བན་ཤུལ་དཔའ་མཁར་རྒྱལ།
སེང་གེ་ཁ་འབབ་ལ་དྭགས་གཞུང་ལ་འབབ།།
ལ་དྭགས་དཔའ་རྩལ་ཆེ་བ་དེ་ནས་བྱུང་།།
རྨ་བྱ་ཁ་འབབ་སྤུ་ཧྲེང་གཞུང་ལ་འབབ།།
སྤུ་ཧྲེང་སྐྱེས་པ་ཡག་པ་དེ་ནས་བྱུང་།།
རྟ་མཆོག་ཁ་འབབ་དབུས་གཙང་གཞུང་ལ་འབབ།།
དབུས་གཙང་རྟ་མཆོག་ཡག་པ་དེ་ནས་བྱུང་།།
གླང་ཆེན་ཁ་འབབ་ཡར་རྐྱེན་གཞུང་ལ་འབབ།།
སྟོད་ཧོར་སྟོབས་རལ་ཆེ་བ་དེ་ནས་བྱུང་།།
—-བོད་ཀྱི་དམངས་གཞས་ལས་དྲངས།
ངས་ནམ་རྒྱུན་མི་རྣམས་ལ་བཤད་བཞིན་ཡོད། གང་བཤད་བཞིན་ཡོད་ཅེ་ན། བོད་ཀྱི་རི་བོ་དང་གཙང་པོ་སྐད་གྲགས་ཅན་རྣམས་ནི། སྔ་རབས་བོད་ཀྱི་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་དང་། རྒྱལ་ཕྲན་ཕན་ཚུན་བར་གྱི་ས་བཅད་མཚམས་དབྱེ་ཡི་དཔང་རྟགས་གལ་ཆེན་དག་ཀྱང་རེད། གལ་ཏེ་བོད་ཀྱི་ལོ་རྒྱུས་ལ་ཡང་དག་པོའི་སྒོ་ནས་ངོས་འཛིན་བྱེད་དགོས་ན། རི་བོ་འདི་དག་གང་དུ་གནས་པ་དང་ཆུ་བོ་འདི་དག་གང་དུ་བཞུར་བའི་ལོ་རྒྱུས་དང་དེ་འབྲེལ་གྱི་ས་མིང་རྙིང་བ་སོགས་ཁུངས་ཅི་ཡོད་རྩད་ཨེ་ཆོད་ཆོད་ལ་ཤ་ཐང་གིས་འབད་དགོས་སོ་སྙམ།
དུས་རབས་བདུན་པ་ནས་བརྒྱད་པའི་བར་བོད་དང་མཐའ་བཞིའི་རྒྱལ་ཕྲན་དག་གིས་ས་མཚམས་ཆུ་མཚམས་ཕྱེ་དུས་སུ། ལོང་ཤན་རི་རྒྱུད་སོགས་རྒྱ་བོད་སོག་གསུམ་གྱི་རི་ཆུ་སྐད་གྲགས་ཅན་རྣམས་དཔང་རྟགས་སུ་བཀོད་ཡོད་པ་དང་། དེ་བཞིན་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་བོད་ཀྱི་ཡུལ་ལུང་འགའ་ཤས་ལ་གནང་བའི་བཀའ་ཤོག་རྣམས་ལས་ཀྱང་བོད་རང་གི་མི་སྡེ་ས་མཚམས་རྣམས་ཀྱང་རི་ཆུ་སྐད་གྲགས་ཅན་དག་གིས་ཕྱེ་ཡོད། མདོར་ན་བོད་སྤྱིའི་ཡུལ་གྱི་རྒྱ་ཁྱོན་དང་བྱེ་བྲག་ནང་ཚགས་ཀྱི་ས་མཚམས་དག་ཀྱང་རི་ཆུ་མཚན་གྲགས་ཅན་དག་གིས་ཕྱེ་ཡོད་པའི་རྟགས་ལ་བརྟེན་ནས། དེ་དག་ནི་སྔ་རབས་བོད་ཀྱི་ལོ་རྒྱུས་ཀྱི་མཐོང་ཡངས་པོར་ཕྱེ་བའི་སྒྲུབ་བྱེད་ཧ་ཅང་གལ་ཆེན་ཡིན་པ་སུ་ལའང་སྨྲོས་མ་དགོས་པར་གསལ་བོར་གོ་ཐུབ་པ་ཡིན།
