་། མ་གཞི་ནས་བོད་འདི་དང་། དེའི་ནང་ནས་ཡི་གེ་ཤེས་མཁན་དང་ཤེས་ཡོན་པར་སྒྲོགས་པ་ཚོ། དེའི་ནང་ནས་ཀྱང་བཙན་བྱོལ་དུ་ཡོད་པ་ཚོ་དང་། དེའི་ནང་ནས་ཀྱང་རྒྱུད་བདག་མི་བཟང་བའི་སྐུ་དྲག་མི་དྲག་དང་། ལས་སྣེ་འཛིན་པ་བ་དག་ནི། དངོས་ནས་ངོ་ཚ་ཁྱི་དང་གོ་བ་བོང་བུ་ལས་ཀྱང་སྡུག་པའི་ཚོད་དུ་འདུག་སྟེ།

ཁོ་བ་ཚོས་སྔོན་མ་པན་ཆེན་སྐུ་འཕྲེང་བཅུ་བ་དང་། ཕུན་དབང་སོགས་ཀྱིས་ཐེ་བའི་བོད་ནང་གི་མགོ་ཁྲིད་དང་ཤེས་ཡོན་པ་རྒན་པ་སྐོར་ཞིག་ནི། བོད་ཀྱི་ཞབས་འདྲེན་པ་དང་ནང་རུལ་བ་ཡ་མེད་རྐྱང་རྐྱང་དུ་བསྒྲགས་ཤིང་། ཐ་ན། དང་ཐོག་སྐུ་མདུན་བཙན་བྱོལ་དུ་ཕེབས་ནས་མ་རིང་བའི་མཚམས་སུ། བླ་མ་རྫུན་མ་དང་རྒྱལ་བཙོང་བ་ཞེས་དམོད་པ་རེད་པས། ཅི་འདྲའི་ངོ་ཚ་ཁྲེལ་མེད་ཅིག་རེད་ཨང་།

ཉེ་བའི་ལོ་ངོ་འདི་དག་གི་ནང་དུ། བློ་བུར་དུ་ཤེས་མིན་ཚང་མས་གཟའ་བྱུང་བ་བཞིན། ཁོང་ཅག་ལས་ལྷག་པའི་བོད་ལ་བཀའ་དྲིན་ཆེ་བ་དང་། བོད་ཀྱི་ལ་རྒྱ་དང་སྙིང་སྟོབས་ལྡན་མཁན་ཞིག་ཧ་ལམ་མགོ་ནག་བོད་ལ་ད་སྔ་མ་བྱོན་པ་དང་། ཕྱིས་སུ་འབྱོན་མི་ནུས་པའི་ཚོད་དུ། ཁ་ཐོག་ཚད་ཀྱིས་རང་ཉིད་ཡ་མཚན་པའི་རྟོག་པ་ཞིག་སད་མདོག་དང་ཤེས་མདོག་གིས་བཤད་ཅིང་བཤད་མུས་སུ་མཆིས་སོ།།

ཕྱོགས་གཞན་ཞིག་ནས་བཤད་ན་ནི། དུས་སྐབས་འདིར་བོད་ལ་ཡོད་པའི་ཤེས་ཡོན་པ་དང་ལོ་རྒྱུས་སྨྲ་པར་སྒྲོགས་པ་མང་ཆེ་བ་ནི། བོད་ཀྱི་རིག་གནས་བཙོང་མཁན་རྐྱང་ཡིན་པས། ཁོ་ཚོས་དེ་ལ “རང་གི་རིག་གནས་དང་ཆོས་ལུགས་འཛམ་གླིང་ལ་བརྒྱུད་སྒྲོགས་བྱེད་པ” ཞེས་འབོད་ནའང་། ང་ཚོས་དེ་དག་ལ “རིག་གནས་བརྒྱུད་སྒྲོག་མཁན” ཞེས་འབོད་པ་ལས། “མི་རིགས་ཀྱི་རྒྱུ་རྫས་སྒེར་ཟ་མཁན་དང་། མི་རིགས་ཀྱི་བླ་སྲོག་བཙོང་ནས་རང་ཁ་གསོ་མཁན” ཞེས་བོས་ན། ཧ་ཅང་འོས་ཤིང་འཚམ་པའོ།།

