སྨྱུག་མདའ།                                

གངས་རྒྱབ་ལོ་མའི་མཐའ་ནས།།

དུངས་ཀའི་སྒྲ་ལ་ཉན་འདོད།།
དགུན་གསུམ་གྲང་ངར་ཁྲོད་ཀྱི།།
རྒས་པའི་མ་ལོ་དྲན་སློང་།།
ལོ་གཅིག་ཧྲིལ་གྱིས་རྫོགས་དུས།།
འདི་ནས་རྒྱང་ལ་བལྟས་ཤིང་།།
ཡིད་ངོར་ཨ་མ་གསལ་ལེར།།
ཨ་མའི་རྒས་གཉེར་གསལ་ལེ།།
ལོ་ཟླ་བྲང་ཁར་བརྩེགས་པའི།།
མཆི་མའི་མུ་ཏིག་གྲངས་མེད།།
དབུགས་རྩ་བུ་ལ་བསྲིངས་པ།།
དགོང་ཉལ་ཞོཊ་ལངས་མཚམས་མེད།།
འཇིགས་སྐྱོབ་སྒྲོལ་མ་གྱེར་ཞོར།།
ལག་ཟུང་སྙིང་དབུས་སྦྱར་ཏེ།།
སྨོན་ལམ་རྟེན་འབྲེལ་སྒྲིག་པ།།
མ་ཡི་བརྩེ་བ་དྭངས་མོ།།
སུ་ཡིས་འགྲན་པར་ནུས་སམ།།
གཞན་དབང་ལག་པའི་བར་ནས།།
མ་ལོར་མ་མཇལ་འགོར་སོང་།།
གཟུགས་མེད་སྐུད་པའི་སྣེ་རུ།།
འདས་སོང་གཏམ་རྒྱུད་གླེང་བྱུང་།།
ལྷན་འཛོམས་སྐལ་བ་མྱུར་བཤད།།
མ་ལོས་ཡུན་རིང་སྒུག་ཟེར།།
སྐད་ངག་འདར་ཞོར་ཡ་ཟེར།།
སྐད་ཆ་མཆི་མ་བརྒྱུས་འདུག།
མཆི་མའི་ཐིགས་པ་རེ་རེས།།
ང་ཡི་བྲང་ག་བརླན་ཡོང་།།
མ་ལོའི་དྲན་གདུང་སངས་ཕྱིར།།
སེམས་པ་མཁྲེགས་ཁུལ་བྱས་ཏེ།།
མ་ལོ་དགོད་པར་ངར་བླུད།།
མི་ཡུལ་ཉི་འོད་དྲོ་བཤད།།
ཡིད་བཞིན་ནོར་བུའི་གསུང་བཤད།།
འགྲོ་རུས་མེ་ཏོག་བསྐལ་བཤད།།
མ་ལོའི་སེམས་པ་བདེ་བབས།།
ལེ་དབར་སྟོང་གིས་ཆོད་ཀྱང་།།
ད་ནི་ཨ་མས་སེམས་བདེ།།
ཆ་མེད་མྱི་ལ་མཉམ་ཞོག།
རང་ཉིད་རང་གིས་བདག་བྱོས།།
ཨ་མའི་གཅེས་ཕྲུག་ངར་ཟེར།།
2015-10-5 ཉིན།
ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: