ཚངས་མགུར་གསར་འགྲེལ། དང་པོ། (རྒྱ་གྲོལ།)

 རྒྱ་གྲོལ།

1、ཤར་ཕྱོགས་རི་བོའི་རྩེ་ནས། །
དཀར་གསལ་ཟླ་བ་ཤར་བྱུང༌། །
མ་སྐྱེས་ཨ་མའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་བྱུང༌། །

          མྱོང་འགྲེལ། ངའི་རེ་སྨོན་ལྟ་བུའི་ཟླ་བ་ཤར་ཐེངས་རེར།  ཁྱོད་རང་དྲན་འོང༌། ངའི་དྲན་གདུང་ལྟ་བུའི་ཟླ་བ་ཤར་ཐེངས་རེར།  ཁྱོད་རང་དྲན་འོང༌། ངའི་ཁེར་རྐྱང་གི་མཚོ་མོའི་དབུས་སུ། ངའི་དྲན་གདུང་གི་རི་བོ་རྩེ་རུ། བདག་གི་འཁྲེང་སེམས་ཀྱི་ན་སྤང་ཚལ་དུ། ཁྱོད་ནི་དུང་བས་འཛུམ་པའི་ཟླ་བ་དེ་ཡིན་ལ།  ཁྱོད་ནི་རེ་སྨོན་གྱིས་ཤར་བའི་ཟླ་བ་དེ་ཡིན།  ངའི་ཁེར་རྐྱང་གི་བསམ་གཞིགས་སུ་བཟུང་བའི་མ་སྐྱེས་ཨ་མ། ཁྱོད་ནི་ངའི་ཁེར་རྐྱང་གི་སེམས་གསོ་ཡིན།ཁྱོད་ནི་ངའི་སེམས་གསོའི་བརྩེ་བ་ཡིན།
སྙན་ངག་གི་ཁྱད་ཆོས། རྩོམ་འདིས་ཡུལ་དང་ཡུལ་ཅན་གཅིག་ཏུ་སྦྲེལ་ཅིང༌། ཡུལ་གྱི་ངོས་དེ་དྲན་གདུང་དང་ཡུགས་གཅིག་ཏུ་སྦྲེལ་ནའང༌།  སྤྱིར་བཤད་ན་དྲན་གདུང་གི་ཚིག་དེ་ལྷོད་ཡངས་དང་འདྲེས་པ་ལས་སྐྱོ་ཤ་དང་འདྲེས་མེད་པས་ད་གཟོད་མ་སྐྱེས་ཨ་མ་དེ་གོ་བ་སྣ་མང་དུ་བུད་འགྲོ། མ་སྐྱེས་ཨ་མ་ནི་མཚོན་བྱེད་ཅིག་ཡིན་ལ་གོ་བ་མག་མོག་གི་ཐ་སྙད་ཅིག་ཀྱང་རེད།  ད་ལྟ་མ་སྐྱེས་ཨ་མ་ཞེས་པ་འདིར་ད་དུང་རྣལ་དུ་འཁྱོངས་པ་ཞིག་འགྲེལ་ཐུབ་མེད་མོད།  འདི་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།


2、ན་ནིང་བཏབ་པའི་ལྗང་གཞོན། །
ད་ལོ་སོག་མའི་ཕོན་ལྕོག །
ཕོ་གཞོན་རྒས་པའི་ལུས་པོ། །
ལྷོ་གཞུ་ལས་ཀྱང་གྱོང་བ། །

