བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། (2)

བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས།  < 2 >

                                  ______ ཁྲིམས་མེད་ལུགས་མེད་ཀྱི་བཙན་རྒྱལ་དང་མི་སེར་སྤེལ་བར་ངོ་རྒོལ།

རྩོམ་པ་པོ། ཐང་ཏང་ཧུང་།  ཡིག་སྒྱུར་བ། རིག་འཛིན།   ཞུ་ཆེན་བ། ནགས་ཤོད་སད་མི།


རྩོམ་པ་པོ་ངོ་སྤྲོད།

       མིག་སྔར་དབྱི་སི་རིལ་གནས་སྡོད་བྱས་པའི་གྲགས་ཆེ་བའི་རྒྱ་རིགས་རྩོམ་པ་པོ་དང་སྙན་ངག་མཁན་མོ་ཐང་ཏང་ཧུང་ནི། བོད་རྒྱའི་འཐབ་རྩོད་ཐད་བོད་མིར་དོན་དམ་རྒྱབ་སྐྱོར་གནང་མཁན། ཡང་ན། 1949 སྔོན། བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ཁས་ལེན་བྱེད་ལ།  ཁ་ཞེ་གཉིས་མེད་སྒོ་ནས་མ་འོངས་པར་བོད་མིར་མི་རིགས་རང་ཐག་རང་གཅོད་དབང་ཆ་དགོས་པར་རྒྱབ་སྐྱོར་བྱེད་མཁན་ཡང་ཡིན། མོས་བསམས་ན། བོད་རྒྱའི་གནད་དོན་ནི་རྒྱ་ནག་གིས་བཙན་འཛུལ་བཙན་བཟུང་བྱས་ཏེ་དབང་སྒྱུར་བྱས་པ་དང་། འཐབ་རྩོད་འདི་ནི་བཙན་འཛུལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་ཏུ་འདོད་ཀྱི་ཡོད། དེ་སྔོན་ཁོ་མོས <<བོད་དོན་གྱི་འགག་རྩའི་ཐ་སྙད་དང་ཆེད་དུ་སྤྱད་པའི་ཚིག་བརྗོད>>  <<བོད་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད་དམ>> སོགས་རིན་ཐང་གཞལ་དུ་མེད་པའི་རྩོམ་ཡིག་མང་པོ་བྲིས་ཡོད། ད་ཐེངས་ཀྱི་རྩོམ་རིང་འདིར་ཁྱོན་དུམ་བུ་གསུམ་ཡོད་པ་ལས་མཐའ་མ་དེ་ཞུ་བཅོས་གྲུབ་རྗེས་མུ་འགོད་བྱ་རྒྱུ།


ཁག་གཉིས་པ།  མི་རིགས་མང་བའི་རྒྱལ་ཁབ་ཡ་མ་གཟུགས།

      མི་རིགས་གཞན་ལ་དྲག་པོའི་དབང་སྒྱུར་བྱེད་མཁན་བཙན་ཤེད་རྒྱལ་ཁབ་ཚང་མའི་ལས་ཀ་ལྟར།  ངེས་པར་དུ་མི་སེར་སྤེལ་མཁན་ཚོའི་བློ་འདོད་ལྟར་ལོ་རྒྱུས་བཟོ་བཅོས་དང་བསྐྱར་སྒྲིག་བྱེད་རྒྱུ་དེ་རེད། “ཅའོ་ཀྲུའུ( ཀྲུང་ཡོན་ལ་ཟེར། དེ་ནི་བོད་སོག་ཡུ་གུར་མན་ཇུ་སོགས་མ་ཚུད་པའི་རྒྱ་རིགས་རང་གི་རྒྱལ་ཁབ་དེ་ལ་ཟེར། )རྒྱབ་ན། ཕན་རྒོ( བོད་རྒྱལ་ཁབ )ཟེར་བ་ཡོད།  ཡཱ་ཧྲང(སུང་ལྷོ་མ)རྒྱབ་ན་རྒྱ་ནག་མེད།  མིང་རྒྱལ་ཁབ་འཐོར་རྗེས་ཧྭ་ཤའ(ཀྲུང་ཡོན)མེད།”ཅེས་པའི་རྒྱ་ནག་དེ”གནའ་སྔ་མོ་ནས་མི་རིགས་མང་བའི་གཅིག་གྱུར་རྒྱལ་ཁབ”ཏུ་གྲུབ་པ་རེད།” ཁོང་པ་ཚོས་རྒྱུ་མཚན་ལྡན་པའི་སྒོ་ནས་ཉེ་གནས་རྒྱལ་ཁབ་གྱུར་མིད་གཏོང་ཆེད། རྒྱ་ནག་ཡོན་ཏན་པའི་སྤྱང་གྲུང་དང་བློ་རྩལ་ཡོད་ཚད་ཇི་ལྟར་བྱས་ཏེ་བཙན་འཛུལ་བཙན་འཛུལ་མ་ཡིན་པར་ཤོད་རྒྱུ་དང་། མི་སེར་སྤེལ་བ་མི་སེར་སྤེལ་བ་ཞིག་མ་ཡིན་པར་ཤོད་རྒྱུའི་ལས་ཀ་བཙོག་པ་བྱེད་རྒྱུའི་ཐོག་ལ་བེད་སྤྱོད་བྱས་ཡོད་ལ། བོད་དང་ཁ་ཆེ། སོག་པོ། མན་ཇུ་བཅས་ཀྱི་ལོ་རྒྱུས་འགྲེལ་བརྗོད་བྱེད་རྒྱུའི་དབང་ཆ་དེ་རྒྱ་ནག་གཞུང་ཕྱོགས་ཀྱིས་སྒེར་སྡེམ་མཐར་ཕྱིན་པ་བྱས་ཤིང་། བོད་དང་ཁ་ཆེ། སོག་པོ། མན་ཇུ་བཅས་ཀྱི་བྱ་སྤྱོད་དང་ཀུན་སློང་དེ་ཚོའི་གོ་དོན“སྤྱི་མཐུན”ཞེས་པའི་རྒྱ་ནག་ཕྱོགས་རྐྱང་པས་གཏན་ཚིགས་བཀོད་པ་རེད།
སོག་པོའི་རང་བཙན་དེ“ལུགས་མཐུན་སྨོས་མེད”ཡིན་པ་ཕུད། བོད་དང་། ཤར་ཏུ་ཀི་སི་ཐན། དེ་བཞིན་མན་ཇུའི་རང་བཙན་ལས་འགུལ་བཅས་ཚང་མ་དབྱིན་ཇི་དང་ཨུ་རུ་སུ། ཉི་ཧོང་ལ་སོགས་པའི་བཙན་རྒྱལ་རིང་ལུགས་པས་རྒྱབ་ཕྱོགས་ནས་ངན་སྐུལ་བྱས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། བོད་ཀྱི་གནད་དོན་ཐོག་ད་དུང་ཨ་རིའི་ལྐོག་གཡོ་ངན་ཇུས་ཡོད་པར་ཁ་སྣོན་བྱེད་ཀྱི་ཡོད།   དེ་ནི་ཏག་ཏག“མན་ཡིའི”( རྒྱ་ནག་གི་མཐའ་འཁོར་རྒྱལ་ཁབ་བོད་སོག་ལ་སོགས་པའི་མི་རྣམས་དམའ་འབེབས་ཀྱི་ཚིག་ངན་ཞིག ) ཞེས་པའི་ཚིག་སྦྱོར་དེའི་ཐོག་ལྡན་པའི་དམའ་འཇོག་གི་གོ་དོན་བཞིན། བོད་དང་ཁ་ཆེ་། མན་ཇུ་བ་བཅས་ཚང་མ་གཞི་ཡན་ལག་རིང་ལ་བློ་རིག་དམན་པའི་ཀླ་ཀློའི་མི་ཤ་སྟག་ཡིན་པ་དང་།  ཁོང་ཚོར་ལོ་རྒྱུས་དང་རིག་གནས་མེད་ཁར། སྲིད་དབང་དང་རྒྱལ་ཁབ་ཀྱི་འདུ་ཤེས་ཀྱང་ཡོང་མྱོང་མེད་པར། ཁོང་ཚོ་ནི་ནུབ་ཕྱོགས་བཙན་རྒྱལ་རིགས་ལུགས་པས་ངན་སྐུལ་བྱེད་ཡུལ་གཞན་དབང་ཅན་ཁོ་ན་ཡིན་ཞིང་། ཁོང་ཚོའི་རང་བཙན་ལས་འགུལ་དེ་ཚོ་ཚང་མའང་ཀླ་ཀློ་བ་ཚོ་རང་ཐག་རང་གཅོད་ཀྱི་འདུ་ཤེས་བོར་བའི་འོག་ཐོན་པ་ཤ་སྟག་ཡིན། ——–མི་སེར་སྤེལ་བའི་རིང་ལུགས་ཀྱི་སྐད་ཆའི་མཚོན་རྟགས་གཅིག་ནི། མི་སེར་སྤེལ་ཡུལ་གྱི་མི་ཚོ་བསམ་བློ་གཏོང་མི་ཤེས་མཁན་པའི་རིགས་ཤིག་ཡིན་པར་དམའ་འབེབས་བྱས་ཏེ། མི་སེར་སྤེལ་ཡུལ་གྱི་མི་ཚོའི་ལོ་རྒྱུས་ལྟ་ཚུལ་དང་། ཁོང་ཚོའི་རིག་གཞུང་དང་ཆབ་སྲིད་ཀྱི་ལོ་རྒྱུས་ལ་དམའ་འབེབས། ཡང་ན་དེ་ཚོ་མེད་པ་བཟོ་རྒྱུ་དེ་ཡིན།

སོག་པོའི་རང་བཙན”ལུགས་མཐུན་རང་བཞིན”དུ་བགྲང་པ་ལས། དེ་མིན་བོད་དང་། ཤར་ཏུར་ཁི་སི་ཐན། མན་ཇུའི་རང་བཙན་ལས་འགུལ་བཅས་ལ་དབྱིན་ཇི་དང་རུ་སུ། ཉི་ཧོང་སོགས་བཙན་རྒྱལ་རིང་ལུགས་ཀྱིས་རྒྱབ་ལོགས་ནས་ངན་སྐུལ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་གནད་དོན་ད་དུང་ཨ་རིའི་ལྐོག་ཇུས་ཚུད་པར་བཤད། ཏག་ཏག”མན་ཡེད”ཅེས་པའི་ཚིག་བརྗོད་འདིའི་སྨད་ཚིག་ནང་དོན་ལྟར། བོད་ཧུའུ་མན་སོགས་ཡན་ལག་རྒོད་ཀྱང་། བློ་རིག་དམན་པའི་མི་རྒོད་ལྟ་བུར་བརྩི། ལོ་རྒྱུས་མེད་ལ། རིག་གནས་མེད། སྲིད་དབང་ཡོད་མྱོང་མེད་ལ་རྒྱལ་ཁབ་འདུ་ཤེས་མེད། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་ལག་འོག་རྒྱུག་ཁྱིར་གྱུར་པ་ཙམ་རེད། རང་བཙན་ལས་འགུལ་བ་དེ་དག་ཐམས་ཅད”མན་ཡེད”སྲོག་ཆགས་ཡ་མ་ཟུང་རང་ཚུགས་འདུ་ཤེས་སྟོར་བའི་ཐོན་རྫས་རེད་ཟེར།
——མི་སེར་རིང་ལུགས་པའི་སྐད་ཆའི་ཁྱད་ཆོས་ཤིག་རེད། དེ་ནི་མི་སེར་སྤེལ་ཡུལ་གྱི་མི་རྣམས་བློ་རིག་རྟུལ་བའི་རིགས་ཤིག་ཏུ་དམན་པར་བལྟ། དམའ་འབེབས་སམ་ཡང་ན་མི་སེར་སྤེལ་ཁུལ་མི་དམངས་ཀྱི་ལོ་རྒྱུས་ལྟ་སྟངས། རིག་གནས་རྒྱབ་ལྗོངས། ཆབ་སྲིད་ལྟ་བ་སོགས་ནག་གསུབ་གཏོང་རྒྱུ་དེ་རེད།

དེ་ལས་གཞི་རྒྱ་ཆེ་བའི་ལོ་རྒྱུས་རི་མོའི་ནང་དུ།  ཁྱོད་ཀྱིས་རྒྱ་ནག་གི་གསར་བརྗེའི་རྒྱབ་ངོས་མཐོང་གི་རེད།  དེ་ན “བཙན་རྒྱལ་རིང་ལུགས་ཀྱི་གྲིབ་གཟུགས”ཡོད། ཡོན་ཧྲི་ཁེ་པུ་ཡིང(1912 ནས1928 རྒྱ་ནག་མི་སེར་རྒྱལ་ཁབ་དབུས་སྲིད་གཞུང་མིང )སྲིད་གཞུང་གིས་དབྱིན་ཇི་དང་། ཧྥ་རན་སི། འཇར་མན། ཨུ་རུ་སུ། ཉི་ཧོང་བཅས་རྒྱལ་ཁབ་ལྔའི་དངུལ་ཁང་ཚོགས་པ་ནས་དབྱིན་ཇིའི་དངུལ་ལོར་ཡ་ས༢༥གཡར་ནས་རྒྱལ་ཁབ་ཀྱི་མཛོད་ཁང་སྟོང་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། གན་རྒྱར་མིང་རྟགས་བཀོད་ནས“བཙན་རྒྱལ་རིང་ལུགས་དང་འབྲེལ་བ”བྱུང་བ་རེད། [1]སུན་ཀྲུང་ཧྲན་གྱིས་ཨུ་རུ་སུ་དང་མཉམ་འབྲེལ་བྱས་པ་དང་རྒྱ་ནག་གུང་ཁྲན་ཏང་ལ་བཟོད་བསྲན་བྱས་ཤིང་། ཨུ་རུ་སུའི་ཆབ་སྲིད་སྦྱོང་བརྡར་བྱེད་སྟངས་རྒྱ་ནག་ལ་དྲངས་པ་དང་། ཨུ་རུ་སུའི་དམག་དོན་དང་དེ་བཞིན་དཔལ་འབྱོར་རོགས་རམ་བླངས་ཏེ། གོ་མིན་ཏང་དང་གོ་མིན་སྲིད་གཞུང་ལ་རོགས་སྐྱོར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་གསར་འཛུགས་བྱས་རྗེས་ཀྱང་། ཏང་དེའི་དཔལ་འབྱོར་ཡོང་ཁུངས་མང་ཆེ་བ་ཨུ་རུ་སུ་ལ་བརྟེན་ཡོད། དེའང<<ཀྲུང་གུང་ཀྲུང་དབྱང་གི་ཡིག་ཆ་འདེམས་སྒྲིག>>ཅེས་པའི་དེབ་དེའི་ནང་བཀོད་པར། ཁྲིན་ཏའོ་ཤའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྙན་ཞུའི་ནང་།  “ཏང་གི་དཔལ་འབྱོར་འགྲོ་སོང་ཧ་ལམ་ཚང་མ་གུང་ཁྲན་རྒྱལ་སྤྱི་ནས་ཡོང་གི་ཡོད་ཅིང་། ཏང་མིས་ཕུལ་བའི་ཚོགས་དངུལ་དེ་ཧ་ཅང་ཉུང་ཉུང་ཞིག་ཡིན……” ཧེ་ཧེ།  རྒྱ་ནག་པས་བཙན་རྒྱལ་བ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པ་དེ་ནི་ཡ་མཚན་ཞིག་ཡིན་པ་མ་ཟད། ད་དུང་གསར་བརྗེའང་བཙན་རྒྱལ་རིང་ལུགས་ལ་བརྟེན་དགོས་པའི་ཡ་མཚན་གྱི་གསར་བརྗེ་ཞིག་ཡིན།  [2]

བོད་མི་དང་ཤར་ཏུ་ཀི་སི་ཐན་བ་ཚོའི་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་དེ་རྒྱ་ནག་ཁ་བྲལ་གཏོང་རྒྱུའི་ལས་འགུལ་ཟེར་བར་འགྲེལ་བཤད་རྒྱག་གི་ཡོད་པ་དང་། ཁོང་ཚོས“ཁ་བྲལ་”ཞེས་པའི་ཚིག་འདི་བེད་སྤྱོད་བྱས་ཏེ། དེ་སྔའི་བོད་དང་ཤར་ཏུ་ཀི་སི་ཐན“རྒྱ་ནག”ལས་སོ་སོ་མ་ཡིན་པར“ཐུན་མོང་གི་ཁྱུ་ཚོགས་གཅིག”ཡིན་པ་འདྲ་བོ་དང་། བོད་དང་ཁ་ཆེ་བ་ཚོས་དེ་སྔོན་རྟེན་འབུལ་བྱས་པས་བློན་པོ་ཡིན་རབས་འབོད་པ། རྒྱ་ནག་གོང་མས་ཁོང་ཚོར་འཇའ་ས་སྤྲད། ད་དུང་རྒྱ་ནག་གོང་མས་ཁོང་ཚོར་སྲས་མོ་གནང་། དེ་བཞིན་ཁོང་ཚོའི་དབུ་འཛིན་བཞུགས་ཁྲི་རྒྱ་ནག་གོང་མའི་ཁྲི་ལས་དམའ་ཡོད་པ། ཁོང་ཚོའི་དབུ་འཛིན་ནས་དེ་སྔ་རྒྱ་གོང་མའི་རྒྱལ་ཡུམ་ལ་གུས་ཕྱག་ཕུལ་མྱོང་ཡོད་ཅིང་། གོང་མ་ཁང་ནས་ཁོང་ཚོའི་ས་ཁུལ་དུ་གཞུང་དོན་ཁང་བཙུགས་ནས་དཔོན་རིགས་བཏང་བ། སྲོལ་ཡིག་བཟོས་པ། ལོ་ག་གེ་མོ་དང་ཟླ་ཚེས་ག་གེ་མོར་རྒྱ་ནག་དུ“ཚུར་བླངས་ནས”“ལྷིང་འཇགས”བཏང་བཅས་ཡིན་མོད། ད་ཆ་ཁོང་ཚོས་རྒྱལ་ཁབ་ཁ་བྲལ་གཏོང་རྩིས་བྱེད་པ་དང་། ངོ་ལོག་ཟིང་འཁྲུག་བསླང་ཏེ་རང་བཙན་རྩོད་ཀྱི་ཡོད་པར་ཤོད།

རྟེན་འབུལ་དང་ཆོ་ལོ་སྩོལ་བ་དེ་རིགས་ནི་ཕྱོགས་གཉིས་ཀྱི་གན་རྒྱ་ཞིག་ཡིན་མོད། རྟེན་འབུལ་དང་ཆོ་ལོ་བླངས་པས་ས་ཆ་དང་སྲིད་དབང“རྒྱ་ནག” ལ་སྤྲད་པ་ལྟ་བུ་ཙམ་དུ་མ་ཟད། ད་དུང་རྟེན་འབུལ་དང་ཆོ་ལོ་ལེན་མཁན་ཚོའི་ས་ཆ་དེའང“རྒྱ་ནག”གི་ཆ་ཤས་ཤིག་ཏུ་གྱུར་པར་གཏན་འཁེལ་བྱས་པ་འདྲ་བོ། “གདན་ཁྲི་དམའ་བ”དང་“གུས་ཕྱག་ཕུལ་བ”ཞེས་པའི་དེ་འདྲའི་ཆེད་དུ་དམའ་འཇོག་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་ཕྱི་འབྲེལ་བྱེད་སྟངས་དེས། རྒྱ་ནག་ཅེས་པ་གནའ་སྔ་མོ་ནས་དབུས་སྲིད་གཞུང་ཡིན་པ་དང་། རྒྱལ་ཁབ་གཞན་དེ་ཚོ་སྔ་ས་ནས་ས་གནས་སྲིད་གཞུང་ཟེར་བ་དེ་ཡིན་པ་འདྲ་བོ། ད་དུང་བོད་ཀྱི་དབུ་འཛིན་དང་སྲིད་གཞུང་ནི་གཞན་གྱི་བཀོལ་སྤྱོད་བྱེད་ཡུལ་དང་ཡང་ན་ནུས་པ་མེད་པའི་མིང་སྟོང་པ་ཙམ་ཞིག་དང་། ང་ཚོའི་གོང་མས་གཞུང་དོན་ཁང་བཙུགས་པ་དང་དཔོན་རིགས་རེ་ཟུང་བཏང་ཞིང་། སྲོལ་ཡིག་གཅིག་གཉིས་ཙམ་ཁྱབ་བསྒྲགས་བྱས་པས། ཕ་རོལ་གྱི་སྲིད་འཛིན་དང་། དཔལ་འབྱོར། ཚོང་དོན། ཕྱི་འབྲེལ་བཅས་ཚང་མ་དོན་དངོས་ཀྱི་བཏང་འཛིན་བྱས་ཡོད་པ་ལྟ་བུ། “ཚུར་བླངས་པ་དང་ལྷིང་འཇགས་བཏང་བ”ཞེས་པའི་ཤོད་སྟངས་དེ་ནི་དམག་འཁྲུག་ལ་བརྟེན་ཏེ་རྣམ་པར་རྒྱལ་བ་ལྟ་བུའི་གཟི་བརྗིད་ཁོག་སྟོང་དེའང་། བཙན་བཟུང་དང་དམར་གསོད་གཏོང་ཡུལ་མི་དམངས་ཚོས་གུས་བརྩི་ཞུ་གི་ཡོད་པ་ལྟར་བཞེངས་བཀོད་བྱས།

“རྟེན་འབུལ་དང་མཚན་གནས་བསྩལ་བ།  སྲོལ་ཡིག བཞུགས་ཁྲི་མཐོ་དམན། གུས་ཕྱག་ཕུལ་བ”ཞེས་པའི་རིམ་པ་བསྟར་སྒྲིག་གི་རྒྱབ་ལྗོངས་རི་མོ་དེ་ཚོའི་ཁྲོད་མངོན་པ་ནི། “གནའ་སྔ་མོ་ནས་བཟུང” ང་ཚོའི་ཁོངས་སུ་གཏོགས་པའི་ཞིང་ཆེན་དང་རང་སྐྱོང་ས་ཁུལ་དེ་ཚོའི་སྐད་ཡིག་དང་རིག་གཞུང་། ཆོས་དད། གོམས་གཤིས། ཐ་ན་མི་རྒྱུད་བཅས་ཚང་མ་ང་ཚོ་དང་ཐ་དད་ཡིན་རུང་། ཁོང་ཚོའི་ས་ཆ་ང་ཚོའི་ཡིན་ལ་ཐོན་ཁུངས་ང་ཚོའི་ཡིན་ཞིང་། ས་ཆ་དེ་ཚོའི་ཐོག་གི་མི་ཚོས་ང་ཚོས་སྣེ་ཁྲིད་དང་ཡར་རྒྱས་གཏོང་རྒྱུར་སྒུག་ཡོད་པར་སྙམ།

དོན་དུ། རྟེན་འབུལ་འབྲེལ་བ་དེ་ནི་གནའ་རབས་ཤར་ཨེ་ཤི་ཡའི་རྒྱལ་སྤྱིའི་འབྲེལ་ལམ་མ་ལག་ཅིག་ཡིན་པ་ལས། རྒྱ་ནག་གི་ལོ་རྒྱུས་ནང་གཏན་དུ་ཡོད་པ་ཞིག་མིན་ནའང་། སྐབས་ཤིག་རིང་འཐོར་ཞིག་ཏུ་ཕྱིན་པའམ་ཟང་ཟིང་གི་གནས་སུ་གྱར་རྐྱེན། མཆོད་ཡོན་དང་གཙོ་ཕལ། འདྲ་མཉམ་སོགས་ངོ་བོ་དེ་སྣ་མང་ཅན་དུ་གྱུར་པ་རེད། དཔེར་ན་དེ་སྔ་སྲིད་དབང་མང་པོ་ཞིག་གིས་རང་ཉིད་གནམ་འོག་གི་བདག་པོ་ཡིན་པར་བཤད་དེ། ཉེ་གནས་རྒྱལ་ཁབ་ཚོས་རང་ལ་རྟེན་འབུལ་འབུལ་དགོས་པའི་རེ་བ་འདོན་གྱི་ཡོད་ལ། རྒྱལ་ཁབ་ཆུང་ཆུང་ཚོས་དུས་གཅིག་ཏུ་རྒྱལ་ཁབ་ཆེན་པོ་མང་པོ་ཞིག་ལ་ཡང་ཡང་ལག་རྟགས་འབུལ་གྱི་ཡོད།  རྒྱལ་ཁབ་ཁ་ཤས་ཀྱིས་ཕྱོགས་གཅིག་ནས་རྟེན་འབུལ་ལེན་པ་དང་། ཡང་དེ་ལས་ཆེ་བའི་སྲིད་དབང་གཞན་ཞིག་ལ་རྟེན་འབུལ་ཕར་འབུལ་དགོས་ཀྱི་ཡོད། དམིགས་བསལ་དྲན་སྐུལ་ཞུ་རྒྱུར། ཤིའི་ཧན་དང་། སུད། ཐང་། སུང་། མིང་ལ་སོགས་པའི་རྒྱ་ནག་གི་རྒྱལ་རབས་དེ་ཚོ་ཚང་མས། སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་གཞན་པ་དང་ཡང་ན་མི་རིགས་གཞན་ལ་དེ་སྔོན་རྟེན་འབུལ་འབུལ་མྱོང་ཡོད་ཅིང་། ཤུང་ནུའུ་དང་། ཐུའུ་ཅོལ། བོད་དང་ཁ་ཆེ་ལ་སོགས་པའི་དགྲ་ཁ་གཏད་ཀྱི་རྒྱལ་ཁབ་དེ་ཚོ་ཚང་མས་རྒྱ་ནག་གི་རྟེན་འབུལ་ལེན་མྱོང་ཡོད། ཐང་རྒྱལ་རབས་ཀྱིས་བོད་ལ་རྟེན་འབུལ་ཕུལ་མྱོང་ཡོད་པ་དང་། མིང་རྒྱལ་རབས་ཀྱིས་སོག་པོ་ཨན་རྡར་ཧན་ལ་རྟེན་འབུལ་འབུལ་མྱོང་ཡོད། [3]རྟེན་འབུལ་མང་པོ་ཞིག་ནི་དོན་དངོས་སུ་དམག་དོན་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཀྱི་ཞི་མོལ་དང་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་ཞིག་ཡིན་པ་ལས། རྟེན་འབུལ་ལེན་མཁན་རྒྱལ་ཁབ་དེར་རྟེན་འབུལ་ཕུལ་མཁན་རྒྱལ་ཁབ་ཀྱི་བདག་དབང་ལྡན་པའི་གོ་དོན་མིན།  དེ་བས་ཕྱི་རྒྱལ་དང་རྒྱ་ནག་གི་ཡོན་ཏན་པའི་སྡེ་ཁོངས་ཡིན་ནའང་འདྲ། ཚང་མས་རྟེན་འབུལ་གྱི་འབྲེལ་བ་དེའི་ཁྱད་ཆོས་ཆེན་པོ་ཞིག་ནི་ཚོང་དོན་འབྲེལ་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད། [4]རྟེན་འབུལ་ལམ་སྲོལ་ཆེས་དར་ཆེ་བའི་མིང་རྒྱལ་རབས་སྐབས་སུ“རྟེན་འབུལ་ཡོང་སྒོ་ཉུང་ཞིང་ཕྱག་རྟགས་འགྲོ་སོང་མང་། ” ངོ་དགའ་སྤྲེལ་ལད་ལྟ་བུས་ཕྱི་རྒྱལ་བ་ཚོར་སྦྱིན་པ་ཆེན་པོ་བཏང་ནས་རང་ཉིད་ཆེ་མདོག་འཇོན་མདོག་ངང་རང་རློམ་ཁོ་ན་བྱེད། དབྱེ་འབྱེད་མེད་པའི་སྒོ་ནས“རྟེན་འབུལ་ལེན་པ”ཞེས་པ་དེའི་མཚོན་དོན་གསལ་བཤད་བྱེད་པའམ་ཁོངས་གཏོགས་ཀྱི་འབྲེལ་བ“ར་སྤྲོད”རྐྱང་བྱེད་པ་དེ་ནི། སེམས་ངན་རྒྱུན་བཅངས་ཀྱི་གོ་བ་ལོག་སྒྲུབ་བྱེད་བཅུག་པ་ཁོ་ན་ཡིན།

དེ་མིན་མཚན་གནས་གནང་བ་ཞེས་པ་དེའི་ཐོག་ལའང་དབྱེ་བ་མང་པོ་འབྱེད་རྒྱུ་ཡོད་པས། ཐམས་ཅད་ས་ཆའི་བདག་དབང་དང་འབྲེལ་བ་བཟོ་མི་རུང་བ་ཞིག་ཡིན། རྒྱལ་ཁབ་ཆུང་ངུ་རེ་ཟུང་རྒྱ་ནག་དབུས་རྒྱུད་རྒྱལ་རབས་ཀྱི་དམག་ཤུགས་ཀྱི་གྲིབ་གཟུགས་འོག་གནས་པའི་རྐྱེན་གྱིས། གནམ་བསྐོས་གོང་མའི་རྒྱལ་རབས་ནས་རྒྱལ་ཁབ་ཆུང་ངུ་དེ་ཚོའི་དབུ་འཛིན་ལ་མཚན་གནས་གནང་བ་དེ། ཁོང་ཚོར་སོ་སོའི་ལུང་པར་དབང་སྒྱུར་བྱེད་པའི་དབང་ཆ་སྤྲད་པ་ཞིག་ཡིན། ཡང་རྒྱལ་ཁབ་ཆུང་ངུ་འགའ་རེའི་དབུ་འཛིན་གྱི་ལུགས་མཐུན་རང་བཞིན་དེ། སྟོབས་ཆེའི་རྒྱལ་རབས་ཀྱི་མཚན་གནས་དང་ངོས་ལེན་གནང་བ་ལ་ངེས་པར་བརྟེན་དགོས་པ་ཞིག་ཡིན་པ་དང་། སྟོབས་ཆེའི་རྒྱལ་རབས་དེ་ཚོས་མཚན་གནས་གནང་བ་བརྒྱུད་རྒྱལ་ཁབ་ཆུང་ངུ་དེ་ཚོའི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད། ཡང་དབུ་འཛིན་འགའ་རེའི་ལུགས་མཐུན་རང་བཞིན་དེ་སོ་སོའི་རྒྱལ་ཁབ་ཀྱི་མི་ཚོས་ངོས་ལེན་གནང་བ་ནས་ཡོང་གི་ཡོད་པ་ལས། མཚན་གནས་གནང་བ་ནས་བྱུང་བ་ཞིག་མིན་ལ། གལ་ཏེ་མཚན་གནས་གནང་བ་ཡིན་རུང་། ཕན་ཚུན་ཕྱོགས་གཉིས་དབར་གནང་རེས་བྱས་པ་ཞིག་ཡིན།  དེ་ནི་ཕར་ཚུར་ངོ་བསྟོད་བྱེད་རེས་བྱེད་པའི་མཛའ་བརྩེའི་ཕྱི་འབྲེལ་ཞིག་ཡིན། [5]སྐབས་དེའི་རྒྱ་སྐད་ཀྱི“མཚན་གནས་གནང་བ”ཞེས་པ་དེ་ནི་གནམ་བསྐོས་གོང་མའི་རྒྱལ་རབས་ཀྱི་འཆར་སྣང་ཞིག་རང་ལས། དོན་དངོས་སུ་ཁྱོད་ཀྱིས་མི་གཞན་ལ“མཚན་གནས”གནང་མིན་ལ་མི་ལྟོས་པར། མི་གཞན་ཚང་མ་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་པོ་ཡིན་པ་ཤོད་མི་དགོས་ལ། མིང་རྒྱལ་རབས་དང་བོད་ཀྱི་བླ་ཆེན་དབར་ཕན་ཚུན་མཚན་གནས་གསོལ་རེས་གནང་བ་དེའང་གནས་ཚུལ་དེ་འདྲའི་ཁོངས་སུ་གཏོགས་པ་ཞིག་ཡིན། དེར་བརྟེན་ང་ཚོས“མཚན་གནས་གནང་བ”ཞེས་པའི་ཚིག་བརྗོད་དེ་མཐོང་སྐབས། གལ་ཏེ་སྐབས་དེའི་ལོ་རྒྱུས་གནས་སྟངས་ལ་མ་བལྟས་པར། མཚན་གནས་གནང་བ་ཞེས་པ་དེའི་ངོ་བོ་གཅིག་པུར་བལྟས་ཚེ། “རྒྱ་ནག་དབུས་གཞུང” གིས “ས་གནས་དཔོན་རིགས” མཚན་གནས་གནང་བ་ཞེས་པའི་རྒྱ་ནག་གི་སྐད་ཆའི་ནང་འཁྲིད་འགྲོ་རྒྱུ་རེད།

རྒྱ་ནག་གི་དྲིལ་བསྒྲགས་སྐད་ཆའི་ཁྲོད། རྟེན་འབུལ་ཕུལ་བ་དང་མཚན་གནས་གནང་བའི་ངོ་བོ་སྣ་མང་དེ་ཚོ་སྦས་བསྐུངས་བྱས་པ་དང་། རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་རྟེན་འབུལ་ཕུལ་ཞིང་རྒྱལ་ཁབ་གཞན་གྱི་མཚན་གནས་ལེན་པའི་གནས་ཚུལ་སྦ་གསང་བྱས་པ་མ་ཟད། ད་དུང་དབང་སྒྱུར་བས་རྟེན་འབུལ་ཕུལ་བ་དང་མཚན་གནས་གསོལ་བའི་ཁྲོད་འགྲོ་སོང་ཆེན་པོ་བཏང་ནས་གནམ་འོག་ཁ་ལོ་བསྒྱུར་ཡོད་པའི་འཕྲུལ་སྣང་དེ། དབང་ཆའི་གོ་བབ་ལྡན་པའི་དོན་དངོས་དབང་ཆ་ཞིག་ཏུ་བཟོ་བཅོས་བརྒྱབ་པ་དང་། དེ་བཞིན་དབང་སྒྱུར་བ་དང་རྒྱལ་ཁབ་གཞན་གྱི་དབུ་འཛིན་དབར་ཕན་ཚུན་མཚན་གནས་གསོལ་རེས་གནང་བའི་ཕྱི་འབྲེལ་བྱ་སྤྱོད་དེ་སྲིད་སྐྱོང་བའི་བྱ་སྤྱོད་དུ་བཅོས་པ་རེད།

ཡ་མཚན་པ་ཞིག་ལ། དེ་འདྲའི་བཙན་རྒྱལ་གྱི་ཧམ་ཤེད་ཆེ་བའི་འགྲེལ་བརྗོད་དེ་ཚོ། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་དམིགས་པའི་སྐྱོན་འཛུགས་ཀྱི་སྐད་ཆ་དང་དཔུང་པ་མཉམ་གཤིབ་ངང་ཐོན་ཡོད་པ་མ་ཟད། ད་དུང“དར་འཕེལ”དང“བསྐྱར་དར”ཞེས་པ་དེའི་བརྒྱུད་རིམ་ཁྲོད། རྒྱ་ནག་གིས་ཕྱོགས་གཅིག་ནས་ནུབ་ཕྱོགས་པ་དང་ཐེ་ཝན། ཧོང་ཀོང་བཅས་ནས་རྒྱ་ནག་འདི“མི་སེར་སྤེལ་བའི་རིང་ལུགས་གསར་པ”དང“དར་རྒྱས་ཆེ་བའི་བཙན་རྒྱལ་གསར་པ”ཞིག་ཆགས་གི་རེད་སྙམ་པའི་དྭོགས་པ་དེ་སེལ་འདོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་བཙན་ཤེད་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་སྟངས་དེ་ཚོ་སྦས་བསྐུངས་སྤུ་ཙམ་ཡང་བྱེད་ཀྱི་མེད་ལ། རྟེན་འབུལ་དང་མཚན་གནས་གནང་བ་དེ་ཁོ་ནས་བཙན་རྒྱལ་བསམ་བློའི་འདུ་ཤེས་འཛིན་སྟངས་ཚང་ཡོད་པ་སྟེ། རང་ཉིད་འཛམ་གླིང་ལྟེ་གནས་སུ་བརྩི་བ་དང་། ཐག་རིང་གཞན་ཡུལ་དེ་དག་རང་ཉིད་ཀྱི་བཏང་འཛིན་འོག་གནས་པའི་མངོན་མེད་ས་ཁོངས་ཡིན་པར་སྒོམ་པ། མཐའ་མཚམས་རྫོགས་མཐའ་མེད་པའི“གནམ་འོག” ཟེར་བ་འདྲ་བོ། དེ་བཞིན“ཉི་མ་ནུབ་པ་མེད་པའི་རྒྱལ་ཁབ”ཅེས་པའི་འཆར་སྣང་དེ་ཚོ་ཚང་མ་མི་སེར་སྤེལ་བའི་རིང་ལུགས་ཀྱི་འཛམ་གླིང་གི་ཆགས་སྟངས་ཡིན། ཉོ་ཚོང་རྟེན་འབུལ་དུ་འགྲེལ་བརྗོད་བྱེད་པ་དང་། ཕྱི་འབྲེལ་མཚན་གནས་གནང་བར་གསལ་བཤད་བྱེད་པ་དེ་ནི་གནའ་རབས་སུ་རང་གི་རང་ལ་ཆེ་བསྟོད་བྱས་པ་ཞིག་ཡིན་རུང་། ད་ལྟའི་དུས་སུ་སེམས་པ་བདེ་ཐང་མེད་པའི་གྲས་སུ་གཏོགས་པ་ཞིག་ཡིན། རྟེན་འབུལ་དང་མཚན་གནས་གནང་མྱོང་བའི་མཐའ་འཁོར་རྒྱལ་ཁབ་དེ་ཚོ་རྒྱ་ནག་གི་མངའ་འོག་ཡིན་པར་བསྒྲུབ་པ། མཐའ་འཁོར་རྒྱལ་ཁབ་ཚོའི་བདག་དབང་རྒྱ་ནག་ལ་ཡོད་པའི་ར་སྤྲོད་གསལ་བཤད་བྱེད་པ། ཙུང་ཕན་ཞེས་པའི་རྒྱ་ནག་དང་ཉེ་གནས་རྒྱལ་ཁབ་ཀྱི་འབྲེལ་བའི་ངོ་བོ་འུད་སྒྲོག་བྱེད་པ་སོགས། དེ་འདྲའི་རིག་པའི་གཞུང་ལུགས་དང་ཁུངས་འདེད་རིག་པ་དེ་དག་ནི་རང་ཉིད་བཙན་རྒྱལ་རིང་ལུགས་ཀྱི་ངོ་བོ་ཆ་ཚང་ལྡན་པར་རྭ་སྤྲོད་གསལ་བཤད་བྱས་པ་ཞིག་ཡིན།

ལོ་རྒྱུས་ཡིག་ཆ་དང་རིག་དངོས་སོགས་ཀྱིས་རྭ་སྤྲོད་གསལ་བཤད་བྱས་པར། ཐང་རྒྱལ་རབས་ཀྱི་རྒྱ་ནག་དང་བོད་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་ཡིན་ཞིང་། ད་དུང་དུས་སྐབས་གཅིག་རིང་ཐང་རྒྱལ་རབས་ནས་བོད་ཀྱི་བཙན་པོར་རྟེན་འབུལ་ཕུལ་མྱོང་ཡོད། སུང་རྒྱལ་རབས་ཀྱི་མངའ་ཁོངས་ས་ཆ་དང་བོད་དབར་འབྲེལ་བ་མེད་ལ། སོག་པོའི་ཡོན་རྒྱལ་རབས་དེས་བོད་ཀྱི་ས་སྐྱའི་བླ་ཆེན་ཚོར་གོང་མའི་དབུ་བླའི་མཚན་སྙན་ཕུལ་ཡོད་པ་མ་ཟད། ད་དུང་བོད་ཆོལ་ཁ་གསུམ་དབང་དུ་བསྒྱུར་བའི་ཆབ་སྲིད་དབང་ཆ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ཡོད། མིང་རྒྱལ་རབས་མ་བཙུགས་གོང་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱ་གོང་མའི་སྲིད་གཞུང་གི་ཚབ་བྱས་ཤིང་། སོག་པོའི་དབང་སྒྱུར་ལས་གྲོལ་ཏེ་རང་བཙན་ཐོབ་པ་བྱས་ཡོད། དེ་རྗེས་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་མིང་རྒྱལ་རབས་གཞི་ནས་འཛུགས་ཐུབ་ཡོད་པས། [6]མིང་རྒྱལ་རབས་ཀྱིས་བཟང་སྤྱོད་དང་འཇོན་ཐང་གང་འདྲའི་ཆེན་པོ་ཞིག་ལ་བརྟེན་ཏེ་རང་བཙན་ཡིན་པའི་བོད་འདི“ས་གནས་སྲིད་གཞུང”ཞེས་པ་དེར་འགྱུར་བཅུགས་ཡོད་དམ་ཟེར་ན། དེ་ནི“རྟེན་འབུལ་ཕུལ་བ་དང་མཚན་གནས་གསོལ་བ”ཞེས་པའི་ལྷ་རྫས་དེ་ལ་བརྟེན་ཡོད་པ་རེད། མིང་རྒྱལ་རབས་ཀྱི་དུས་སུ“རྟེན་འབུལ་གྱི་ཡོང་སྒོ་ཉུང་ཞིང་ཕྱག་རྟགས་ཀྱི་འགྲོ་སོང་མང་། ” ཕྱི་རྒྱལ་བ་ཚོར་སྦྱིན་པ་ཆེན་པོ་བཏང་ཞིང་ཁོང་ཚོའི་ངོ་དགའ་སྤྲེལ་ལད་ཐོབ་ཐབས་བྱས་པ་དེས། “རྟེན་འབུལ་ཕུལ་བ”ཞེས་པ་དེ་ཁེ་ཕན་ཆེན་པོ་ལྡན་པའི་ཚོང་ལས་ཤིག་ཆགས་ཤིང་། བོད་ཚུད་པའི་རྒྱལ་ཁབ་ཁག་གི་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་རྒྱ་ནག་ལ་ཁེ་བཟང་ལེན་བར་ཡོང་གི་ཡོད། [7]མིང་རྒྱལ་རབས་ནས་ཀརྨ་པ་ལ་སོགས་པའི་བོད་ཀྱི་བླ་ཆེན་ཚོར་མཚན་གནས་མང་པོ་ཞིག་གནང་ཡོད་པ་དེ་ཚོ་ནི། མཚན་སྙན་ཆེ་བའི་མི་སྣར་ཟ་འོག་གོས་ལ་རི་མོ་དང་། རྨ་བྱའི་སྒྲོ་ལ་ཐིག་ལེའི་དཔེ་ལྟར་ཨུ་ཚུགས་ངང་མཛེས་རྒྱན་ཐོད་པ་བརྒྱབ་པའི་ཁོངས་སུ་གཏོགས་པ་ཞིག་ལས། བོད་ཀྱི་བླ་ཆེན་དེ་ཚོའི་ལུགས་མཐུན་རང་བཞིན་ནི་བོད་མིའི་ཁས་ལེན་འོག་ནས་བྱུང་བ་ཞིག་ཡིན་པ་དང་། དེ་མིན་སུས་མཚན་གནས་གསོལ་མིན་ལ་མི་ལྟོས་པར་ཁོང་ཚོ་ནི་བོད་ཀྱི་ཆོས་སྲིད་དབུ་འཛིན་ལོས་ཡིན། ད་དུང་མིང་རྒྱལ་རབས་མེས་པོ་ཀྲུའུ་ཡོན་ཀྲང་ནས་བོད་ལ་ཕྱི་རྒྱལ་གྱི་གོ་དོན་ལྡན་པའི“ཕན་པང”(ཕྱི་རྒྱལ )[8]ཞེས་འབོད་ཀྱི་ཡོད། ཡིན་ནའང་དེང་དུས་རྒྱ་ནག་གི་ཤེས་ཡོན་པ་ཚོས། རྟེན་འབུལ་ཕུལ་བ་དང་མཚན་གནས་གསོལ་བའི་ལྷ་རྫས་དེ་ལ་བརྟེན་ཏེ། བོད་འདི་མིང་རྒྱལ་རབས་ཀྱི “མངའ་ཁོངས་”ཡིན་པའི“རྭ་སྤྲོད་གསལ་བཤད”བྱེད་པ་དང་། མིང་རྒྱལ་རབས་ལ་བོད་ཀྱི་བདག་དབང་ཡོད་པའི་ཁ་ཚོན་གཅོད་ཀྱི་ཡོད།

རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཚོས་ཡིག་ཆ་འགའ་དྲངས་ནས་བར་སྐབས་ཤིག་རིང་བོད་འདི་ཉིད་ཡོན་རྒྱལ་རབས་ལ་མགོ་བཏགས་པ་དང་མངའ་འོག་གི་འབྲེལ་བ་ངེས་ཅན་ཡོད་པར་ཤོད། དེར་བརྟེན་ཁོང་ཚོས་ཡོན་རྒྱལ་རབས་ནས་འགོ་བཙུགས་ཏེ་རྒྱ་ནག་ལ་བོད་ཀྱི་བདག་དབང་ཡོད་པར་ཐག་གཅོད་བྱེད་ཀྱི་ཡོད། འོན་ཀྱང་ཡོན་རྒྱལ་རབས་རྩ་མེད་ཕྱིན་རྗེས་ལོ་གཅིག་ནས་རྩོམ་སྒྲིག་བྱེད་འགོ་ཚུགས་པའི་ཡོན་རྒྱལ་རབས་ཀྱི་དངོས་གཞིའི་ལོ་རྒྱུས་དེབ་ཐེར <<ཡོན་རྒྱལ་རབས་ཀྱི་ལོ་རྒྱུས>>ཞེས་པའི་ནང་། མིང་དང་ཡོན་རྒྱལ་རབས་མངའ་ཁོངས་ས་ཆ་ཤོད་སྐབས། བོད་འདི་ས་ཁམས་ཐོ་འགོད་ཡིག་ཆའི་ནང་དུ་གསལ་མེད་ལ། “བདག་དབང”ཞེས་པའི་དེ་འདྲའི་གལ་འགངས་ཆེ་བའི་གནས་ཚུལ་དེ་ཡོན་གོང་མའི་ཡིག་ཚང་དང་རྒྱལ་རབས་ལོ་རྒྱུས་གཅིག་ལྕོགས་ཚང་ནས་ཐོག་མ་ནས་རྩོམ་སྒྲིག་ཐོ་འགོད་བྱེད་མྱོང་མེད་པ་རེད།[9]

མན་ཇུས་རྒྱ་མི་ཤེས་ཡོན་པ་ཚོ་ངར་ལངས་བ་བཟོས།  དེ་ནི་ཏྭ་ལའི་བླ་མར་མཚན་གནས་གསོལ་བ་དང་། གསེར་བུམ་དཀྲུག་སྲོལ། དམག་མི་བཅའ་སྡོད། ཁམས་ཁུལ་གྱི་ས་གནས་ཆེན་པོ་ཁ་ཤས་ཟི་ཁྲོན་དང་ཡུན་ནན་གྱིས་བདག་སྐྱོང་འོག་བཅུག་པ། དེ་བཞིན་གོང་མས་གཏན་ལ་ཕབ་པའི་རྩ་ཚིག་དང་བོད་སྡོད་ཨམ་བན་ལ་སོགས་པ་རྒྱ་མི་ཤེས་ཡོན་པ་ཚོས་བདག་དབང་གི་དཔང་རྟགས་བགྲང་རྐྱང་བྱེད་པ་ལས། མན་ཇུ་ཡི་ཐོག་མའི་གོང་མ་དང་ཏྭ་ལའི་བླ་མའི་དབར་བཙུགས་པའི་ཆོས་ལུགས་སྒེར་ངོས་འབྲེལ་བ་དང་། དེ་བཞིན་ཕྱི་འབྲེལ་ངོ་བོ་ལྡན་པའི་དམིགས་བསལ “མཆོད་ཡོན”འབྲེལ་བའི་དོན་དངོས་དྲ་མཉམ་སོགས་རེད། སྤྱི་ལོ 1728ལོའི་ཁམས་ཀྱི“བདག་སྐྱོང”ཞེས་པ་དེ་དང་། ཆིང་དུས་མཇུག་བོད་ལ་བཙན་འཛུལ་བྱས་པ་དེ་ཚོ་མི་སེར་སྤེལ་བའི་ཕྱོགས་སུ་འགྱུར་འགྲོས་སོང་བའི་བརྒྱུད་རིམ་ཞིག་ཡིན་པ་སྨོས་མེད་ཐོག  ད་དུང་དེ་འདྲའི་འབྲེལ་བ་དེ་སྲིད་སྐྱོང་དང་ཚོང་ལས། ཕྱི་འབྲེལ་ལ་སོགས་པའི་དོན་དངོས་ཀྱི་བདག་དབང་བདག་སྐྱོང་བྱེད་པ་དང་ཐག་རིང་ཐུང་ཇི་ཙམ་ཡོད་མེད་སྨོས་མི་དགོས་པར། སོག་པོའི་ཡོན་དང་མན་ཇུ་གཅིག་པུའི་ཐོག་ནས་བཤད་རུང་། སོག་པོའི་ཡོན་དང་མན་ཇུ་གཉིས་ཀ་རྒྱ་ནག་རང་ཉིད་ཀྱི་རྒྱལ་རབས་ཤིག་ཡིན་ནམ། ཡང་ན་རྒྱ་ནག་རྒྱལ་ཁབ་སྟོངས་ནས་རྒྱ་ནག་བཙན་རྒྱལ་སོག་པོ་དང་བཙན་རྒྱལ་མན་ཇུའི་ཆ་ཤས་ཤིག་ཏུ་གྱུར་བ་ཡིན་ནམ།

ངས་བལྟས་ན། འདིར་སོག་པོའི་ཡོན་དང་མན་ཇུ་གཉིས་ཀ་རྒྱ་ནག་གི་རྒྱལ་རབས་ཤིག་ཡིན་མིན་གོ་བསྡུར་བྱེད་རྒྱུ་དུས་ཚོད་འཕྱིས་དྲགས་པ་རེད། ཁྱོད་ཀྱིས་གནད་དོན་འདིའི་ཐད་དྲ་རྒྱར་འཚོལབཤེར་ཞིག་བྱོས་དང་།  མ་གཞི་རྒྱ་ནག་ནང་ཁུལ་དྲ་ལམ་ནའང་བསམ་ཚུལ་མི་འདྲ་བ་མང་པོ་ཞིག་མཐོང་རྒྱུ་ཡོད། དེའང་རིག་པའི་ལམ་ནས་བར་གནས་ལྟ་བ་འཛིན་པའི་གླེང་བརྗོད་མཐོང་རྒྱུ་ཡོད་པ་མ་ཟད། ད་དུང་རྒྱའི་མི་རིགས་རིང་ལུགས་འདུ་ཤེས་ཟབ་པའི་དྲ་འབངས་ནས་ཀྱང་།  སོག་པོའི་ཡོན་དང་མན་ཇུ་གཉིས་རྒྱ་ནག་གི་རྒྱལ་རབས་ཡིན་པར་ཁས་མི་ལེན་པའི་གླེང་བརྗོད་ཀྱང་མཐོང་རྒྱུ་ཡོད། སྲིད་དབང་ཆགས་སྟངས་ཀྱི་དངོས་བྱུང་ལོ་རྒྱུས་དེ་ནི། ལོ་ངོ་བདུན་བརྒྱའི་སྔ་རོལ་གྱི་སུང་རྒྱལ་རབས་དེ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་མ་ཡིན་ལ། སུང་རྒྱལ་རབས་མགོ་མཇུག་བསློག་མཁན་ཡོན་ནི་བཙན་རྒྱལ་སོག་པོ་ཡིན་ཞིང་། སྐབས་ཤིག་རིང་སོག་པའི་མངའ་འོག་ས་ཁུལ་དེ་ནི་སོག་པོ་ཡོངས་རྫོགས་ཚུད་པའི་བོད་དང་། སུང་རྒྱལ་རབས་ཀྱི་རྒྱ་ནག་ས་ཆ་ཡོངས་རྫོགས། དེ་བཞིན་ཀའོ་སླིད་དང་། ཤི་སྦའོ་སླིད་གཡའ། ཨན་ནན་དང་འབར་མའི་ས་ཁུལ་ཁ་ཤས་བཅས་ཡིན་ཞིང་། ཡོན་ནི་སོག་པོའི་ཧན་རྒོའོ་ཞེས་པའི་རྒྱལ་ཁབ་ཆེན་པོ་བཞིའི་ཁྲོད་ཀྱི་རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་དེ་ཡིན། མན་ཇུ་ནི་མིང་རྒྱལ་རབས་ས་མཚམས་ཕྱི་རོལ་དུ་ཡོད་པའི་མན་ཇུའི་མིས་བཙུགས་པའི་བཙན་རྒྱལ་ཞིག་ཡིན་པ་དང་། མིང་རྒྱལ་རབས་རྒྱ་ནག་གི་ས་ཆ་ཡོངས་རྫོགས་བཙན་བཟུང་འོག་ཤོར་བའི་ས་ཆ་ཞིག་ཆགས་ཡོད་ཅིང་། རྒྱ་ནག་གི་མི་ཚང་མ་མན་ཇུའི་དབང་སྒྱུར་འོག་བསྡད་དགོས་བྱུང་ཡོད། རྒྱ་ཡིག་ལ་བརྟེན་ཏེ་དབུད། ཐང་། ལེའོ། ཅིན། ཡོན། ཆིང་ཞེས་པའི་རྒྱལ་རབས་ཀྱི་མིང་བཏགས་པ་དེས། རྒྱལ་རབས་དེ་ཚོ་རྒྱ་ནག་འདུལ་མཁན་ཚོས་བཙུགས་པ་ཞིག་ལས་རྒྱ་ནག་གི་མིས་བཙུགས་པ་ཞིག་མ་ཡིན་སྟབས་དངོས་ཡོད་གནས་ཚུལ་སྦ་གསང་བྱེད་ཀྱི་ཡོད། [10]དོན་དངོས་སུ། ཡོན་རྒྱལ་རབས་ཡིན་ནའང་འདྲ་མན་ཇུ་ཡིན་ནའང་འདྲ་དེ་གཉིས་ཀའི་སྐབས་དེའི་ལོ་རྒྱུས་ནས་ཆིང་གི་དུས་མཇུག་བར། རྒྱ་ནག་གི་མི་ཚོས་ཁོང་ཚོ་ཕྱི་ཕྱོགས་ནས་ཡོང་བའི་སྲིད་དབང་ཞིག་ཏུ་བརྩིས་ཤིང་། གཞན་མི་རིགས་ཀྱི་དབང་སྒྱུར་ལ་བརྩི་སྲུང་ཞུ་འདོད་མེད་པ་བྱས་ཡོད་ལ། དེར་བརྟེན་གཞི་ནས་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ལྕགས་ཕག་ལོའི་གསར་བརྗེ་དེ་ཐོན་ཡོད་པ་དང་། རྒྱ་ནག་གི་མི་ཚོའི་ངོ་ལོག་གི་སྙིང་སྟོབས་སྐུལ་འདེད་གཏོང་མཁན་དེ་ནི། “རྡའ་ལུའུ་མཐར་སྐྲོད་བཏང་ཏེ། ཀྲུང་ཧྭ་སླར་གསོ་བྱེད་དགོས”ཞེས་པ་དེ་ཡིན།

འདི་སྐབས་ཀྱི་ཕྱི་རྒྱལ་ལོ་རྒྱུས་སྨྲ་བ་ཚང་མས། སོག་པོས་རྒྱ་ནག་དང་བོད། དབྱི་རང་དང་ར་ཤི་ཡ་སོགས་ཚུད་པའི་ས་ཁུལ་དུ་བཙན་རྒྱལ་རྒྱལ་ཁབ་ཅིག་བཙུགས་ཡོད་པ་དང་ལེན་བྱེད་ཀྱི་ཡོད་ལ། [11]ཨ་རིའི་ཆིང་གི་ལོ་རྒྱུས་གསར་པ་སྨྲ་བའི་ཤོག་ཁག་ཚོས། ཚད་ལྡན་ཡིག་ཆ་དང་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་ཏན་ཏན་ཏིག་ཏིག་བྱས་པ་བརྒྱུད། མན་ཇུས་བཙན་རྒྱལ་དེ་རྒྱ་ནག་དང་གཅིག་མཚུངས་ཤིག་མ་ཡིན་པར། དེ་ལས་ལྡོག་ཏེ་དེ་ནི་རྒྱ་ནག་གི་ས་ཐོག་ལ་བཙུགས་པའི“འདུལ་བཅོམ་རྒྱལ་རབས”ཞེས་པ་དེ་ཡིན་པའི་རིག་ལམ་དཔྱད་ཐབས་ཐོག་གི་མཇུག་བསྡོམས་བྱས་ཡོད་ཅིང་། དེ་ནི་རུའུ་ལུགས་ཀྱི་རིག་གཞུང་ལྡན་པའི་རྒྱ་ནག་བཙན་བཟུང་བྱས་པ་དང་། “ཁོངས་གཏོགས་རྒྱལ་ཕྲན”ཞེས་པའི་མི་སེར་སྤེལ་ཡུལ་དབང་དུ་སྒྱུར་བའི་བཙན་རྒྱལ་ཞིག་ཡིན་པ་མ་ཟད། ད་དུང་དེས་གང་ལ་གང་འཚམ་གྱི་སྲིད་དོན་ཐབས་ཇུས་བརྒྱུད། མན་ཇུ་བ་ཚོའི“རུས་རྒྱུད་ཚོ་པའི་བདག་དབང”ཞེས་པ་དེ་བཙུགས་ཡོད་པ་ཞིག་ཡིན། དེའང་དེས་བཙན་རྒྱལ་རིང་ལུགས་ཀྱི་སྲིད་ཇུས་བཟུང་སྟེ། ར་ཤི་ཡ་དང་དབྱིན་ཇི་ལ་སོགས་པའི་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཚོ་དང་གླིང་ཆེན་ཨེ་ཤི་ཡའི་ནང་གི་སྐམ་ས་ཆེན་པོའི་དབང་སྒྱུར་ཧམ་རྩོད་བྱས་ཡོད་ལ། དེ་བཞིན་དུས་རབས༡༨པའི་ནང“དྲག་ཤུགས་ལ་བརྟེན་ཏེ་ནུབ་ཕྱོགས་དབང་འོག་ཏུ་བསྡུ་བ”ཞེས་པ་དེ་བརྒྱུད། ས་ཁོངས་རྒྱ་བསྐྱེད་གཏོང་ཚད་རྩེར་སོན་པ་བྱུང་ཡོད་ལ། དེ་སྔ་རྒྱ་ནག་གི་མངའ་ཁོངས་ས་ཆ་མིན་པའི་རྒྱ་ནག་ཉེ་འཁོར་གྱི་རྒྱལ་ཁབ་དང་མི་རིགས་དེ་ཚོ་མན་ཇུའི་ཁོངས་གཏོགས་མི་སེར་སྤེལ་ཡུལ་ཞིག་ཏུ་འགྱུར་བཅུག་ཡོད་ཅིང་། བོད་དང་།“ཤིང་ཅང”ཞེས་པའི་ཤར་ཏུ་ཀི་སི་ཐན་དེ་གཉིས་ཀྱང་རྒྱ་ནག་ནང་བཞིན་མན་ཇུ་བཙན་རྒྱལ་གྱི་གནོད་འཚེ་ཕོག་མཁན་གཅིག་པ་ཆགས་ཡོད། ལྕགས་ཕག་ལོའི་གསར་བརྗེ་བྱུང་ཞིང་། རྒྱ་མི་གསར་བརྗེ་བ་ཚོས་མན་ཇུ་བཙན་རྒྱལ་མགོ་མཇུག་བསློགས་པ་དང་ཀྲུང་ཧྭ་མིང་གོ་གསར་འཛུགས་བྱས་ཡོད། མན་ཇུ་བཙན་རྒྱལ་འཐོར་ཞིག་ཏུ་ཕྱིན་པ་དང་ཆབས་ཅིག བཙན་རྒྱལ་མན་ཇུ་ཁོངས་གཏོགས་མི་སེར་སྤེལ་ཡུལ་གྱི་མི་དམངས་ཚོས་ཀྱང་མི་རིགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། སོ་སོའི་རྒྱལ་ཁབ་སླར་གསོ་བྱེད་རྒྱུའི་འབད་རྩོན་བྱས་ཡོད།[12]

ཉེ་ལམ་རྒྱ་ནག་གི་ཡོན་ཏན་པའི་སྡེ་དང་ཆིང་གི་ལོ་རྒྱུས་གསར་པ་སྨྲ་བའི་ཤོག་ཁག་གི་རིག་གནས་པ་ཚོ་ཕན་ཚུན་རིག་ལམ་ཐོག་བསམ་ཚུལ་བརྗེ་རེས་ཐེངས་ཁ་ཤས་བྱུང་ཡོད། ཆིང་གི་ལོ་རྒྱུས་གསར་པ་སྨྲ་བའི་ཤོག་ཁག་གི་རིག་གནས་པ་ཚོའི་ཞིབ་འཇུག་བྱེད་སྟངས་དང་ཁྱད་ཆོས་དེ་ནི། ཆིང(མན་ཇུ)དུས་རབས་སྐབས་མན་ཇུ་དང་སོག་པོའི་ལོ་རྒྱུས་ཡིག་ཚགས་དང་། ལྷག་པར་དུ་མན་ཇུའི་སྐད་ཡིག་གི་ཡིག་ཚགས་ཁྲོད་གནས་ཚུལ་འབྱུང་གཞི་བཙལ་འཚོལ་བྱེད་པ་དང་ཞིབ་འཇུག་བྱས་པ་མདོར་བསྡུས་ཏེ་ཞུས་ན། སྐབས་དེའི་དོ་བདག་ཡིན་པའི་མན་ཇུ་བའི་ཆབ་སྲིད་ལྟ་བ་དང་མི་རིགས་འདུ་ཤེས་དཔང་རྟགས་སུ་འཛིན་པ་དེ་ཡིན། དེའི་ཐོག་རྒྱ་ནག་གི་ཡོན་ཏན་པ་ཚོའི་ལྟ་སྟངས་དེ་ནི་ཅི་བྱ་གཏོལ་མེད་དང་ཁ་སྐྱེངས་པའི་གནས་སུ་གྱར་བ་ཞིག་ཡིན་ཞིང་། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་མང་ཆེ་བས་སོག་པོ་དང་ཆིང་གི་ལོ་རྒྱུས་གསར་པ་སྨྲ་བའི་ཤོག་ཁག་གི་ལྟ་བར་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཁོང་ཚོས་དེ་ལྟར་བྱེད་དགོས་དོན་ནི། ཆིང་གི་ལོ་རྒྱུས་གསར་པའི་ལྟ་བ་དེ་རྒྱ་ནག་གི་མི་རིགས་དང་ས་མཚམས་ཚོར་སྣང་ཆེ་བའི་གནད་དོན་དང་འབྲེལ་བ་ཆགས་ཀྱི་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་རྒྱལ་ཞེན་བསམ་པ་དེར་ཕོག་ཐུག་འགྲོ་གི་ཡོད་པས་ཡིན། རྒྱ་ནག་གི་ཤེས་ཡོན་པ་ཚོས་ལོ་རྒྱུས་ཀྱི་རྒྱུ་ཆ་གཞི་འཛིན་བྱས་ཏེ“སོག་པོའི་ཡོན་དང་ཆིང་ངམ་མན་ཇུ་གཉིས་རྒྱ་ནག་གི་རྒྱལ་རབས་མིན”ཞེས་པ་དེར་དགག་ལན་རྒྱག་མི་ཐུབ་པར། དེ་བས“ལྐོག་གཡོ་ངན་ཇུས”ཡིན་པར་སྨྲ་བའི་ཐོག་ནས་གདོང་ལེན་བྱེད་པ་དང་། ཆིང་གི་ལོ་རྒྱུས་གསར་པ་སྨྲ་བའི་ཤོག་ཁག་གི་ཤེས་ཡོན་པ་ཚོར“སྲིད་དོན་གྱི་རྒྱབ་ལྗོངས”ཞེས་པ་དེ་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད། རྒྱ་ནག་གི་རིག་གནས་པ་ཚོས་ཕྱི་རྒྱལ་གྱི་རིག་ལམ་དཔྱད་ཐབས་ཁྲོད་ཀུན་སྤྱོད་གང་འདྲ་ཞིག་ཡིན་མིན་དང་། རིག་ལམ་དཔྱད་ཐབས་ཁྲོད་ཀྱི་རང་དབང་གནས་སྟངས་གང་འདྲ་ཞིག་ཡིན་མིན་རྒྱུས་མངའ་མེད་པར་བརྩིས་ཀྱང་། ཡིན་ནའང་རྒྱ་ནག་གི་ཤེས་ཡོན་པ་ཚོས་རང་ཉིད་ལ་སྲིད་དོན་གྱི་རྒྱབ་ལྗོངས་མེད་པར་བཤད་ན་ཆེས་འཚམ་པོ་མེད་པ་ཞིག་ཡིན། དེའང་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་དང་། སློབ་གྲ་ཆེན་མོ་ལ་སོགས་པའི་ཚན་པ་དེ་ཚོ་ཚང་མ་རྒྱལ་ཁབ་ཀྱི་ཡིན་པ་དང་། ཞིབ་འཇུག་གི་རྣམ་གྲངས་ཚང་མ་ངེས་པར་དུ་འབྲེལ་ཡོད་ཚན་པའི་ཞིབ་བཤེར་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་ཐོབ་ཚེ་གཞི་ནས་རྒྱལ་ཁབ་ནས་འགྲོ་སོང་ཞུ་ཆོག་པ་ཞིག་ཡིན། ཡང་ཞིབ་འཇུག་གི་རྣམ་གྲངས་འགའ་རེ་ནི་རྒྱལ་ཁབ་ཀྱིས་ཞིབ་འཇུག་བྱེད་དགོས་པའི་ཐད་ཀའི་བཀའ་རྒྱ་བཏང་བ་ཞིག་ཡིན། ད་ཕན་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། ལྷག་དོན་དུ་བོད་དང་ཤིང་ཅང་དང་འབྲེལ་བ་ཆགས་པའི་ཚོར་སྣང་ཆེ་བའི་གནད་དོན་ཐོག  རྒྱ་ནག་གི་ཡོན་ཏན་པའི་སྡེ་ནས་སྲིད་གཞུང་གི་བཏང་འཛིན་ལ་སྲུང་བརྩི་མ་ཞུ་བ་བྱེད་ཕོད་ཡོད་དམ།

“ཅའོ་ཀྲུའུ( ཀྲུང་ཡོན་ལ་ཟེར། དེ་ནི་བོད་སོག་ཡུ་གུར་མན་ཇུ་སོགས་མ་ཚུད་པའི་རྒྱ་རིགས་རང་གི་རྒྱལ་ཁབ་དེ་ལ་ ཟེར། ) “ཞེས་པ་དང་། ཡཱ་ཧྲང(སུང་ལྷོ་མ)རྒྱབ་ན་རྒྱ་ནག་མེད། མིང་རྒྱལ་ཁབ་འཐོར་རྗེས་ཧྭ་ཤའ(ཀྲུང་ཡོན)མེད། “  “རྒྱ། མན། སོག་པོ། ཁ་ཆེ། བོད་བཅས་ས་ཁུལ་ཁག་ཟུང་དུ་སྦྲེལ་བའི་རྒྱལ་ཁབ་གཅིག”ཅེས་པའི་བར་དང་། དེ་བཞིན“བོད་བཅིང་འགྲོལ་བཏང་བ”ཞེས་པ་དང“ཤིང་ཅང་བཅིང་འགྲོ་བཏང་བ”ཞེས་པ། དེ་ནས་རྒྱ་ནག་སྲིད་གཞུང་གིས།  “རྒྱ་ནག་འདི་གནའ་སྔ་མོ་ནས་བཟུང་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན”ཞེས་དང་། “ཡོན་རྒྱལ་རབས་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་གྲངས་ཉུང་མི་རིགས་ཀྱིས་བཙུགས་པའི་གཅིག་གྱུར་གྱི་རྒྱལ་རབས་ཐོག་མ་དེ་ཡིན”ཞེས་དང་། “ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་ནི་གྲངས་ཉུང་མི་རིགས་དབུས་ཁུལ་དུ་འཛུལ་ཞིང་དབུས་ཁུལ་གྱི་བདག་པོ་བྱས་པ་ཞིག་ཡིན”ཞེས་པ།  ད་དུང་སོག་པོའི་མི་དེ་སྐབས་དེ་དུས་རྒྱ་ནག་གི་མི་ཡིན་པའི་སོག་པོའི་མི་རིགས་ཤིག་དང་། མྱུལ་ཀྲན་གྱི་མི་དེ་སྐབས་དེ་དུས་རྒྱ་ནག་མི་ཡིན་པའི་མན་ཇུའི་རིགས་དང་། བོད་མི་དེ་སྐབས་དེ་དུས་རྒྱ་ནག་གི་མི་ཡིན་པའི་བོད་རིགས་ཤིག་དང་། ཡུ་གུར་བ་ཚོ་སྐབས་དེ་དུས་རྒྱ་ནག་གི་ཡུ་གུར་མི་རིགས་ཞིག་ཡིན་པ་ནང་བཞིན་བྱས་ཡོད་ལ། གནད་འགག་དེ་ནི། གནའ་བོའི་སོག་པོ་དང་བོད། ཤིང་ཅང་དང་མན་ཇུ་བ་ཚོས་རང་ཉིད་རྒྱ་ནག་གི་གྲངས་ཉུང་མི་རིགས་ཡིན་པ་ཤེས་ཀྱི་ཡོད་དམ། གནའ་བོའི་རྒྱ་ནག་གི་མི་ཚོས་སོ་སོའི་མེས་རྒྱལ་དེ་“གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ”ཅེས་པ་དེ་ཡིན་པ་ཤེས་ཀྱི་ཡོད་དམ། གལ་ཏེ་གནའ་བོའི་མི་ཚོས་དེ་ཚོ་ཅི་གང་ཤེས་ཀྱི་མེད་ཚེ། འོ་ན“གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་རྒྱལ་ཁབ”ཞེས་པ་དེ་གང་འདྲ་ཞིག་ཡིན་ནམ།

ཕྱི་རྒྱལ་གྱི་ཤེས་ཡོན་པ་ཚོའི་ངོས་ནས་བཤད་ན། གནའ་བོའི་རྒྱ་ནག་དེ“གནའ་སྔ་མོ་ནས་བཟུང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན”ཞེས་པའི་འགྲེལ་བརྗོད་དེ་ནི་ཡ་མཚན་ཧ་ཅང་ཆེན་པོ་བྱེད་ཡུལ་ཞིག་ཡིན་ཞིང་། རྒྱ་ནག་གི་རིག་གནས་པ་ཚོའི་དེ་འདྲའི་ཞིབ་འཇུག་བྱེད་སྟངས་དེར་མི་ཚོ་ཁྲེལ་དགོད་མི་ཤོར་ཀ་མེད་ཡིན་པས། དེའང་ལས་སླ་པོ་ཞིག་མ་ཡིན་པར། དེའི་ཐོག་ངེས་པར་དུ་གཅིག་སྡུད་དབང་འཛིན་གྱི་ཆབ་སྲིད་ངན་སྐུལ་དང་། ཤེས་ལྡན་པའི་མི་གཤིས“གཅིག་གྱུར”ཞེས་པའི་ཐོག་ལེགས་སྐྱེས་འབུལ་རྒྱུའི་སྙིང་སྟོབས་དགོས། དྲང་བདེན་བྱས་ན་འཆི་ལམ་དུ་ཆགས་པའི་ཡོན་ཏན་པའི་དཀྱིལ་འཁོར་ན། ད་གཟོད་གཞི་ནས་འདི་ལྟ་བའི་ཡ་མ་ཟུང་གི་རིགས་པ་བཏོན་པ་རེད། ཡིན་ནའི་བྱ་ཐབས་ཅི། ཁྱོད་ཡིད་ཆེས་མིན་མི་ཤེས་མོད། གང་ལྟར་རྒྱ་མི་མང་པོ་ཡིད་ཆེས་ཡོད་པ་རེད། དེས་ན། ང་ཚོས་རྒྱ་ནག་གཉིས་མཐོང་བ་རེད། ལོ་རྒྱུས་རྩ་ལམ་རགས་པ་གཉིས་རེད། དེ་དག་ལས་ཅིག་ཤོས་ནི་ཆབ་སྲིད་ཀྱིས་ཟོལ་སྦྱོར་བྱས་པའི་ལོ་རྒྱུས་འཕྲུལ་སྣང་རེད།

གཅིག་ནི།  ཧྭ་ཤ་མི་རིགས་ཀྱི་རྒྱ་ནག (ཐང་སུང) རྒྱལ་ཁབ་སྟོར། (ཡོན) ཧྭ་ཤ་མི་རིགས་ཀྱི་རྒྱ་ནག་རྒྱལ་ཁབ་སླར་གསོ་ཐུབ། (མིང) རྒྱལ་ཁབ་སྟོར། (ཆིང་ངམ་མན་ཇུ) ཧྭ་ཤ་མི་རིགས་ཀྱི་རྒྱ་ནག་རྒྱལ་ཁབ་སླར་གསོ་བྱས། (མི་སེར་རྒྱལ་ཁབ) དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་གྱུར་མིད་བཏང་ནས “གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ”སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རེད་ཟེར།

གཉིས་ནི།  གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་རྒྱ་ནག (ཐང་སུང) གྲངས་ཉུང་མི་རིགས་སྲིད་དབང (ཡོན) གཅིག་གྱུར་གྱི་མི་རིགས་མང་བའི་རྒྱ་ནག་རྒྱལ་ཁབ (མིང) གྲངས་ཉུང་མི་རིགས་སྲིད་དབང (ཆིང་ངམ་མན་ཇུ) གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ། ཀྲུང་ཧྭ་མི་སེར་རྒྱལ་ཁབ། ཐུ་བྷོད་དོན་དངོས་རང་བཙན། མན་ཇུའི་རྒྱལ་ཁབ། ཤར་ཏུ་ཁི་སི་ཐན་རང་བཙན་ལས་འགུལ། སོག་པོ་རང་བཙན། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། —— འོ། དོན་ངོ་མས་རྒྱ་ནག་ལའང་གྲངས་ཉུང་མི་རིགས་ཀྱིས་སྲིད་དབང་བཟུང་བའི་སྐབས་ཡོད་པ་འདྲ…….

རྒྱ་མིས་སོག་པོ་ཡོན་ནས་རྒྱ་ནག་ལ་མི་སེར་སྤེལ་བའི་ལོ་རྒྱུས་འདི་རྒྱ་ནག་སྟོབས་ཆེ་ཤོས་ཀྱི་ལོ་རྒྱུས་ཤིག་ཏུ་བརྩིས་ཤིང་། ཇིང་གེ་སེ་ཧན་རྒྱ་ནག་གི་མི་ཡིན་པར་ཤོད་ཀྱི་ཡོད་པས། སོག་པོ་ཚོར་ལྟ་ཚུལ་གང་འདྲ་ཞིག་ཡོད་དམ།  འདི་སྐོར་འབྲི་རྒྱུར་ངོ་ཡང་ཚ་བས་འབྲེལ་ཡོད་ཡིག་ཆར་བལྟ་རོགས་གནང་། [13]

ལུའུ་ཤུན་ནས<<ལྟ་ཀློག་རང་ག་མ>>ཞེས་པའི་དེབ་དེའི་ནང་། “ཆུང་བྱིས་པའི་དུས་ནས་། ངས་བན་རྒུ (ས་མིང)གནམ་ས་དབྱེ་བ་ཕྱེས་པ་ནས་བཟུང་རྒྱ་ནག་ལ་རྒྱལ་པོ་གསུམ་དང་རྗེ་བོ་ལྔ། དེ་བཞིན་སུང་རྒྱལ་རབས་དང་། ཡོན་རྒྱལ་རབས། མིང་རྒྱལ་རབས། ‘ང་ཚོའི་ཆིང་ཆེན་པོའི་རྒྱལ་རབས’བཅས་ཡོད་པ་ཤེས་ཀྱི་ཡོད། ང་ལོ་ཉི་ཤུར་སོན་སྐབས། ད་དུང་ང་ཚོའི་ཇིང་གེ་སེ་ཧན་གྱིས་ཡོ་རོབ་དབང་དུ་བསྡུས་པ་ཐོས་མྱོང་ཡོད་ལ། དེ་ནི་ང་ཚོའི་ཆེས་མངའ་ཐང་རྒྱས་པའི་དུས་རབས་ཤིག་ཡིན། ང་ལོ་ཉི་ཤུ་རྩ་ལྔར་སོན་སྐབས། ‘ང་ཚོའི་ཆེས་མངའ་ཐང་རྒྱས་པའི་དུས་རབས’ཞེས་པ་དེ་ནི་དོན་དངོས་སུ་སོག་པོས་རྒྱ་ནག་དབང་དུ་བསྡུས་ཤིང་། ང་ཚོ་བྲན་གཡོག་རྒྱུག་མཁན་ཆགས་པ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་ལ། སོག་པོའི་ལོ་རྒྱུས་དེབ་དེར་གསུམ་བལྟས་རྗེས། སོག་པོས་རྒྱ་ནག་ཡོངས་དབང་དུ་མ་བསྡུས་པའི་སྔ་རོལ་དུ། ཨུ་རུ་སུ་དབང་དུ་བསྡུས་པ་དང་། ཤུང་། ཨའོ་ལ་བཙན་འཛུལ་བྱས་ཡོད་པས། སྐབས་དེའི་ཇིང་གེ་སེ་ཧན་ནི་ད་དུང་ང་ཚོའི་ཧན་དུ་འགྱུར་མེད་པར། དེ་ལས་ལྡོག་ཏེ་ཨུ་རུ་སུ་བྲན་གཡོག་ཏུ་འགྱུར་ཡུན་ང་ཚོ་ལས་རིང་བ་ཡོད་པས། དངོས་འབྲེལ་བྱས་ན་ཁོང་ཚོས་ང་ཚོའི་ཇིང་གེ་སེ་ཧན་ནས་རྒྱ་ནག་དབང་འོག་ཏུ་བསྡུས་ཡོད་པ་དང་། དེ་ནི་ང་ཚོའི་ཆེས་མངའ་ཐང་རྒྱས་པའི་དུས་རབས་ཤིག་ཡིན་ཞེས་བཤད་དགོས་པ་ཞིག་ཡིན”ཞེས་གསུངས་ཡོད།

བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱིས།  <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ>>ཞེས་པའི་དེབ་དེའི་ནང་། “ང་ཚོས་ཚང་མར་དྲན་སྐུལ་ཞུ་དགོས་པ་ཞིག་ལ། དུས་རབས༡༣དང༡༤ཡོངས་སུ་རྫོགས་པ་སོག་པོ་བཙན་རྒྱལ་གྱི་དུས་རབས་ཤིག་ཡིན་ཞིང་། ཡོན་རྒྱལ་རབས་དེ་ནི་བཙན་རྒྱལ་སོག་པོའི་དུས་རབས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བོད་ཡིག་ནང་རྒྱ་ནག་དང་བོད་དབར་དབྱེ་བ་ཧ་ཅང་གསལ་པོ་ཕྱེ་ཡོད་ལ། རྒྱ་ནག་དང་བོད (རྒྱ་ནག་དང་གངས་ལྗོངས)ནི་རང་བཙན་གྱི་ཆབ་སྲིད་ས་ཁོངས་གཉིས་ཀྱི་མིང་ཡིན། ”ཞེས་བྲིས་གནང་ཡོད། སྒྲོལ་མ་སྐྱབས་ནས་དེབ་འདི་བྲིས་གནང་བའི་རྐྱེན་གྱིས། རྒྱ་ནག་གཞུང་ནས་ཁོང་བཙོན་ཁང་ནང་བཅུག་ཡོད་པ་རེད།

ཏྭ་ལའི་བླ་མའི་གཅེན་པོ་དང་ཨ་རིའི་ཨིན་རྡི་ཨན་ནག་སློབ་གྲ་ཆེན་མོའི་དགེ་རྒན་ཆེན་མོ་བ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ནས་བརྩམས་གནང་བའི<<བོད་ནི་ངའི་རྒྱལ་ཁབ་ཡིན>>ཞེས་པའི་དེབ་དེའི་ནང་། “གང་ལྟར་བཙན་རྒྱལ་སོག་པོ་ཆེས་སྟོབས་ཤུགས་ཆེ་བའི་དུས་རབས༡༣པ་དང༡༤པའི་དུས་སུའང། བོད་འདི་བཙན་རྒྱལ་སོག་པོའི་ཆ་ཤས་ཞིག་བྱེད་མྱོང་མེད་པར། དོན་དངོས་སུ། བོད་དང་སོག་པོའི་རྒྱལ་ཁབ་དབར་གྱི་འབྲེལ་བ་ནི། རྒྱ་ནག་དང་སོག་པོའི་དབར་གྱི་འབྲེལ་བ་དང་རྦད་དེ་མི་འདྲ་བ་ཞིག་ཡིན། རྒྱ་ནག་དེ་སོག་པོས་བཙན་བཟུང་བྱས་པའི་དབང་གིས། རྒྱ་ནག་གིས་ད་དུང་སོག་པོ་རྒྱ་ནག་གི་མི་ཡིན་པའི་རྫུན་གཏམ་བཤད་པ་མ་ཟད། ད་དུང་སོག་པོའི་ས་ཆ་དེ་ཚོ་རྒྱ་ནག་གི་མངའ་ཁོངས་ས་ཆ་ཞིག་ཡིན་པའི་སྐད་ཆ་བཤད་ཀྱི་ཡོད། གལ་སྲིད་བཤད་སྟངས་དེ་རྐང་པ་འཛུགས་ཐུབ་པ་ཞིག་ཡིན་ན། སི་པན་དང་ཧྥ་རན་སི་གཉིས་ཀ་དེ་སྔ་རོམ་གྱིས་བཙན་བཟུང་འོག་གནས་མྱོང་ཡོད་པ་དང་། གཉིས་ཀ་དུས་མཉམ་དུ་བཙན་རྒྱལ་རོམ་གྱི་ཆ་ཤས་ཤིག་ཏུ་འགྱུར་དགོས། དེ་ལྟ་ན། སི་པན་ནས་ཧྥ་རན་སི་རང་གི་ཆ་ཤས་ཤིག་ཡིན་པར་ངོ་ཚ་ཁྲེལ་མེད་ཀྱི་སྒོ་ནས་བཤད་ཆོག་པ་ཞིག་ཡིན་ནམ། དེ་ནི་ཤིན་ཏུ་དགོད་བྲོ་བའི་གཏན་ཚིགས་ཤིག་ཡིན། ”ཞེས་བྲིས་གནང་།

“བོད་མིའི་ངོས་ནས་བལྟས་ན། ཆིང་རྒྱལ་རབས་སུ་བོད་པ་དང་རྒྱ་ནག་གི་མི་བཅས་མན་ཇུས་མཉམ་དུ་དབང་འོག་དུ་བསྡུས་ཡོད་པར། བོད་མི་ཡོངས་ནས་དངོས་བྱུང་གནས་ཚུལ་དེའི་ཐོག་ལྟ་སྟངས་ཧ་ཅང་གསལ་པོ་ཡོད། ཆིང་ཆེན་པོའི་རྒྱལ་རབས་དེ་རྒྱ་ནག་གི་མི་ཚོས་གསར་བརྗེ་བྱས་ཏེ་མགོ་མཇུག་བསློགས་རྗེས། བོད་པ་དང་རྒྱ་ནག་གི་མི་ཚོ་འདྲ་མཉམ་གྱི་གནས་བབ་ཐོག་གནས་པའི་བདག་དབང་སོ་སོར་ལྡན་པའི་མི་རིགས་གཉིས་ཡིན“ཞིང་།
ང་ཚོ་བོད་མི་དང་རྒྱ་ནག་གི་མི་ཚོ་འདྲ་མཉམ་གྱི་གནས་སྟངས་ཐོག་གནས་ཡོད་པས། ང་ཚོར་རྒྱ་ནག་གི་དབང་སྒྱུར་འོག་སྡོད་མི་དགོས་པའི་ཐོབ་ཐང་ཡོད”ཅེས་ཀྱང་བྲིས་ཡོད། 1959སྟག་འཚེར་རིན་པོ་ཆེ བཙན་བྱོལ་ལ་འབྱོར་ནས། 2008ལོར་མི་ཡུལ་ས་མཐར་སྐུ་གྲོངས་པ་རེད། [14]

སྐད་ཆར་སྒེར་སྡེམ་བྱེད་རྒྱུ་དེ་བཙན་རྒྱལ་རིང་ལུགས་ཀྱི་རྒྱུན་ལྡན་བྱེད་སྟངས་ཤིག་ཡིན་ཞིང་། བཙན་རྒྱལ་གྱི་སྐད་ཆ་དེ་ག་དུས་ཡིན་རུང་བཙན་དབང་ཞིག་དང༌ཕྱོགས་གཅིག་གི་བསམ་ཚུལ་ཞིག་ཡིན་པ་དང་། ཕྱོགས་གཞན་གྱི་སྐད་ཆ་དེ་བཙན་བཤེད་འོག་གནོན་རྒྱུ་དང་ཕྱིར་འབུད་བྱེད་རྒྱུ། ཁུ་སིམ་དུ་འགྱུར་བཅུག་རྒྱུ་བཅས་ཡིན་ལ། ད་དུང་བཙན་རྒྱལ་གྱི་སྐད་ཆའི་ནང་དུ་ཁོང་ཚོའི་ལོ་རྒྱུས་ང་ཚོས་འབྲི་དགོས་རྒྱུ་དང་། ཁོང་ཚོའི་གནས་བབ་ང་ཚོས་གཏན་འཁེལ་བྱེད་རྒྱུ།  ང་ཚོའི་ལོ་རྒྱུས་དེ་ནི་བདག་དབང་ལྡན་པའི་ལོ་རྒྱུས་ཤིག་ཡིན་པ་དང་། ཁོང་ཚོའི་ལོ་རྒྱུས་དེ་མགོ་བོ་སྒུར་བ་དང་གཞན་གྱི་མངའ་འོག་ཏུ་འདུ་རྒྱུ་དེ་ཡིན་ཞིང་།   ད་ཆ། ང་ཚོས་ཁོང་ཚོ་བཟུང་ཡོད་པས་མ་ཚད། ཁོང་ཚོའི་འདས་པའང་བཟུང་ཡོད་པས། ད་དུང་མུ་མཐུད་ཁོང་ཚོའི་མ་འོངས་པའང་གཟུང་རྒྱུ་ཡིན་པའི་ཧམ་སེམས་ཆེན་པོ་ལྡན་ཡོད།

རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ཚིག་མཛོད་ནང་། “བདག་དབང་མི་དམངས་ལ་ལྡན་པ”ཞེས་པའི་ཚིག་དེ་མེད་པར། ང་ཚོས་ཞིབ་ཕྲའི་རྒྱ་ནག་གི་མི་ཚོའི་བོད་དང་ཤར་ཏུ་ཀི་སི་ཐན་གྱི“བདག་དབང”ཞེས་པའི་འབྲེལ་ཡོད་བདག་དབང་གི་གླེང་བརྗོད་ལ་རྟོག་ཞིབ་བྱེད་སྐབས། གླེང་བརྗོད་དེ་ཚོའི་ནང་མི་སེར་སྤེལ་ཡུལ་གྱི་མི་ཚོས་ངོས་ལེན་ཡོད་པའི་རྣམ་འགྱུར་རྩ་བ་ནས་མཐོང་རྒྱུ་མེད།

མི་ཚོས་མཐོང་ཐུབ་པ་ཞིག་ནི། རྟེན་འབུལ་ཕུལ་བ་དང་མཚན་གནས་གསོལ་བ་ཞེས་པའི་རང་རློམ་རང་ཆེའི་བཙན་རྒྱལ་རིང་ལུགས་ཀྱི་སྐད་ཆ་དེ་ཚོ་དང་།  དེ་ཚོའི་ཐོག་ནས་འུད་སྒྲོག་བྱེད་པའི་དབང་སྒྱུར་གྱི་ནུས་པ་མཚོན་ཐབས་བྱེད་པ། དེ་ནི་བཙན་རྒྱལ་སོག་པོའི་ཡོན་དང་མན་ཇུ་གཉིས‘རྒྱ་ནག’ཁོངས་སུ་བརྩིས་མོད། ཕྱི་ལོགས་བ་ཞིག་ཡིན་རྐྱེན་ཇི་ལྟར་བྱས་ཏེ་དབང་སྒྱུར་གྱི་བསམ་དོན་དང་དབང་སྒྱུར་ཚན་པ། དབང་སྒྱུར་བྱེད་སྟངས་བཅས་ས་ཁུལ་དེ་ཚོའི་ནང་འཛུལ་ཞུགས་བྱེད་ཐུབ་པ་བྱེད་རྒྱུ་དང་། རྒྱ་ནག་གིས་བོད་དང་ཤིང་ཅང་ཞེས་པ་དེ་སོ་སོའི་ས་ཆ་ཞིག་ལ་བརྩི་རྒྱུའི་རྒྱུ་མཚན་དང་། མི་རབས་ནས་མི་རབས་བར་ས་ཆ་དེའི་ཐོག་འཚོ་བ་བསྐྱལ་མཁན་ཚོ་འབྲེལ་བ་མེད་པར། མཐའ་མཇུག་བཙན་རྒྱལ་རིང་ལུགས་པའི“བདག་དབང་གི་ལུགས་མཐུན་རང་བཞིན”ཞེས་པ་དེའང་། ཚང་མ་ཁྲག་དྲི་བྲོ་བའི་དྲག་གནོན་དང་གཡོ་སྒྱུ་ཟུང་དུ་སྦྲེལ་བའི་ཐོག་ནས་ལམ་ལྷོངས་ཡོང་བ་བྱེད་རྒྱུ་དེ་ཡིན།

གནམ་བསྐོས་གོང་མའི་རྒྱལ་རབས་དང་། རྟེན་འབུལ་ལེན་པ། མཚན་གནས་གསོལ་བ་བཅས་ནི་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ཀྱི་བྱེད་སྟངས་ཤིག་ཡིན། གནམ་བསྐོས་གོང་མའི་རྒྱལ་རབས་ཀྱི་བསམ་པའི་འཁྱེར་སོ་ནི། ཀླ་ཀློ་དང་གདོད་མའི་ས་བབ་གནས་སྟངས་ཀྱི་འཛམ་གླིང་དེ་རྒྱ་ནག་གི་མཐའ་འཁོར་དུ་གནས་པ་དང་། རྒྱ་ནག་གིས་གནམ་འོག་བདག་སྐྱོང་བྱེད་དགོས་པའི་འཕྲུལ་སྣང་ཞིག་ཡིན་ཞིང་། འཕྲུལ་སྣང་དེར་དད་པ་བྱེད་མཁན་ཚོས་ཁོང་ཚོའི་དབང་ཆ་མུ་མཐའ་མེད་པའི་བསམ་པ་བཅངས་ཤིང་། གནམ་འོག་གང་ཟག་སུ་ཡིན་རུང་། རྒྱལ་པོའི་མངའ་འབངས་མིན་པ་གཅིག་ཀྱང་མེད་ཅེས་པར་ཡིད་སྨོན་བྱེད་པ་དང་། ཐ་ན་རྒྱལ་ཁབ་ཤོར་བའི་ན་ཚ་དེ་ཚོའང་ཕ་རོལ་ལས་རྣམ་པར་རྒྱལ་བའི་གཟི་བརྗིད་ཐོག་འགྱུར་བ་གཏོང་ཐུབ་ཀྱི་ཡོད། ཁོང་ཚོས་རྒྱ་ནག་དེ་རང་བཞིན་གྱི་ཆེན་པོ་ཡིན་པ་དང་། མཐའ་འཁོར་ས་ཁུལ་ཚང་མ་གནའ་སྔ་མོ་ནས་བཟུང“རྒྱ་ནག་གི་གཞི་རྒྱ་ཆེ་བའི་མངའ་ཁོངས་ས་ཆ”ཞེས་པ་དེའི་འོག་ཚུད་པ་ཤ་སྟག་ཡིན་པ་དང་། ཁྱིམ་མཚེས་ཀླ་ཀློའི་རྒྱལ་ཕྲན་ཚོ་གནམ་བསྐོས་གོང་མའི་རྒྱལ་རབས་ལ་མགོ་བཏགས་དགོས་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ལོ་རྒྱུས་འཕོ་འགྱུར་འགྲོ་བའི་སྐབས་སུ“མེས་རྒྱལ་གཅིག་གྱུར་དང་། མངའ་ཁོངས་གཅིག་སྒྲིལ”ཞེས་པའི་གཟི་བརྗིད་ཀྱི་མིང་བྱང་བཀལ་རྗེས།  ཁོས “བཅིངས་བཀྲོལ”བཏང་སྟབས་རླབས་ཆེན་དུ་གྱུར་པ་དང་། བདག་དབང་ཡོད་རྐྱེན་ལས་ཀ་དྲང་བདེན་ཡིན་པ། སྔོན་ཐོན་རིག་གཞུང་གི་ས་བོན་བཏབ་པས་བླ་མེད་དུ་ཆགས་པ། དར་རྒྱས་སླད་དུ་འཛུགས་སྐྲུན་དང་གསར་སྤེལ་བྱས་དུས་ཡང་དག་པ་ཡིན་ཟེར།  ཁོའི་རྒྱབ་སྐྱོར་བ་དག་གིས།  ཁོ་པའི་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་ཞེས་པའི་སྐད་ཆ་དེ་ཚོ་འུད་སྒྲོག་རྒྱ་སྐྱེད་བྱས་ནས། མི་རིགས་རྩ་མེད་དང་། རིག་གཞུང་རྩ་གཏོར། གཏེར་དངོས་བཙན་འཕྲོག་ལ་སོགས་པར་མཆོར་རྩི་འབྱུག་གི་ཡོད་པ་རེད།

2014.10.1

མ་རྩོམ། http://moments-of-samsara.blogspot.in/2014/10/blog-post.html
ཐང་ཏང་ཧུང་གི་པོད་ཁུག་ན་བོད་རྒྱའི་གནད་དོན་སྐོར་རྩོམ་ཡིག་རིན་ཐང་ཅན་མང་པོ་ཡོད་པས། ཆེད་དུ་དྲ་ཐག་ངོས་སྦྱོར།  http://moments-of-samsara.blogspot.in/

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s