རྭ་རྒྱའི་གྲྭ་གཞོན་འགས་བྲིས་པའི་སྙན་ཚོམ།

ཚོར་བའི་གཤོག་པ།

གཟུ་མིག

དོ་ནུབ་སུ་དང་གང་གིས་དམྱལ་བ་མྱོང་།།
མེ་དང་རྣོ་ལྕགས་ལྟ་བུའི་དམྱལ་བ་མྱོང་།།
འཁོར་བའི་ངོས་ཀྱི་ས་དང་རྡུལ་འཐབ་པས།།
མགོ་དང་སྐྲ་ལོ་ཚིག་གི་མཚོན་ཆས་བྲེག།

རྨི་ལམ་ནང་དུ་རི་བོ་མེ་ལ་ཚིག།
མེས་པོའི་རལ་བ་དཀར་པོ་མེ་ལ་ཚིག།
ཉི་མའི་སྲོག་རྩ་བཅད་དེ་བྲལ་སོང་བའི།།
ས་སྲོད་དེ་ཡི་ནམ་མཁའ་འདར་ཞིང་ངུ་།།

ལ་མོའི་རྒྱབ་ཏུ་དུས་ཀྱི་རླུང་དམར་ལྡང་།།
རྣམ་ཤེས་བསེད་པའི་དུས་ཀྱི་རླུང་དམར་ལྡང་།།
ཡི་གེའི་གཤོག་རྡང་གཏོར་ཏེ་བཞུད་སོང་བའི།།
འདས་པའི་ལོ་ཟླ་གང་དེར་འཇིགས་ཤིང་ཡེར།།

ངས་ཀྱང་རྒྱང་རིང་དེ་ཡི་མི་དག་མཐོང་།།
ཚོར་བའི་གཤོག་པ་ཆད་པའི་སྣང་བ་ནུབ།།
སྙིང་ལ་བསྙིལ་བའི་མཚོན་གྱི་སྨྲ་ཁ་ལས།།
གདོད་མིའི་མི་དང་གངས་ཀྱི་སྡུག་སྐྲ་འཕྱུར།།


 བླ་མ་དང་དད་པ།

____མྱུལ་ཞིབ་པ།

སྙིང་གི་བླ་མ་རྒྱང་གི་གནམ་མཐར་བཏང་།།
ཐུགས་ཀྱི་སྤྱན་ཟུང་ཁ་བ་གངས་ལ་གཏད།།
ལས་ཀྱིས་བཏུས་པའི་ལམ་ཕྲན་རྒྱང་དུ་འཐེན།།
བརྩེ་བའི་ཡིད་མཚོ་གངས་རིའི་པང་དུ་འཁྱིལ།།

སྒང་བ་ཅན་གྱི་འདས་མ་ད་གསུམ་སླད།།
གོམ་བགྲོད་ཞི་འབོད་ལས་འགུལ་རྡོག་པས་མནན།།
སྐྱིད་དང་སྡུག་གི་ཧེ་བག་མི་རྟོགས་པའི།།
ཕུ་ནུས་ལོ་རྒན་དྲུག་ཅུའི་དགའ་དགྱེས་རོལ།།

ཟས་བཀག་ཞུ་འགུག་བདེ་འགོད་རིགས་རུས་སླད།།
བཀྲེས་ལྟོག་སྡུག་གི་ཉིན་ཞག་གདོང་གིས་བསུས།།
ནམ་དུ་འགྱོད་མདོག་གོམས་པའི་ཞི་དུལ་ཚོས།།
དེ་དུས་མིག་མཐའི་འཆི་མ་གང་ལ་བཞུར།།

བཀྲེས་ཀྱིས་གདུང་བའི་སྐྱབས་རྗེ་ཐང་དུ་འགྱེལ།།
རང་སྡེ་དཀར་པོས་དགའ་མགུའི་དཔལ་དུ་རོལ།།
སྐོམ་པས་མནར་བའི་རྗེ་བོ་གྲོང་མཐར་ཉལ།།
རང་སྡེ་ཕུ་ནུ་རང་རང་ཡུལ་དུ་སྐྱིད།།

