ཐོལ་གྱིས་བཞུར་བའི་སེམས་འཕྲིན། (བོད)

ཞོགས་པ།

ཁྱེད་ནི་ང་ཡི་ལས་ཀྱིས་མ་བསྐོས་པས།།

རི་བོ་རྒྱལ་མཚན་འདྲ་བའི་རྒྱབ་ཏུ་བཞུད།།
ང་ཡང་ཁྱེད་ཀྱི་རྗེས་སུ་མ་ཆོད་པས།།
ཆུ་ཕྲན་གཡུ་སྐུད་ལྟ་བུའི་འགྲམ་དུ་ལུས།།
མྱུར་བའི་ན་ཚོད་ལོ་ཟླའི་བང་དང་འགྲོགས།།
རྒས་པའི་སྐྲ་ལོར་ཁ་བས་ཚོན་རྩི་བྱུག།།
བརྩེ་བའི་མེ་ལོང་དྭངས་མོའི་དྲན་ངོགས་སུ།།
ང་ནི་ཁྱེད་ཀྱི་གམ་དུ་ཡོད་སྙམ་ཤར་།།
ཁྱེད་ཉིད་རྒས་པ་བརྙན་འཕྲིན་བརྒྱུད་དེ་མཐོང་།།
ཁྱེད་ཉིད་གར་བཞུགས་གསར་འགྱུར་བཀོད་ལས་ཐོས།།
ཁྱེད་ཀྱིས་ཅི་མཛད་དྲྭ་བའི་སྒང་ནས་གོ།།
ཁྱེད་ཀྱི་དགོངས་དོན་འཕྲུབ་དེབ་ངོས་ན་གསལ།།
ཟླུམ་དབྱིབས་དཀར་མདངས་རྒྱས་པའི་ཁྱེད་ཀྱི་བཞིན།།
དྲན་གདུང་སྨུག་སྤྲིན་གཏོར་ཏེ་མཚོ་ལ་ཤར།།
རྒྱུན་ཆགས་མཚོ་མོའི་གཉེར་རིས་གཡས་སུ་འཁྱིལ།།
ཀུན་གསལ་བཞིན་གྱི་གདོང་ལས་ཆུ་མིག་རྡོལ།།
བརྩེ་བ་བརྩེ་བའི་ལང་ཚོ་སེམས་ཀྱིས་བསྐྱངས།།
འབོད་པ་འབོད་པའི་འཕྲིན་པ་སུ་ཡིས་བརྐུས།།
བསྐལ་བ་བསྐལ་བའི་གནས་སུ་བྲལ་གྱུར་བའི།།
རིགས་གཅིག་རིགས་ཀྱི་འདྲེན་དང་རྗེས་རབས་པ།།
ཤི་ནས་བྲལ་བ་མིན་ཡང་གསོན་བྲལ་གྱི།།
རྣམ་པ་ཐོལ་གྱིས་མྱངས་པའི་ཁྱེད་དང་ངས།།
རྒྱང་ལྟའི་ཡུལ་གྱི་གསར་འགྱུར་བདེན་རྫུན་ཀུན།།
མཐོང་ཞིང་ཐོས་ཚེ་དགའ་སྡུག་ལན་བརྒྱར་བརྗེ།།
སྐྱིད་དུས་ཁྱེད་ཀྱི་ཕྱོགས་སུ་རླུང་རྟ་སྤུར།།
སྐྱོ་ཡང་ཁྱེད་ཀྱི་ཁམས་སུ་སྨོན་ལམ་བཏབ།།
སྐྱིད་སྡུག་གང་ཡིན་ཁྱེད་ཀྱི་ཉེ་སར་སྦྱར།།
འདི་ཡང་ང་ཡི་སེམས་ཀྱི་སྨོན་འདུན་ཙམ།།
བསྟོད་པའི་ཚིག་རེ་བྲིས་པའི་བརྗོད་བྱ་དང་།།
དྲན་པའི་གླུ་གཞས་གྱེར་བའི་གྱེར་ཚིག་ཀུན།།
ཡོད་ཚད་ཁྱེད་དང་འབྲེལ་བའི་ཚིག་ཏུ་གྱུར།།
དེ་ཡང་ང་ཡི་ཡིད་ཀྱི་ཚོར་བའི་ཤུགས།
ངུ་དུས་མིག་ཆུ་དྭངས་མོ་ཁྱེད་ལ་མཆོད།།
ཁྱེད་ཀྱི་བརྙན་རིས་ཤར་བའི་ཕྱོགས་སུ་མཆོད།།
རིགས་དང་ང་ཡི་ལེགས་ཉེས་ཞུས་ཏེ་མཆོད།།
སེམས་ཀྱི་འབོད་པ་ངག་གིས་བསུས་ཏེ་མཆོད།།
སྐྱིད་དུས་གཏམ་གྱི་ཐོག་མ་ཁྱེད་ལ་བཤད།།
སྐྱིད་པའི་སྣང་བ་གཟིགས་པར་མཚལ་དེ་བཤད།།
སྐྱིད་འདི་རྟག་པར་སྐྱབས་འཇུག་ཞུས་ཏེ་བཤད།།
སྐྱིད་ཀྱིས་བྱིན་རླབས་སྩོལ་བར་བསྐུལ་ཏེ་བཤད།།