       མྱོང་འགྲེལ།  ན་ནིང་བཏབ་པའི་ལྗང་གཞོན་དེ་ངའི་ཕྱིར་དྲན་གྱི་ཞིང་ན་ལྡེམ་གྱིན་འདུག  ལོ་ན་གཞོན་པའི་ལང་ཚོ་དེ་ངའི་སྣང་བ་ལ་ཤར་གྱིན་འདུག  རྒས་འཁོག་ཏུ་གྱུར་པའི་ལུས་པོ་འདི་ལྗང་གཞོན་གང་ཞིག་གི་སོག་མ་ཇི་བཞིན་ངའི་སེམས་སུ་གཙེས་ཤིང༌། གྱོང་བོར་གྱུར་པའི་སོག་མ་དེ་ངའི་ཕངས་སེམས་ཇི་བཞིན་མི་རྟག་པའི་སྣང་བ་ལས་འགྱོད་གདུང་མིག་མདངས་ལ་རྒྱུ་བཞིན་འདུག
སྙན་ངག་གི་ཁྱད་ཆོས། ཚིགས་བཅད་འདིའི་དཔེ་དང་དཔེ་ཅན་འབྲེལ་ཆགས་ཤིང་ལྷུ་འགྲིག་ལ་སོག་མ་དང་ལྗང་གཞོན་གྱི་དོན་སྤྱི་འཆར་སླ་བ་འདིས་དཔེ་ཅན་མཚོན་པར་ནུས་པ་ཐོན་པས་དེའི་ཤུགས་ན་ཡོད་པ་ནི་ཁོང་གི་ཕངས་སེམས་དེ་ཀློག་པ་བོའི་འཁང་སེམས་སུ་འགྱུར་རོ།།


3、རང་སེམས་སོང་བའི་མི་དེ། །
གཏན་གྱི་འདུན་མར་བྱུང་ན། །
རྒྱ་མཚོའི་གཏིང་ནས་ནོར་བུ། །
ལོན་པ་དེ་དང་འདྲ་བྱུང༌། །

       མྱོང་འགྲེལ། ངས་རེ་ཞིང་དུང་བའི་ཁྱོད་ཀྱིས་སེམས་པ་འཁྱེར་ནས་གང་ཞིག་ཏུ་སོང་ངམ།  ད་ལྟའི་ངའི་འཇིག་རྟེན་ཡོད་ཚད་ཁྱོད་ཀྱིས་བཟུང་ཡོད་ན་ཡང༌།  ཁྱོད་ཀྱི་འཇིག་རྟེན་དེ་ངའི་རྨི་ལམ་དུ་ཡལ་བ་ཇི་བཞིན་གང་ཞིག་ན་ཡོད་དམ།  ངའི་བརྩེ་བ་ལས་འཕྱོ་བའི་ཁྱོད་ནི་ངའི་སྙིང་ན་འཚོ་བའི་ཡིད་བཞིན་ནོར་བུ་སྟེ། བདག་གིས་རྒྱ་མཚོའི་སྟེང་ནས་ལོན་པའི་ཡིད་བཞིན་གྱི་ནོར་བུ་ཨང༌།
སྙན་ངག་གི་ཁྱད་ཆོས། ཚིགས་བཅད་འདིས་ཤུགས་དྲག་པའི་རེ་སྨོན་ཞིག་མངོན་ཡོང་སྟེ་འཐོབ་ན་འདོད་ཀྱང་འཐོབ་དཀའ་བའི་ཕྱོགས་ལ་སེམས་པ་ཤོར་འགྲོ་ལ་དེ་ནི་རྒྱ་མཚོའི་གཏིང་གི་ནོར་བུ་ཡིན་ལ་རང་གི་སེམས་ཀྱི་གཏིང་གི་ནོར་བུ་ཡང་ཡིན། ཇི་འདྲར་འཐོབ་དཀའ་ན་དེ་འདྲའི་རེ་སྨོན་ཟབ་པས་རེ་བ་ཟབ་མོ་འདིའི་ཤུགས་ན་སྦས་ཡོད་པ་ནི་རང་གི་ལག་ཏུ་མ་ཡོང་བའི་སྐྱོ་གདུང་ཁོ་ནའོ།།
དཔེ་རྒྱ་མཚོའི་གཏིང་གི་ནོར་བུ་དང་རང་གི་སེམས་སོང་བ་གཉིས་གཅིག་གྲོགས་གཅིག་ཏུ་སོང་ནས་མཚོན་སྟངས་དང་མཚོན་བྱ་འདྲེས་པས་དྲན་གདུང་དེ་ཡང་ཀློག་པ་བོ་རང་རང་ལ་སྦྱར་ཆོག་པས་མཚན་མཚོན་འདི་ཀུན་གྱི་ཡིད་དུ་འདྲེས་པས་འདི་ལས་མྱངས་པ་ནི་སྐྱོ་བ་ཞིག་གོ།

ཤེས་རབ་བསྟན་དར་གྱི་ཚངས་མགུར་ཞིབ་འཇུག་ལས་བཤུས།(མུ་འགོད་་་་་)

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s