གལ་སྲིད་མི་རབས་ཕྱི་མ་ཚོས་བོད་ཀྱི་ལོ་རྒྱུས་ལ་དུས་མཚམས་ཤིག་དབྱེ་བའི་དབང་དུ་བཏང་ན། ༡༩༥༩ལོའི་ཚུན་ཆད་ནས་བཟུང་སྟེ་དེ་རིང་གི་བར་ནི། རྒྱལ་ཁབ་ཉམས་ཤིང་མི་རིགས་ཁ་ཐོར་དུ་སོང་བའི་དུས་སྐབས་དང་། དེ་རིང་ནས་མ་འོངས་པའི་ལོ་ངོ་ཉི་ཤུའི་མཚམས་ནི། རིག་གནས་ཉམས་རྒུད་དུ་སོང་ཞིང་། མི་རིགས་ཀྱི་རྒྱུད་སྦགས་ཏེ་མཇུག་སྒྲིལ་བའི་དུས་སྐབས་ཡིན་ངེས་ཏེ། རྒྱུ་མཚན།


གཅིག བོད་ལ་མི་འབོར་ཉུང་བ་དང་དེའི་ཐོག་ཁ་ཐོར་དུ་གནས་པ། མཉམ་དུ་གནས་པ་དག་ཀྱང་མཐུན་སྒྲིལ་མེད་པ་དང་ནང་འཁྲུག་ཡང་ཡང་བྱེད་ཀྱིན་པ།

གཉིས་པ། རྒྱ་ནག་སྲིད་གཞུང་གི་ཆབ་སྲིད་ཀྱིས་ནམ་ཡང་བོད་འདི་རྩ་མེད་དུ་གཏོང་བའི་ཐབས་དང་བཀོད་པ་སྣ་ཚོགས་པ་ཞིག་སྦེལ་གྱིན་པ།

གསུམ་པ། བོད་དུ་གནས་བའི་བོད་མི་མང་བོ་ཞིག་འབྲོག་ས་དང་ཞིང་ས་ནས་གྲོང་ཁྱེར་དུ་གནས་སྤོས་ཏེ། བུ་ཕྲུག་མང་བོ་ཞིག་གིས་བོད་ཀྱི་རིག་གནས་གཏིང་ཟབ་མོ་ཞིག་ཕར་ཞོག བོད་སྐད་གཙང་བ་ཞིག་ཀྱང་བཤད་ཤེས་ཀྱིན་མེད་པ།

བཞི་བ། རྒྱ་གར་ན་བཙལ་བྱོལ་དུ་ཡོད་པའི་བོད་མི་མང་ཆེ་བ་ཞིག་གི་བུ་ཕྲུག་རྣམས་ཀྱིས། བོད་སྐད་བོད་ཡིག་ཙམ་ཞིག་འབྲི་ཀློག་ཤེས་ནའང་། དེས་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་བྱེད་པ་ལ་རྔོ་གང་ཡང་མི་ཐོགས་པས། ཤེས་དང་མ་ཤེས་གང་ཡང་མེད་དོ།།

ལྔ་བ། ཕྱི་རྒྱལ་ཁག་ཨ་རི་དང་ཨོ་གླིང་། ཡོ་རོལ་ཁག་ཏུ་ཡོད་པའི་བོད་ཀྱི་བུ་ཕྲུག་ཧ་ལམ་རྒྱ་ཆ་བརྒྱ་ནས་དགུ་བཅུ་གོ་དགུས། བོད་ཀྱི་ཆེས་མ་མཐའི་སྐད་དང་ཡི་གེ་ཙམ་ཡང་ཤོད་མི་ཤེས་པ།

དྲུག་པ། ད་ལྟ་བོད་དུ་ཡོད་པའི་ཤེས་ཡོན་པ་དང་རིག་གནས་བ་མང་ཆེ་བ་ནི། རང་གི་རིག་གནས་ཕྱི་ལ་བཙོང་མཁན་ཡིན་པ་ལས། ནང་འདྲེན་བྱེད་མཁན་ཤིན་ཏུ་ནས་དཀོན་པ། (འདིའི་སྐོར་ཁོ་བོའི “མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས” ཅེས་པའི་རྩོམ་ཡིག་ནང་གསལ།)

བདུན་པ། སྤྱིའི་ཆ་ནས་བོད་མི་ཡོངས་དཔེ་ཀློག་དང་ཤེས་ཡོན་པ་ལ་མི་དགའ་བ་དང་། དེང་རབས་ཀྱི་དངོས་པོ་ལ་དགའ་བ་ལས་རིག་གནས་ལ་མི་དགའ་བ།

བརྒྱད་པ། བོད་མི་དབྱིངས་ད་དུང་མུན་འཐོམས་དང་ཡིག་རྨོངས་ཡིན་རྐྱེན། རང་གི་མི་རིགས་དང་རིག་གནས་ཉམས་ནས་འཆི་བཞིན་ཡོད་ནའང་། སྔར་བཞིན་ཤེས་མེད་ཚོར་མེད་དུ་གནས་པ།