ནམ་ཚེ་བཀའ་བཞིན་ཟེར་བའི་བགྲེས་པོ་ཚོས།།
གནད་ཚེ་ཐུགས་དགོངས་ཇི་བཞིན་མི་མཛད་ལ།།
དུས་གང་མཛད་པ་གསུང་བའི་གྲལ་མགོ་བས།།
དུས་ལྟར་མགུར་ལ་མགུར་ལན་མ་གསུངས་སོ།།

ཞི་དུལ་བག་ཡོད་སྤྱོད་པའི་རྣལ་འབྱོར་དག།
རྟག་པར་རྗེས་འབངས་པ་ལ་སློབ་པར་འབད།།
བླ་མའི་གཉིས་སུ་ཕན་པའི་ཐུགས་བཀའ་ལ།།
ནོར་དུ་མི་དཔྱོད་བློ་མིག་ལོང་ནས་ཡོད།།

དད་གདུང་དྲག་ན་ཁོ་པའི་ཐུགས་བཞེད་སྐྱོངས།།
གཙུག་ཏུ་མཆོད་ན་དགོངས་པའི་ལམ་བཟང་དེད།།
རྗེ་བོར་བཀུར་ན་ཞལ་གྱི་བཀའ་ཆེམས་སྒྲུབས།།
དོན་མིན་ཁ་སྟོབས་ཙམ་ཞིག་དང་བ་མིན།།


སྣ་ཚོགས་གཏམ་གྱི་གར་སྟབས།

___མཐར་ཕྱིན།

ལྔ་ལྡན་ལུས་ཀྱི་ཤིང་རྟའི་འདྲུད་ཐག་སྟེ།།
ཡིད་ཀྱི་དྲན་དབང་ལྕགས་ཀྱུས་འཐེན་པ་ན།།
མི་སྡོད་མྱུར་དུ་རྒྱུག་ཅིང་འགྲོ་བའི་ལས།།
རང་ཚུགས་ཀ་བཞི་ཆག་པའི་རྐྱེན་ལས་བྱུང་།།

རྒྱང་དུ་བསྲིངས་པའི་བསམ་གཞིགས་སྤྲེའུ་ཆུང་།།
བསམ་གཏན་བདེ་བའི་གདན་ལས་བྲེལ་གྱིས་ལངས།།
བརྡ་རྟགས་མཛའ་མོར་བསྒོམ་པའི་ཏིང་འཛིན་ཅན།།
ཉེར་གཅིག་དུས་ཀྱི་བྲག་རིའི་འགབ་ཏུ་བཞུགས།།

དུས་ཀྱི་རྟ་ཕོ་ཚན་རྩལ་བང་གིས་བརྒྱུགས།།
ཤེས་བྱའི་སྤང་དུ་སྲབ་སྐྱོག་ལྷོད་ཅིང་འཐེན།།
སྣ་ཚོགས་གློག་གིས་སྒྱུ་འཕྲུལ་གར་དུ་བཞེངས།།
དབེན་པར་བཞུགས་ཀྱང་གར་གྱི་ཆུ་བོར་ལྕེབས།།

ལྷིང་འཇགས་བསམ་པའི་ཀླུང་ཆེན་འུར་གྱིས་ཁྱེར།།
ལས་ཀྱི་སྡོང་ཕྲན་མྱ་ངན་ཐང་དུ་བཙུགས།།
དགེ་སྡུག་རྣམ་སྨིན་ནགས་ཀྱི་མེ་ཏོག་སྟོང་།།
སྐྱེ་བའི་རི་ཕྲེང་བསྒྲིགས་པའི་ངོས་སུ་བཏབ།།

གང་དུ་སྐྱེས་པའི་ཡ་མཐའ་མ་མཐོང་ཞིང་།།
གང་ལ་སྐྱེ་བའི་མ་མཐའ་མ་དཔག་པར།།
རང་ལ་མི་དབང་ལས་ཀྱི་མཛུབ་སྟོན་ལ།།
རེ་རེར་འཐད་ཀྱང་རེ་རེར་དགག་པར་འདོད།།