བཏང་སྙོམས་འཚོ་བའི་ཚུལ་ཡང་ཁྱེད་ལ་ཞུས།།
འཕྲིན་དང་ཚོར་བའི་དབྱངས་སུ་བཀུག་སྟེ་ཞུས།།
སྒྲ་དང་རོལ་མོའི་རྟ་ལ་བརྒྱུས་ཏེ་ཞུས།།
སེམས་དང་སེམས་ཀྱི་གསང་བ་འཕྱུར་ཚུལ་ཞུས།།
ཁྱེད་ནི་ང་ཡི་ལུས་དང་བྲལ་གྱུར་ཡང་།།
ང་ནི་ཁྱེད་ཀྱི་ཉེ་སར་བཅར་ཏེ་ཡོད།།
ལོ་ཟླའི་རྫོགས་ཚིག་ཁྱེད་ཀྱི་དྲུང་ནས་འགོད།།
ཉི་ཟླའི་འཆར་ནུབ་ཁྱེད་ཉིད་བསྒོམ་ཏེ་བརྗེ།།
ལས་ཀྱིས་ཁྱེད་ནི་རྒྱ་མཚོའི་མཐར་བཀོད་ཀྱང་།།
ང་ཡི་སེམས་སུ་ཁྱེད་ཉིད་རྟག་ཏུ་བཞུགས།།
གང་ལས་བརྩམས་ཏེ་དུས་དང་བསྐལ་བར་ཡང་།།
ང་ཡི་ཡོད་ཚད་ཁྱེད་ཀྱི་དྲུང་ལས་འདའ།།
ཁྱེད་ཀྱི་གསུང་པོད་ཀློག་ལ་བརྩོན་པའི་སྐབས།།
གློ་བུར་བྲང་ཁར་སྦྱར་ཏེ་ངུ་བར་འདོད།།
ཁྱེད་ཀྱི་འཛུམ་རིས་གསལ་བའི་སྐུ་པར་ལ།།
དབང་མེད་ལེགས་ཉེས་གང་དག་ཞུ་ན་འདོད།།
པར་ལས་ཁྱེད་ཉིད་མིན་པ་དྲན་གྱུར་ན།།
ང་ཡི་ཡ་ཆུང་བརྣངས་པས་སྒུལ་བར་བྱེད།།
ང་ཡི་ཨ་མས་རྩམ་པ་སྣོད་དུ་ཉར།།
ཁྱེད་ཉིད་ནམ་ཞིག་ཕེབས་ན་མཁོ་བར་བཤད།།
ང་ཡི་ཨ་པས་གོས་ཆེན་སྒམ་དུ་སྦས།།
ཁྱེད་ཉིད་ཕེབས་ན་མཇལ་དར་དགོས་ཚུལ་བཤད།།
ཕུ་བོས་རི་ནས་ལྷ་བསང་གཏོང་བར་བྱེད།།
ཁྱེད་ཀྱི་རླུང་རྟ་མཁའ་རུ་འཕགས་ཚུལ་བཤད།།
ཨ་ཅེས་སྒྲོལ་མའི་བསྟོད་པ་དབྱངས་སུ་འཐེན།།
ཁྱེད་ཀྱི་འཕྲིན་ལས་ཕྱོགས་སུ་རྒྱས་པར་བཤད།།
ནུ་བོས་འགྲོ་འདུག་བར་ནས་དྲན་ཚིག་འབྲི།།
ཁྱེད་ཀྱིས་རྒྱང་རིང་ཡུལ་ནས་གཟིགས་ཚུལ་བཤད།།
ནུ་མོས་དྲན་གཞས་རི་བོའི་རྒྱབ་ནས་འཐེན།།
ཁྱེད་ཀྱིས་རྒྱ་མཚོའི་མཐའ་ནས་གོ་བར་བཤད།།
གཅེས་ཕྲུག་རྩེད་དུས་ཁྱེད་ཀྱི་བཞུགས་ཁྲི་རྩིག།
ཕེབས་བསུའི་མཛད་སྒོ་དེ་རིང་ཡིན་ཚུལ་བཤད།།
ཨ་མྱེས་རྒས་དུས་ཁྱེད་ཀྱི་གསོལ་འདེབས་འདོན།།
ཤི་ན་ཕྱི་མའི་ལམ་རྒྱགས་ཡིན་ཚུལ་བཤད།།
འདི་ནས་ཉི་མ་ནུབ་པའི་ཕ་རོལ་དུ།།
བཞུད་ཀྱང་ཁྱེད་ནི་ང་ཡི་ལམ་ཁྲིད་ཡིན།།
འདི་ནས་ཟླ་བ་རྫོགས་པའི་རྟག་རྒྱབ་ཏུ།།
བྲལ་ཡང་ཁྱེད་ནི་ང་ཡི་ལམ་ཐིག་ཡིན།།
ང་ཡི་ཁ་པར་ཁྱེད་ཀྱི་གར་སྟེགས་ཡིན།།
ང་ཡི་ཟིན་བྲིས་ཁྱེད་ཀྱི་གསར་འགྱུར་ཡིན།།
ང་ཡི་བརྙན་འཕྲིན་ཁྱེད་ཀྱི་མངའ་ཐང་ཡིན།།
ང་ཡི་དྲན་པ་ཁྱེད་ཀྱི་མེ་ལོང་ཡིན།།
ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s