དགུ་བ། ན་གཞོན་ཕོ་མོ་མང་བོ་ཞིག་མི་རིགས་གཞན་དང་གཞན་ལ་གཉེན་བསྒྲིགས་ཏེ། མི་རིགས་ཀྱི་རྒྱུད་སྦག་གིན་པ་ལ་སོགས་པའོ།།

གོང་གི་འདི་ལྟ་བུའི་མི་རིགས་ཤིག་དང་དེའི་རིག་གནས་ཉམས་པའི་ཕྱི་རྐྱེན་ནང་རྐྱེན་མང་བོ་ཞིག་ཚང་ནས་ཡོང་གི་ཡོད་ཕྱིན། བདག་གིས་བློས་དཔོག་ཚད་བྱས་ན། ང་ཚོ་མུ་མཐུད་དུ་འདི་ལྟར་ཕྱིན་ཚེ། མ་འོངས་པའི་ལོ་ངོ་ཉི་ཤུའི་རྗེས་སུ། བོད་ཀྱི་མི་རིགས་དང་རིག་གནས་མ་ལུས་ཟད་ནས་ཤུལ་འབུད་རྒྱུ་ཡིན་པ་ཐག་གིས་ཆོད་དོ།།

ཕྱི་ལོ་༢༠༡༤ལོར་བདག་གིས་དཔེ་དེབ་ཅིག་དཔར་བསྐྲུན་བྱས་པ་ཡིན།  དེའི་ཁ་བྱང་ལ ‘འཆི་གསོན་གྱི་གདམ་ག’ཟེར། བདག་གིས་མིང་དེ་འདྲ་ཞིག་གདགས་པས་རྒྱུ་མཚན་ནི། རིག་གནས་ཤིག་གི་འཆི་གསོན་ནི་མི་རིགས་ཤིག་གི་འཆི་གསོན་ཡིན་པས། དེ་ལ་ཇི་ལྟར་གདམ་ག་བྱ་མིན་ནི་ང་ཚོ་ལ་རག་ལས་ཡོད་རྐྱེན། དེང་ང་ཚོའི་མི་རིགས་ནི་འཆི་གསོན་གྱི་གདམ་གར་ཐུག་ཡོད་པས། ང་ཚོས་ངེས་པར་མནོ་སེམས་གཏོང་བའི་དུས་ལ་བབས་ཡོད་པས་དབང་གིས་སོ།།

ཉེ་བའི་བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དུ་ངེས་དོན་གྱི་ལོ་རྒྱུས་སྨྲ་བ་ཞིག་ལྷག་པ་ནི། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཤིང་། ཁོང་གིས་བོད་ཀྱི་ལོ་རྒྱུས་ཀྱི་གཏིང་སར་ལག་པ་བསྙབས་ཏེ། བོད་ལའང་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ། སངས་རྒྱས་པའི་ཆོས་ལས་གཞན་པའི་ཆོས་དང་འཇིག་རྟེན་པའི་རིག་གནས་ཁེ་གཙང་བ་གྱ་ནོམ་པ་ཞིག་བདོག་པར་འབད་པས་སྒྲུབ་ཀྱིན་ཡོད་ནའང་། སངས་རྒྱས་པའི་ཆོས་ཁོ་ན་མཆོག་དང་བླ་རུ་མཐོང་བའི་མི་བུ་སྐོར་ཞིག་གིས། བོད་ལ་དགའ་མདོག་དང་ཆོས་ལ་དད་མདོག་གིས། མཁར་རྨེའུ་བསམ་གཏན་ནི་བོན་ཁོ་ན་ཕྱོགས་སུ་འཁྱེར་པའི་རྒད་པོ་ཞིག་གོ་ཞེས་སྨྲ་ཡི་འདུག་མོད། དེ་ནི་ཅི་འདྲའི་གླན་བཤད་ཅིག་མི་འགྲོ།

ཁོང་གིས་བོན་གཙུགས་སུ་བཟུང་ནས་བཤད་ཅིང་སྒྲུབ་དོན་ནི། སངས་རྒྱས་པའི་ཆོས་བོད་ལ་མ་བསླེབས་པའི་སྔ་རོལ་ནས། བོད་ལའང་གདོད་མ་ནས་དང་གནའ་སྔ་མོའི་དུས་ནས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་རིག་གནས་ཡོད་པ་དེ་ཉིད། ཕྱིས་སུ་སངས་རྒྱས་པའི་ཆོས་དར་ཤུགས་ཆེ་དྲག་ནས། ཡོད་ཚད་དེའི་གསེང་དང་སྦུབས་སུ་འདྲེས་ཤིང་ཉོག་ཏེ། ང་ཚོ་ཕྱི་རབས་པ་ཚོས་ངོས་མི་ཟིན་པ་དང་། ཟིན་ཡང་བོན་ཞེས་ལོག་པ་བ་ཞིག་ཏུ་འདོད་བའི་བོད་རང་གི་རིག་གནས་དེ་ཉིད། ཕྱིར་གསོན་དུ་འཇུག་པ་དང་། བསྐྱར་དུ་དེ་ལ་ངོས་ཟིན་གསར་ཞིག་དང་རིན་ཐང་དོན་མཐུན་ཞིག་ཡོང་ཕྱིར་ཡིན་པ་ནི། ཁོང་གི་གསུང་རྩོམ་དག་ལས་ཤེས་ནུས་པ་ལགས་སོ།།

མང་བོ་ཞིག་གིས། ནང་པ་སངས་རྒྱས་པའི་ཆོས་ཕར་གཞག་པའི་ཤུལ་དུ། བོད་ལ་རིག་གནས་ཤིག་འཇོག་རྒྱུ་མེད་པར་འདོད་ཀི་ཡོད། དེ་ནི་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་རེད། འོན་ན། “དོན་གྱི་དེ་འདྲ་ཞིག་ཡིན་ནམ” ཞེས་ན། གང་ནས་ཡིན་ཏེ། བོད་ལ་སངས་རྒྱས་ཆོས་ལུགས་མ་ཡིན་པའི་ལྷ་ཆོས་དང་། མི་ཆོས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་མང་བོ་ཞིག་གནའ་སྔ་མོའི་དུས་ནས་ཡོད་པ་ནི། སྒྲུབ་བྱེད་ཀྱི་རིག་པ་དང་ལུང་མང་པོ་ཞིག་མི་དགོས་དེ། བདག་གིས་སྔོན་ཆུལ་ནས་བརྗོད་མྱོང་བ་བཞིན། “གང་དེ་མི་རིགས་ལ་ལྷ་སྒྲུང་དང་ངག་རྒྱུན་གྱི་གཏམ་རྒྱུད་ཇི་ལྟར་མང་ན། དེ་བཞིན་མི་རིགས་གང་དེར་དཔལ་ཡོན་དང་རིག་གནས་དར་མྱུང་བ་མཚོན་པ་མ་ཟད། མི་རིགས་དེ་ནི་རང་གི་ཐུན་མིན་གྱི་ལོ་རྒྱུས་དང་རིག་གནས་མངའ་བའི་མི་རིགས་ཤིག་ཡིན་པའང་ཤུགས་སུ་གྲུབ་པ་ཡིན” ཞེས་པ་ལྟར་རོ།།

ཡང་གཅིག་ན། བོད་ཀྱི་རིག་གནས་དང་བོད་ལ་དགའ་བས་ནི། བོན་ལ་དགའ་བ་དོན་གྱིས་མཚོན་ཏེ། དེ་མིན་པར་བོད་དང་བོད་ཀྱི་རིག་གནས་ལ་དགའ་མདོག་དང་། བོན་ལ་མི་དགའ་མདོག དེ་གནའ་བོའི་བོད་ཀྱི་ཆོས་ལུགས་ཙམ་དུ་ངོས་འཛིན་པ་ནི། ནོར་བའི་ནོར་བ་ཁོ་ན་ཞིག་སྟེ། བོད་ཀྱི་རིག་གནས་ནར་མ་བོ་དང་བོད་མ་ནོར་བ་ནི། བོན་ཀྱི་རིག་གནས་ལས་བདེན་དཔང་བྱེད་པ་ལས། སངས་རྒྱས་ཆོས་ལུགས་ལས་ནམ་ཡང་མི་བྱེད་པ་དང་། ངོ་ཚ་མེད་པའི་རང་ཅག་པ་སྐོར་ཞིག་ལས། སུ་གཅིག་གིས་ཀྱང་བོད་དར་སངས་རྒྱས་ཆོས་ལུགས་ནི། བོད་ཀྱི་རིག་གནས་ཀྱི་ཟུར་རྒྱན་ཙམ་ལས། དེ་ནི་རྨང་དང་གཏིང་རེད་གཏན་ནས་མི་ཟེར་རོ།།