ཇི་ལྟར་སྐྱེས་པའི་ཚུལ་ལ་བསམ་བྱས་ན།།
ལས་དང་ཉོན་མོངས་གཉིས་ལ་དབང་རེ་བཙན།།
ཅིའི་ཕྱིར་སྐྱེས་པའི་དོན་ལ་དཔྱད་པ་ན།།
ཐར་འདོད་སྙིང་སྟོབས་ཤིག་ཀྱང་དགོས་སུ་མཐོང་།།

ཤིང་ལོ་ཆུ་ལ་སྦངས་པའི་བཅུད་ཆུ་འཐུང་།།
སྣང་བ་རྒྱལ་ཁམས་ཕྱོགས་སུ་ཡན་ཚུལ་བྲིས།།
རོ་ལྡན་ཟས་ཀྱི་མངར་ཁས་ལྕེ་འདབས་ནེམ།།
རིགས་ཀྱི་རྐང་ལ་སྣུམ་ཞག་འཕྱུར་ཚུལ་བྲིས།།

རྣམ་རྟོག་འཆར་ཡན་འཛམ་བུ་གླིང་ལ་བཀྲམ།།
རིག་གནས་ལྗོན་པ་ཕྱོགས་སུ་འཁྲུངས་ཚུལ་བྲིས།།
རྟེན་འབྱུང་རིགས་པ་གང་གི་ལྗིད་གོག་གླེང་།།
ཐར་བའི་ནམ་མཁའ་ཡངས་པོར་སྨོན་ཚིག་བྲིས།།

སྤོབས་པའི་དཔའ་གླུ་སེམས་ཀྱི་ཕུག་ཏུ་བླངས།།
རེ་བའི་འབབ་ཚིགས་རིག་པའི་མཚོ་མཐར་ཆགས།།
འདུན་མའི་གྲུ་ཆུང་གཏོང་བའི་ལམ་འཇུག་དེས།།
སྨྲེང་སེམས་འཁུར་བའི་ཡིད་ལ་ངལ་གསོ་ཐོབ།།

སྐྱེ་ལྡན་འཁོར་བའི་མི་ཡི་སྐྱོ་གར་ལས།།
སྣ་ཚོགས་གཟུགས་ཅན་སྒྱུ་མའི་སྤྲུལ་བར་ཤེས།།
ཆགས་སྡང་རི་བོར་བཞེངས་པའི་བང་རིམ་ལས།།
འགྲོ་ཤེས་ལམ་གྱི་སྒྲོན་མེ་སྨག་ལ་བཏེགས།།

སྤྲུལ་བསྒྱུར་དབང་གི་གར་མ་ངུ་བའི་གཟུགས།།
འཛིན་མེད་བརྩེ་བའི་འཇའ་གུར་ཕུབ་པའི་མདངས།།
སྟོང་བསམ་རྔུལ་ཆུའི་ངལ་བ་མང་བའི་ཚོགས།།
ཡུན་རིང་བསགས་པས་ཉམས་མྱོང་རྒན་པོ་ཐོབ།།

ཚོར་བའི་ཆུ་ཐིགས་སེམས་ཀྱི་ཕོར་ལ་བླུགས།།
སྙན་ཚིག་རྒུན་འབྲུམ་ཆང་གི་བཅུད་དུ་བསྙལ།།
མྱོང་བའི་འོ་མ་ལས་བྱུང་གཏམ་གྱི་མཚོ།།
གྲངས་མེད་མི་ཡི་ཟློས་གར་བྲིས་པའི་སྒྲུང་།།


བདག་གི་ལྷ་ཚོགས།

སྤྲིན་པ།

སྟོན་སྡོང་ལོ་མ་དུས་ཀྱི་རླུང་བུས་ཁུར།།
མཚོ་ཡི་ཁྲུང་ཁྲུང་ལྷོ་བཞུད་འཕྲིན་པ་ཐོན།།
ཁ་བའི་འདབ་མས་དགུན་གྱི་དབྱངས་རྟ་གྱེར།།
རི་སྤྱང་སྔོན་མོའི་ཁྱུ་ཚོགས་ལ་ལུང་ཉུལ།།

ཟག་པའི་ལུས་པོ་ཆུང་ཆུང་ཧ་ཅང་ཆུང་།།
འདོད་པའི་སྙན་ལྡན་གླུ་དབྱངས་རིང་མོ་ཞིག།
གོས་གྱིས་སྤྲས་པའི་ལུས་པོ་མ་ཁོག་པར།།
སྲིད་པའི་མཁའ་ཀློང་ཀུན་ཏུ་ཁྱབ་པར་བྱས།།

བརྩེ་བ་བྲལ་བས་གསོན་ཐབས་མེད་པ་ཡིན།།
ལན་གཅིག་མཇལ་བའི་འཁྲུལ་སྣང་འཇའ་རུ་གྱུར།།
རྟོག་པའི་ཁམས་སུ་བཅུག་པའི་བདག་ཉིད་ལ།།
བདེ་ཆེན་ཞི་དབྱངས་འཚོལ་ལས་ཐབས་གཞན་ཅི།།

གོམས་པ་ལྷུར་བླངས་བརྩེ་བའི་མེ་ཕུང་ལ།།
ཐག་རིང་འདི་ཡི་རླུང་དང་སྙན་ངག་འབྲི།།
གྱེས་བྲལ་སྙིང་ལ་གཟེར་བའི་ན་ཟུག་ཅིག།
མིག་ཆུར་མ་འཐིམ་སྙན་ངག་ཉིད་དུ་སིམ།།

མདུན་དུ་སྐྱོད་པའི་རྡོག་སྒྲ་ཁེར་རྐྱང་གྱུར།།
གྱང་ངོས་གསལ་བའི་གྲིབ་མ་གཅིག་ཏུ་བརྡོལ།།
ཚོར་བའི་རྣམ་ཤེས་འཐག་ཏེ་དུངས་བ་བཙལ།།
ཞེ་སེམས་རྨུགས་པའི་སྤྲིན་ཚོགས་ལང་ལོང་གཡོ།།

བདག་གི་ལྷ་ཚོགས་གནམ་མཐའི་ཡུལ་དུ་ཡོད།།
སྤྱན་དྲངས་ཡེ་ཤེས་གཅིག་ཏུ་འདྲེས་པའི་ཚེ།།
འུར་གྱིས་མྱོས་པའི་ལྷ་ཡུལ་ལྷག་མ་ཞིག།
སྣང་བའི་ཚོགས་དེས་དད་ལྡན་མིག་ཟུང་འཕྲོག།

༢༠༡༥/༣/༢༠/


མྱོང་བ་ཞིག

རྐང་ཐང་།

ངག་རྒྱུན་ལས་སྐྱེས་ཆེན་དག་གིས་གསེར་གྱི་ཕོ་བྲང་ཞིག་བཞེངས་མྱོང་ཡོད་ཟེར།
བཤད་སྲོལ་ཞིག་ལ་ང་ཚོའི་མེས་པོ་དག་གིས་བཞག་པའི་གངས་རི་དང་རྩྭ་ཐང་ཁྲག་རྣག་གིས་གྲུབ་པའི་རིག་གཞུང་ཡང་དག་ཅིག་ཡོད་ཟེར།
དེ་དུས་ང་ཚོ་ཐུ་བྷོད་ཅེས་པའི་གསར་བུ་དག་ང་རྒྱལ་གྱི་མགོ་བོ་གནམ་ལ་བཀྱགས་མྱོང་ཡོད་ཟེར།
དེ་ནས་རྟུལ་ཕོད་དང་སྤོབས་པས་གང་བའི་མེས་པོ་དག་བགྲོངས་རྗེས།
ང་ཚོ་ལ་ལག་པ་དམར་པོ་ཞིག་ཧམ་སེམས་ཀྱིས་བསྲིངས་ཏེ།
ལྷད་མེད་པའི་གངས་རི་དང་རྩྭ་ཐང་གཞི་ནས་འཕྲོག་སོང་ལ།
གསེར་གྱི་ཕོ་བྲང་དང་ནང་གི་ནོར་བའི་སྙིང་བཅུད་དག་ལ་བདག་པོ་བརྒྱབ་ཡོད།
ལག་པ་དམར་པོ་ཞིག་ང་ཚོའི་བྲང་ཁོག་ལ་བསྙབས་ནས་དཔའ་ངར་དང་སྤོབས་པས་གང་བའི་མེས་པོ་དག་དམར་གསོད་བྱས་སོང་།
དེ་བས་ཞེ་སྡང་དང་ཤ་འཁོན་ཡོད་ཀྱང་།
མཚོན་ཁ་ནས་གཤེགས་ཟིན་པའི་མེས་པོ་དག་གི་དཔའ་སྤོབས་དྲན་གྱིན།
ཤོར་ཟིན་པའི་རི་ཆུ་ནགས་གསུམ་གྱི་སྙིང་བཅུད་དང་ཁྲག་དམར་གྱིས་བརྫིས་པའི་ལོ་ཟླ་དྲན་གྱིན།
ང་ཚོའི་ཤ་གསེང་རུས་གསེང་ན་ལྗིག་ཏིག་ཏིག་གི་ཚོར་བ་གསོན་པོ་ཞིག་གནས་ནས་ཡོད། དེ་བས།

2015/5/17/ཉིན།


ལམ་ཁ་འདི་ནོར་མེད།

—འཇིག་རྟེན་མིག

ཐར་བའི་ཐེམ་སྐས་སེམས་ཀྱིས་འཚོལ་ཞིང་།།
སེམས་གཤིས་བཅོས་པ་ཆོས་སུ་སྨྲ་མཁན།།
ཆོས་དེ་འདི་ཕྱིའི་སྐྱབས་གནས་འཛིན་པའི།།
སྐྱེས་བུ་འདི་ཚོའི་ལམ་ཁ་ནོར་མེད།།

ཞི་བདེ་ལྗོན་བཟང་བྱམས་བརྩེས་གསོས་ཤིང་།།
བྱམས་དང་སྙིང་རྗེ་བྱང་ཆུབ་སྤྱོད་ཅེས།།
བྱང་ཆུབ་སྤྱོད་མཆོག་སུ་ལ་ལྡན་པའི།།
དམ་པ་གང་དེ་འགྲོ་བའི་ཏོག་ཡིན།།

མཐའ་བྲལ་དབུ་མའི་ལམ་དུ་ལྟ་ཞིང་།།
དབུ་མས་ཆོས་ཀུན་རྟེན་ཅིང་བྲེལ་བར།།
གཟིགས་ཕྱིར་ཟབ་མོ་ལྟ་བ་འདི་ཡང་།།
འཆང་མཁན་མཆོག་དེ་རྒྱལ་བའི་སྲས་ཉིད།།

ཚན་རྩལ་ཤེས་རིག་ཡང་རྩེར་བཞེད་ཀྱང་།།
ཕྱི་ཡི་དངོས་པོ་འཕེལ་རྒྱས་ཙམ་རེད།།
བདེ་སྡུག་ཡོད་ཚད་སེམས་ཀྱིས་མྱོང་ཕྱིར།།
སེམས་གཤིས་འཚོལ་བའི་ཚོཊ་དེས་འཆུག་མེད།།


 སྐྱིད་པའི་གངས་ལྗོངས།

ཨ་—རིགས་སྨྲ་བ།

ཕན་སེམས་ཆུ་འཛིན་དཀར་པོའི་རླབས་ཕྲེང་འཕྱུར།  །
གཞན་ཕན་ལྷག་བསམ་སྟོང་གི་རྔ་སྒྲ་ལྡིར།  །
བྱམས་སེམས་སྦྲང་ཆར་སིལ་མའི་དངོས་གྲུབ་བབས།  །
ཕུན་ཚོགས་སྤྲོ་དགུའི་ཉམས་ལྡན་གངས་ཀྱི་ལྗོངས།  །

