ཁ་བ་ལྷ་མོ།
ཕ་ཡུལ་ལ་ནམ་རྒྱུན་ཆར་བ་བབས་བབས་རྗེས་གློ་བུར་དུ་ཁ་བར་གྱུར་འགྲོ
དེ་ནི་ཡུལ་མི་ཚོར་གོམས་ཡོད་པའི་རང་བྱུང་གི་འགྱུར་བ་མཚར་བོ་ཞིག་ཡིན
རྣ་བ་བླགས་ནས་མ་ཉན་ན་ཡང
ཆར་བ་ནམ་ཞིག་ནས་ཁ་བར་འགྱུར་བཞིན་པ་སེམས་ཀྱིས་ཚོར་ཡོང
དེ་ནི་ཁ་ཆར་གྱིས་མང་དུ་བརླན་མྱོང་བའི་ས་འདིའིི་མི་ཡི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན
ཆར་བ་འདི་ལྟར་ལྷོད་ཀྱིས་བབས་ཤིང
ད་དུང་ཁ་བར་གྱུར་ཡག་མིན་པའི་བར་མཚམས་ཤིག་ལ
ལྷ་ས་ནས ང་ཚོས་ཆང་འཐུང་གི་མེད་དེ
ཆུ་ཁོལ་འཐུང ཇ་འཐུང་སྟེ་བསྡད་ཡོད་ཅེས་པའི་སྐད་ཅིག་འབྱོར་སོང
དེ་ནི་ཕུ་བོའི་ཚེ་འདིའི་ནང་ནོམ་རྩ་ཆེན་ཞིག་སྟེ
རྫུན་སྨྲ་མི་ཤེས་པའི་རྟ་རྫི་སྙིང་རྗེ་ཞིག་གི་སྐད་ཆ་ཡིན
སྐད་ཆ་དེར་ཉན་རྗེས་ཨ་མ་ཡང་གད་མོ་ཤོར་སོང
ལྷ་ས་དང་ཕ་ཡུལ་ནི་དད་མོས་ཁོ་ནས་མགོ་སྦྲེལ་ཡོད་པའི་ལམ་ཐིག་ཅིག་ཡིན
དད་མོས་ནི་སེམས་ཀྱི་ནང་ལོགས་ན་ཡོད་པས
དད་མོས་ཀྱིས་དེད་པའི་བར་ཐག་ཀྱང་སེམས་ཀྱི་ནང་ལོགས་ན་ཡོད
བར་ཐག་དེ་སེམས་ཀྱི་ནང་ལོགས་ན་ཡོད་པས
ཕུ་བོ་དོ་ནུབ་ལྷ་ས་ན་ཡོད་པ་ཡང
རང་ཁྱིམ་གྱི་ཡ་ལོགས་ན་བདེ་བར་གཉིད་ཡོད་པ་དང་འདྲ་བྱུང
དོ་ནུབ ཨ་མ་ཡང་སེམས་བདེ་མོས་གཉིད་སོང
ཕྱི་རོལ་ཧ་ཅང་ལྷིང་འཇགས་སུ་སྣང
ཏག་ཏག ཆར་བ་ཁ་རོག་གེར་ཁ་བར་གྱུར་ཚར་རྗེས་ཀྱི་ལྷིང་འཇགས་དེ་ཡིན་འདུག
ནམ་མཁས་རི་ཆུའི་བྲང་ཁོག་ལ་དཀྲོལ་བཞིན་པའི
དབྱངས་ཀྱི་འདེགས་འཇོག་གཞན་པ་ཞིག་ཡིན་འདུག
༢༠༡༥/༥/༡༥ནུབ།
ངེད་དྲྭ་ཚིགས།