དེ་ལས་དམིགས་སུ་ཞུ་བྱ་གང་ནི་བོད་ཀྱི་གཙང་བོ་སྤྱི་དང་བྱེ་བྲག་ཏུ་སྟོད་མངའ་རིས་ཀྱི་ཁ་འབབ་རྣམ་བཞིའི་སྐོར་དེ་ཡིན། ངས་ནམ་རྒྱུན་གྲོགས་པོ་དག་ལ་རྒྱ་གར་ཤེས་རིག་ནི་བོད་ཀྱི་ཤེས་རིག་གི་ཨ་མ་དང་། བོད་ཀྱི་གཙང་བོ་ནི་རྒྱ་གར་ཐོན་ཁུངས་ཀྱི་ཨ་མ་རེད་ཅེས་རྩེད་མོ་ཞུ་བཞིན་ཡོད། རྒྱ་གར་གྱི་གནའ་བོའི་ནང་བའི་ཤེས་རིག་གང་ཡོད་བོད་ལ་གདན་དྲངས་པ་དེས་བོད་ནི་ཤེས་རིག་གི་ཕྱུག་པོ་ཆགས་པ་དང་། བོད་རང་ནས་འབབ་པའི་གཙང་བོ་ཉི་ཤུ་རྩ་གཉིས་ལྷག་རྒྱ་གར་གཞུང་ལ་འབབ་པ་དེས་རྒྱ་གར་ནི་ཞིང་ལས་སོགས་ཐོན་ཁུངས་ཀྱི་ཕྱུགས་པོ་ཆགས་བསྡད་ཡོད་པ་རེད། དེས་ན་རྒྱ་གར་པཎ་ཆེན་བོད་མི་ལ་བཀའ་དྲིན་ཆེ་བ་དང་བོད་ཀྱི་གཙང་པོ་རྒྱ་གར་ལ་བཀའ་དྲིན་ཆེ་བ་རེད་ཅེས་བཤད་ན་ཐལ་མི་ཆེ་སྟེ། གང་ཡོད་ངོ་བོའི་གནས་ཚུལ་ནམ་ལངས་ཉི་ཤར་ལྟ་བུ་རེད།
ད་ནི་གོང་དུ་བོད་ཀྱི་དམངས་གཞས་ལས་ཁ་འབབ་གཙང་བོ་རྣམ་བཞིའི་སྐོར་ཞིག་དྲངས་ཡོད། ངས་དེ་ནི་གཙང་བོ་རྣམ་བཞིའི་སྡོམ་རེད་ཞུ་གི་ཡོད། ཏུན་ཧོང་ཡིག་རྙིང་དང་ཕྱིས་འབྱུང་གི་བོད་ཀྱི་རྒྱལ་རབས་རྩ་ཆེན་དག་ལས་ཀྱང་གནམ་གྱི་དབུས་ཆུ་བོ་ཆེན་པོ་བཞིའི་མགོ་ཞེས་བོད་ཀྱི་གཙང་བོ་རྣམ་བཞི་ནི་བོད་ཀྱི་ཁྱད་ནོར་ཅིག་ལ་བརྩིས་འདུག དེ་ནི་དོན་ལ་གནས་པའི་གནའ་གཏམ་དུ་གོ་དགོས་པ་ཞིག་སྟེ། ཕྱིས་འབྱུང་གི་མི་རབས་གསར་བ་རྣམས་ཀྱིས་ཅིས་ཀྱང་འགྲེལ་བཤད་རྒྱས་པར་བྱེད་དགོས་པའི་གནད་ཅིག་རེད་སྙམ།
སྟོད་མངའ་རིས་ཡུལ་ནས་འབབ་པའི་ཆུ་བོ་རྣམ་བཞི་གཞུང་ཐིག་ཏུ་བཟུང་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྨྲ་མཁན་ནི་ད་ལྟའི་བར་གང་ཡང་བྱུང་མེད་དེ། ཐམས་ཅད་ལ་རྒྱུས་མེད་པའི་གནའ་བོའི་རྒྱ་གར་ཤེས་རིག་ལས་མངོན་པ་མཛོད་ཀྱི་འཇིག་རྟེན་ཆགས་རིམ་ཤིག་དྲངས་ཡོང་ནས་བོད་མིའི་ལོ་རྒྱུས་ཀྱི་དབུ་ལ་བཙན་གྱིས་འཇོག་པར་བྱེད་པའི་ལས་དེ་ནི། ཆོས་ལ་བློ་དཀར་བ་ཙམ་ལས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་བློ་དཀར་ནས་བཞག་པ་ཞིག་གཞར་ཡང་མ་ཡིན་ནོ།།
ཆུ་བོ་རྣམ་བཞི་ནི་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ཨུ་རྒྱན་པ་རིན་ཆེན་དཔལ་གྱི༼ཨུ་རྒྱན་སྤྲུལ་བའི་ཞིང་གི་ལམ་ཡིག་རིན་ཆེན་ཕྲེང་བ༽དང་དེའི་ཕྱིས་ཀྱི་ལོ་སུམ་བརྒྱ་ཙམ་གྱི་རྗེས་ནས་རྗེ་དེའི་སྐྱེ་འཕྲེང་ལ་ངོས་བཟུང་བ་སྟག་ཚང་ངག་དབང་རྡོ་རྗེ་ཡི༼ཨུ་རྒྱན་མཁའ་འགྲོའི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས༽བྱ་བ་གཉིས་དང་། དེའི་ཕྱིས་ཀྱི་དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་ལྷོ་གྲུ་ཤུལ་སྤྲུལ་སྐུ་དོན་དམ་སྨྲ་བའི་སེང་གེ་ཡི༼བཤད་མཛོད་ཡིད་བཞིན་ནོར་བུ༽དང་རྟ་ཚག་ཚེ་དབང་རྒྱལ་གྱིས་བསྒྲིགས་པའི་བཀའ་བརྒྱུད་བླ་རབས་རྣམ་ཐར་རམ་ཡོངས་གྲགས་སུ༼ལྷོ་རོང་ཆོས་འབྱུང༽སོགས་ན་ཅུང་ཟད་རེ་གླེང་བར་བྱས་ཡོད་ནའང་། དེ་དག་ནི་རྒྱལ་རབས་ལོ་རྒྱུས་ཀྱི་ས་ཁམས་ཆགས་ཚུལ་སོགས་ལ་དམིགས་པ་གཏད་ནས་བཀོད་པ་ཞིག་མིན་མོད་བོད་ཀྱི་ཁ་འབབ་རྣམ་བཞི་གང་ནས་གང་ལ་འབབ་པའི་ཆར་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན་རྟ་མཆོག་ཁ་འབབ་གཙང་གི་གྲོ་ཤོད་བརྒྱུད་ནས་གཞིར་རྩེར་འབབ་པ་དང་དེར་གཙང་པ་རྣམས་ཀྱིས་གཡོ་རུ་གཙང་བོར་བཏགས་ཡོད། དེ་ནས་རིམ་བཞིན་ལྷ་ས་བརྒྱུད་ཡར་ཀླུང་གཞུང་ལ་འབབ་པ་དང་དེའི་མི་རྣམས་ཀྱིས་ཡར་ཀླུང་གཙང་བོ་དང་། དེ་ནས་ཀོང་པོ་བརྒྱུད་ནས་རི་བོ་གནམ་ལྕགས་འབར་བར་རྟའི་རྨིག་པ་ལྟ་བུའི་བསྐོར་བ་ཞིག་བརྒྱབ་ཏེ་རྒྱ་གར་ལ་འབབ་པའི་མཚམས་དེར་བོད་ཀྱི་ལོ་རྒྱུས་རྣམས་ལས་ཀོང་ཆུ་བརླག་ཟེར་ལ། དེ་ནས་རྒྱ་གར་ཡུལ་དུ་པི་ལ་མ་པུའུ་ཐིག་ལ་གཙང་བོ་སྟེ་བོད་སྐད་ལ་བསྒྱུར་ན་ཚངས་སྲས་ཆུ་བོ་ཟེར་ཞིང་དིང་སང་གི་བྷང་ག་ལ་རྒྱལ་ཕྲན་བརྒྱུད་དེ་ཞི་བདེར་རྒྱ་མཚོར་འབབ་ཅིང་། མདོར་ན་གཙང་མགོ་མངའ་རིས་རྟ་མཆོག་ཁ་འབབ་ནས་གཙང་རྔ་ཞི་བདེ་རྒྱ་མཚོ་ཆེན་པོའི་བར་ཡིན་པའི་བོད་ཀྱི་ཡར་ཀླུང་གཙང་བོ་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་གཞུང་ཐིག་དང་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་དབྱེ་ཞིབ་ཀྱི་རྟགས་མཚན་དུ་མ་བཟུང་ན། ང་ཚོ་ལ་གཙང་བོ་ཧུབ་ཀྱིས་འཐུང་ནས་སྐོམ་སེལ་བ་ཙམ་ལས་གཙང་བོའི་བཞུར་རྒྱུན་གྱི་ལོ་རྒྱུས་ཀྱིས་ཅང་གོ་མ་ཆོད་པ་མ་ཡིན་ནམ། དེ་ནས་གཞན་ཡང་སེང་གེ་ཁ་འབབ་ནི་གྲུབ་ཆེན་ཨུ་རྒྱན་པ་ཆུང་བ་སྟག་ཚང་ངག་དབང་རྡོ་རྗེ་ཡིས་མཛད་པའི༼ཨུ་རྒྱན་མཁའ་འགྲོའི་གླིང་གི་ལམ་ཡིག་ཐར་ལམ་བགྲོད་པའི་ཐེམ་སྐས༽བྱ་བར་གངས་ཏི་སེའི་སེང་གེ་ཁ་འབབ་ཀྱི་ཆུ་དེ་བྱང་ནུབ་ཏུ་འབབ། མང་ཡུལ་དང་སྤུ་རེངས། ཟངས་དཀར། ལྡུམ་ར། སྦལ་ཏིའི་ཡུལ་བརྒྱུད་སྟག་དང་གྲུ་ཞ་ལིའི་ཡུལ་གྱི་ཆུ་ཐམས་ཅད་བསྡོངས་ནས་ཨུ་རྒྱན་གྱི་ནུབ་བྱང་དུ་སླེབས། དེ་ནས་ལྷོ་ཤར་ལ་གཏད་ནས་འགྲོ། རཱ་ཛ་ཧུར་དང་ཨ་ཊ་ཀོ་གི་ཐད་ལ་ལྷོར་རྒྱུགས། དེ་ནས་ནུབ་ཕྱོགས་སུ་འཁོར་ནས་ཨུ་རྒྱན་གྱི་རྒྱབ་ཐམས་ཅད་རྒྱ་མཚོར་འཁོར་བ། དེ་ལ་སིནྡྷུ་རྒྱ་མཚོ་ཟེར་བ་འདུག་ཅེས་སེང་གེ་ཁ་འབབ་ཀྱི་གང་ནས་གང་ལ་འབབ་པའི་བར་གྱི་ས་ཁམས་གནས་ཚུལ་འཁོད་ཡོད། ང་ཚོས་འདི་ལྟ་བུའི་གཙང་བོའི་རྒྱུ་ཕྱོགས་ཀྱི་ལམ་ཐིག་དེེད་ནས་དཔྱད་ན་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དང་དེའི་དབང་བསྒྱུར་མངའ་ཁོངས་ཧ་ཅང་གསལ་བོར་ཤེས་ཐུབ་པ་ཡིན། དེས་ན་གཙང་བོ་གང་ནས་གང་ལ་བཞུར་བའི་ཚུལ་དེ་ཡིད་ལ་གསལ་བོར་འདྲོངས་ཐུབ་ན་བོད་ཀྱི་ལོ་རྒྱུས་ཤེས་པར་ཕན་རྒྱ་ཆེན་པོ་ཐོགས་པ་མ་ཡིན་ནམ། མདོར་ན་གོང་ནས་ཞུས་པ་བཞིན་བོད་ཀྱི་མངའ་རིས་ནས་འབབ་པའི་ཁ་འབབ་རྣམ་བཞིའི་སྡོམ་དེ་ལ་རྒྱས་འགྲེལ་རེ་གནང་ཐུབ་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཁྱད་པར་དུ་བཙན་པོའི་ཆབ་སྲིད་མངའ་རིས་རྒྱ་ཁྱོན་བཅས་ལ་རྒྱུས་ལོན་པའི་ཡན་ལག་གི་སྒྲུབ་བྱེད་རྨ་མེད་པར་འགྲོ་སྲིད་པས་མོས་པ་ཅན་ཡོད་ན་དེ་ལ་འབོད་ཅིག་ཨང་། དེ་མིན་ཤོག་ཐོག་བྲོ་བརྡུང་ཙམ་གྱི་ཡིག་ཚང་ཁོ་ནའི་དཔྱད་ཞིབ་དེས་ང་ཚོས་ལོ་རྒྱུས་ཀྱི་མཛེས་མའི་ཕྲ་ལ་མཉེན་པའི་གཟུགས་རིས་དང་དཀར་ལ་ཟླུམ་པའི་ནུ་འབུར་དེ་ནམ་ཡང་མཐོང་མི་ཐུབ་པ་ཡིན།
སྨྲས་པ།
བྱང་སྐར་སྨེ་བདུན་འཆར་བའི་སྤུ་ལྗོངས་ནས།།
ཁ་འབབ་རྣམ་བཞིས་གསེར་གྱི་བྱེ་མ་འདྲེན།།
མཐའ་ཡི་རྒྱལ་ཕྲན་ནམ་མཁའི་སྐར་ཚོམ་འཐུ།།
གཙང་བོའི་དགུ་ཚིགས་བྱུང་བ་གསལ་བའི་གཞི།།
སྣ་མང་ལྟ་གྲུབ་གློག་གི་གར་འཁྱུག་ཚེ།།
གཅིག་པུར་ཁུང་ལ་འཛུལ་བའི་མཁར་ཉལ་མས།།
རང་ལྕེ་གནམ་ལ་འཕྱར་བའི་ཁ་ཆུ་ཡིས།།
རང་གཞན་སྣོད་པའི་ལས་དེ་རིང་དུ་སྤོངས།།
བན་ཤུལ་དཔལ་མཁར་རྒྱལ་གྱིས།༢༠༡༥/༥/༧/ལ་མང་ཡུལ་གུང་ཐང་ནས་བོད་སྐད་སྨྲ་བ་རྣམས་ལ་དམིགས་ནས་ཆེད་དུ་བྲིས་སོ།།
ངེད་དྲྭ་ཚིགས།