ས་འཛིན་དཀར་པོའི་ལྕགས་རི་ཚར་དུ་དངར།  །
ས་ཆེན་མཛེས་པའི་འཇིགས་མེད་ཕོ་བྲང་བརྗིད།  །
ས་སྟེང་འགྲན་མེད་སྟོབས་ལྡན་དཔའ་བོས་གང་།  །
ས་ལྭའི་སྨན་ལྗོངས་རབ་དཀར་ཁ་བའི་ཞིང་།  །

རབ་བརྟན་མི་འགྱུར་གདོང་ལྔའི་དབང་བོ་འགྱིང་།  །
རབ་གསལ་ཉིན་བྱེད་འོད་སྟོང་མཁའ་རུ་བཀྲ།  །
རབ་མཛེས་བསིལ་ལྡན་ཁ་བའི་གནས་མཆོག་འདི།  །
རབ་ཡངས་གོ་ལའི་ས་ཆེན་མཛེས་པའི་རྒྱན།  །

བཀྲ་ཤིས་ཉིན་བྱེད་འོད་སྟོང་མཁའ་རུ་བཀྲ།  །
བཀྲ་ཤིས་དགེ་ལྡན་འོ་མའི་མཚོ་ཆེན་འཕྱུར།  །
བཀྲ་ཤིས་བདེ་ལེགས་སྙན་འཇེབས་རྣ་བའི་དཔྱིད།  །
བཀྲ་ཤིས་སྤྲོ་འཛུམ་བདེ་སྐྱིད་གངས་ཀྱི་ལྗོངས།  །


འཁོར་བའི་གཤིས་ལུགས།

སྤྱན།

དེ་རིང་སྐྱིད་སྐྱིད་ཀྱི་འཚོ་བ།།
སང་ཉིན་མིག་ཆུ་ལ་འདྲེས་ཡོད།།
དགའ་སྐྱོའི་བཀྲག་མདངས་ཀྱི་ཚོར་བ།།
འཁོར་བའི་གྲི་རྩེ་ན་འཁྱིལ་འདུག།

དགའ་བདེའི་དཔྱིད་དཔལ་གྱི་བུ་མོས།།
སྤྲོ་འཛུམ་མེ་ཏོག་གི་ཐང་ན།།
སྐྱིད་པའི་ཆང་གཞས་ལ་རོལ་བ།།
འཁོར་བའི་བདེ་སྐྱིད་དུ་བགྲང་ཆོག།

འཁོར་བའི་བདེ་སྐྱིད་ཀྱི་འཚོ་བ།།
འཇའ་ཚོན་རི་མོ་དང་འདྲ་ཡང་།།
མི་རྟག་རྟག་འཛིན་གྱི་འཁྲུལ་བློ།།
འཁོར་བའི་གཤིས་ལུགས་སུ་གྲུབ་ཡོད།།

ཀུན་རྫོབ་འཁྲུལ་བློ་ཡི་ངོས་ན།།
བཀྲར་འཛིན་བློ་མིག་དེ་དབེན་པས།།
མི་རྟག་འཁོར་བ་ཡི་ཕུན་ཚོགས།།
ཐར་བའི་ལམ་ཆེན་ལ་རློམ་འདུག།


རྨི་ལམ།

                ཀ་ཁ་ག་ང་།

མཚན་མོའི་རྨི་ལམ་གྱི་ཁྲོད་ན།།
དུག་ནག་ཕྲག་དོག་དེ་མེད་པས།།
བརྗེད་མེད་སེམས་ནང་གི་མི་བུ།།
འཇམ་པོ་རྨི་ལམ་ནས་མཇལ་ཆོག།

མཚན་མོའི་རྨི་ལམ་གྱི་ཁྲོད་ན།།
ནམ་ཡང་སེམས་ནང་ལ་ཉར་བའི།།
བདག་སེམས་དམར་པོ་ཡི་གཅེས་ལོར།།
བཅོས་མིན་འཛུམ་མདངས་ངང་མཇལ་ཆོག།


གྱེས་བྲལ་གྱི་ན་ཟུག

 སྨྱུག་ཤོག

སེམས་ཀྱི་ལྷ་མོ་སྙིང་གཏམ་ཚིག་གིས་བརྒྱན།།
པད་མའི་ལོ་འདབ་བཀྲ་བའི་རང་མདངས་གསལ།།
སྟོན་མཇུག་སྡོང་ལོ་འཐོར་བའི་བཙན་ཤེད་ཀྱིས།།
ཡིད་འཕྲོག་ལྷ་མོར་གྱེས་ཁའི་ཟུར་མིག་ལྕི།།

སྨྲ་བརྗོད་མེད་པའི་སྐད་ཆའི་བར་གསེང་ནས།།
དྲན་པ་མང་པོ་དབྱར་ཁའི་ན་བུན་བཞིན།།
ཁྱོད་ཉིད་དྲན་པའི་མི་ཚེའི་བར་སྟོང་ནས།།
དྲན་པའི་མིག་ཆུ་བཞུར་བ་ལན་གཅིག་མིན།།

སྐྱོ་བའི་སྙན་ཚིག་སེམས་ཀྱི་ནད་དུ་གྱུར།།
མིག་ཆུའི་རྦབ་ཆུ་དྲག་ནས་དྲག་ཏུ་འཕྱུར།།
ཨ་ཐང་ཆད་པའི་མི་ཚེའི་གྲུ་ཟུར་ནས།།
རེ་བའི་ལྷ་མོོར་གྱེས་ཁའི་ན་ཟུག་ལྕི།།


འཇིག་རྟེན་ཁྲ་ཁྲ།

ཞོགས་བརྡ།

ཁྲ་ཁྲ་མ་ཁྲས་གྲུབ་པའི།།
འཇིག་རྟེན་གར་སྟེགས་འདི་ཡང་།།
དོན་གྱིས་སྙིང་བོ་ཡོད་པས།།
ང་ཡང་ཐེངས་འདིར་འགྲིམ་སོང་།།

ཀུན་ལ་བདེན་དོན་མཁོ་བས།།
བསླུ་བྲིད་རྫུན་བཟོ་མི་དགོས།།
སྒྱུ་མའི་འཇོ་སྒེག་སྟོན་ན།།
བདེན་པའི་མཚོན་ཆ་འགུལ་སྲིད།།

དཔྱོད་པའི་བློ་མིག་ཡོད་ན།།
རྫུན་པའི་རང་བཞིན་མི་བརྟན།།
འདུན་པའི་སྙིང་སྟོབས་ལྡན་ན།།
ཐབས་ཀྱི་གྲོགས་སུ་འགྱུར་རོ།།


གོམ་ཁ་གཉོམ་པོ་རང་གིས་མི་ལྷོད་པར།།
ཕ་མའི་རེ་བཞག་ཟབ་མོ་མི་བརླག་པར།།
ཡབ་མེས་གཅེས་ནོར་སེམས་ལ་ཉབཞིན་དུ།།
རེ་སྙེག་སྟོང་གི་ངང་ནས་མདུན་ལམ་འཚོལ།།
                                                                          —གངས་གཟིག


རྒྱུད་མང་སྙན་པའི་སྒྲ་དབྱངས་དཀྲོལ་མཁན་མ།།

མཐོང་བ་ཙམ་གྱིས་ཡིད་རབ་འཕྲོག་བྱེད་པའི།།

མཁའ་ཡི་སྤྲིན་པའི་མཚམས་ནས་མྱུར་བྱོན་མ།།

ཐལ་མོ་སྦྱར་ཏེ་གུས་པས་ཁྱོད་ལ་འདུད།།
ཁྱུང་སྲས་ཉི་མ།


རིགས་རྒྱུད་གཙང་མ་འདི་ང་ཚོ་བོད་ཡིན།།
ཕ་སྐད་གཙང་མ་འདི་ང་ཚོའི་སྲོག་ཡིན།།
ཕ་ཁྱིམ་སྲུང་སྐྱོང་དེ་ང་ཚོའི་འགན་ཡིན།།
འདི་ལ་དོ་སྣང་ཞིག་གནོངས་དང་སྤུན་ཟླ།།

                                                                       ཁེར་རྐྱང་བུ་ལོ།

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s