མདོར་ན། ངོ་བསྟོད་དང་འུར་སྒྲོག་ལ་དགའ་བའི་ང་ཚོ་ནི། མི་རིགས་གཞན་གྱི་མཁས་པ་འགའ་དང་མི་བུ་རེ་ཟུང་ཞིག་གིས། རང་ཅག་གི་མི་གཤིས་ཡག་རབ་རྒྱན་རབ་དང་། རིག་གནས་ལ་རིན་ཐང་ཆེ་ཚུལ་ཀྱི་བསྟོད་ཚིག་ཉི་ཚེ་བ་རེ་བྱས་ཡོད་པ་དག་ལ། ཡིད་ཚིམས་ཤིང་དགའ་དྲག་ནས། རྐང་བ་ས་ལ་མི་རེག་ཅིང་མགོ་བོ་སྤྲིན་ལ་མི་ཐོག་པར། རང་གི་མུན་ཁུང་གི་མལ་ས་ན་ཡ་མཚན་ཞིང་། ཧ་ལས་པའི་རྨི་ལམ་སྐྱིད་བྲོ་བ་རེ་གཏོང་བཞིན་ལྷག་འདུག་གོ།

ཡང་ཁ་ཅིག་གིས། “བོད་མི་རིགས་ནི་ཕྱི་དངོས་པོའི་དཔལ་ཡོན་གྱིས་དབུལ་ཡང་། ནང་བསམ་བློའི་ཆ་ནས་འཛམ་གླིང་ན་ཕྱུག་པོ་ཡིན” ཞེས་རང་སེམས་རང་གིས་གསོས་ཏེ། “བོད་མི་ཚོ་ནི་ག་དུས་ཡིན་ནའང་སེམས་པ་སྤྲོ་ལྷིང་ལྷིང་དང་། ངོ་གདོང་འཛུམ་ཀྲིག་ཀྲིག་ཏུ་ཡོད” ཅེས་གཞན་ལ་སྨྲ་ཡིས་འདུག དོན་གྱི་བོད་མི་ཚོའི་སེམས་ཀྱི་སྐྱིད་སྣང་དེ་དང་ངོ་གདོང་གི་འཛུམ་མདངས་དེ་ནི། རང་ཅག་ནང་གི་རྟོག་པ་སད་དྲགས་ནས་དང་། བསམ་བློའི་དགོངས་པ་མཐོ་སོང་བས་ནི་གཏན་མ་ཡིན་པར། རང་ཅག་ཕ་ཤི་ཡང་བྲོ་འཁྲབ་པའི་དཔེ་བཞིན། ལྐུག་དྲགས་ནས་དང་བླུན་ཆེ་བའི་ཡིན་ པ་སུས་མི་ཤེས་ཏེ། རྒྱལ་ཁབ་ཉམས། མི་རིགས་ཐོར། རིག་གནས་རྒུད་ནའང་། ད་དུང་ནང་འཁྲུག་དང་ཕྱོགས་རིས། མདོར་ན། ངན་སྐྱུགས་ཏག་ཏག་གི་ལས་སྒྲུབ་ཀྱིན་གནས་ཤིང་འཚོ་བས་སོ།།

མཐའ་དོན། རང་རིགས་ནི་རང་ལ་མི་གསལ་རྒྱུ་ཅི་ཞིག་ཡོད་དེ། མུན་འཐོམས་དང་གཏུན་སྦྱོད་ཅན། ནང་འཁྲུག་ལ་མོས་ཤིང་། ངོ་དགའ་སྤྲེལ་ལད་ཆེ་བ། རེ་སྟོང་དང་སྟོང་ལབ་ལ་དགའ་བའི་མི་རིགས་ངོ་མཚར་པ་ཞིག་ཡིན་པ་མི་གསལ་རྒྱུ་ཅི་ཞིག་ཡོད། ང་ཚོས་སྔོན་མའི་བཀའ་གདམས་པའི་དགེ་གཤེས་མཁས་པ་ཚོས་གནང་བའི་བསླབ་བྱ་དག་ལ་མཇལ་ཚེ། ཁོང་ཚོ་རང་ཅག་ལ་ཡིད་ཆད་དང་སྐྱོ་སྣང་གང་འདྲ་ཞིག་སྐྱེས་ཡོད་པ་གསལ་བོ་མཐོང་ཐུབ་ལ།  དེ་ནི་ད་གཟོད་རང་གི་མིག་གིས་རང་ལ་བལྟོས་པ་ཡིན་ཕྱིན། ངས་པར་ཡིད་ལ་བཟུང་ནས་སེམས་སུ་ཉར་དགོས་པ་ཞིག་མ་ཡིན་ནམ་བསམ་གྱིན་འདུག་གོ།

༢༠༡༥།༤།༣།ཉིན་རྡོ་རྗེ་རིན་ཆེན་གྱིས།

ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: