རི་མོར་བབས་པའི་རྟོག་འགྱུ།
སྤྲིན་པ།
ལྗོན་པའི་མགོར་བབས་པའི་བྱེའུ་དེ།
མཚར་སྣང་ལས་ཐོན་པའི་མེ་ཏོག་ཅིག་གོ།
བདག་ཇི་སྲིད་དུ་གསོན་ནམ།
གོར་མར་ཕབ་པའི་ཡིག་ཆུང་གི་ཚོམ་བུ་འདི།
བདག་གི་བླ་སྲོག་གི་གཏིང་རིམ་ན་ཉུལ་བའི་ན་ཟུག་ཡིན།
ཚོར་ཤེས་དང་རྟོག་པས་ངག་འབྱིན་ཚེ།
འཇིག་རྟེན་གྱི་ཀུན་རྟོག་དག་ཀྱང་ཡོམ་ཡོམ་འགུལ་ངེས།
གློག་དམར་འུར་འུར། མེ་ལྕེ་ཡང་འུར་འུར།
ངག་མི་སྨྲ་བའི་བདག་གི་སྙིང་གི་འཕར་ལྡིང་དེ།
སྙིང་ཁྲག་གི་བཞུར་ལམ་བརྒྱུད་དེ།
དཀར་གཙང་གི་ཤོག་ངོས་འདི་རུ་བསྐྱུགས།
དེ་ནས་འཕུར་བའི་བྱེའུ་ཆུང་ཆུང་དེས་ཀྱང་།
བར་སྣང་གི་ཁམས་ནས་རང་གི་ལྡོག་ལམ་སྟོར།
དེ་དུས། ཞེ་སྡང་འུར་འུར། འགྲན་སེམས་འུར་འུར།
སྲིད་པར་ལུས་པའི་རྐང་རྗེས་འདི།
དམྱལ་ཁམས་ནས་ཐོན་པའི་གླུ་སྐད་འདི།
མི་མངོན་པའི་དབྱིངས་ནས་བདག་གི་པང་ལ་ལྷུང་བ་ན།
བདག་ཀྱང་སེམས་ཁྲལ་གྱི་བེམ་པོ་ཞིག་ཏུ་མ་གྱུར་བར་སྡོད་མ་བཟོད།
ཆེས་སྐྲག་སྣང་གིས་བསྐྲུན་པའི་མཚན་ཐུན་རེ་རེ།
བདག་གི་རྨི་ལམ་ནང་གི་པོ་ཏཱ་ལ།
རྟོགས་བརྗོད་རེ་རེའི་མཚམས་ན་སིམ་པ་མེད་མཁན་དེ་ཁྱེད་རང་ཡིན་ནམ།
དེས་ན། བདག་གི་བླ་སྲོག་ཁྱེད་ལ་འབུལ།
བདག་གི་རྣམ་ཤེས་ཀྱང་ཁྱེད་ཀྱིས་བཙོན་དུ་འཇུག་རོགས།
ཡང་ན། མེ་ཕུང་གི་སྙན་ངག་འབྲི་མཁན་དག་ཀྱང་ང་ཚོ་ཡིན་ཆོག
༢༠༡༥/༤/༡༨/
རླུང་བུ།
གཟི་མིག
རླུང་བུ་དེས
བདག་གི་གཟུགས་ཕུང་གདུག་རྩུབ་ཀྱིས་སྒུལ་གྱིན་འདུག
ནག་པོའི་སྐྲ་ལོ་གཡོ་བར་བྱེད
བདག་གི་ཤ་རུས་ཀྱི་གསེང་ལ་ཡང་གྲང་ངར་བསླངས་པས
ཉི་ཟླ་དང་བར་ཐག་ཉེ་བའི་རིགས་རྒྱུད་དེའི་ཁྱད་ཆོས་ཏེ
ལུས་ཀྱི་དྲོད་ཁོལ་ཀྱང་རླུང་བུས་ཁུར་སོང་ལ
འགྲམ་ཤ་དང་ཁ་ཤའང་གྲང་ངར་གྱིས་སྔོན་པོར་བཏང་ཡང
ད་དུང་ཁོ་བོའི་མིང་ན་འབོད་ཀྱིན་གདའ
བདག་གི་རྒྱབ་རི་དང་གཟན་ཤམ་གྱིས
རླུང་བུ་དེ་འགོག་ན་འདོད
རླུང་བུས་དེད་ཡོང་བའི་གྲང་ངར་དེ་བདག་གིས་ཕར་དེད་ན་འདོད
གོམ་པ་གང་འདྲ་སྤོས་ཏེ
ལག་པ་ཇི་ལྟར་བསྲིངས་ཡང
བདག་དང་ཁོ་བོའི་བར་ཐག་རླུང་བུས་བཅད་འདུག
སྐབས་དེར
རླུང་བུས་འཇིག་རྟེན་གྱི་དགའ་སྐྱོ་དང་གདུང་སེམས་རི་བོའི་རྒྱབ་ལོགས་སུ་ཁུར་བར་རྩོམ
གཙང་བོས་ཁོ་བོ་རྒྱང་ལ་ཁུར་ནས་རྒྱ་མཚོར་འདྲེས་འདུག
ངས་རྒྱ་མཚོ་དེ་ཧུབ་ཀྱིས་འཐུང་ན་འདོད་ལ
རྒྱ་མཚོའི་ངོགས་སུ་ཁོ་བོའི་ཞལ་རས་དང་བརྩེ་བ་འདུས་པས
ང་རྒྱ་མཚོའི་མཐའ་རུ་ཁོ་བོ་འཚོལ་བར་ཆས
རྒྱ་མཚོའི་འགྲམ་དུ་ཁོ་བོའི་ལུས་པོ་དེ་ཡོད་ན་བསམས
ཡིན་ཡང ལུས་པོ་ཤ་ཐོར་རུས་ཐོར་ལ་སོང་ཡོད་ངེས
དེ་ལྟར་ཡང ཁོ་བོའི་སྙན་འཇེབས་ཀྱི་གཞས་ཀྱི་དབྱངས་རྟ
རྒྱ་མཚོའི་རླབས་སྒྲ་དང་འཁྱིལ་བར་སྣང་བས
རྒྱ་མཚོས ཁོ་བོའི་ཀེང་རུས་དེ་མ་བརླག་རོགས
རླུང་བུ་ཡ བརྩེ་བ་དང་དྲན་པ་སྒུལ་བའི་དབྱངས་རྟ་དེ་རི་བོའི་རྒྱབ་ཏུ་མ་ཁུར་རོགས
འཇིག་རྟེན་འདི་ཁོ་ན་བདག་གི་ལོངས་སྤྱོད་དང་མངའ་ཐང་ཡིན་པས
རླུང་བུ་ཡ བརྩེ་བ་དང་དྲན་པ་སྒུལ་བའི་དབྱངས་རྟ་དེ་རི་བོའི་རྒྱབ་ལོགས་སུ་མ་ཁུར་རོགས།
བྲིད་པའི་མདོག
མཐར་ཕྱིན།
སྨིན་མཚམས་ཀྱི་སྤྲིན་པ་ཡལ་ཐབས་མེད་དུས་
བཞིན་གྱི་ལྡེབས་རིས་ལ་གཏམ་རྒྱུད་གསར་བ་ཞིག་ཡོད།
དེ་ནི་ཡུལ་གྱར་བའི་གོམ་པ་སྐྱ་བོ་དེ་ཡིན།
རྫ་སྒང་གི་སྨུག་པ་ལུག་ཁྱུས་དེད་ཚེ་
འཇིག་རྟེན་གྱི་གླུ་སྐད་ལས་དབྱངས་འགྲོས་སྙན་མོ་ཞིག་འབྱུང་།
དེ་ནི་རྫ་འདབས་གྱི་ཆུ་མིག་དམར་པོ་དེ་ཡིན།
འབོད་བརྡ།
སྤྱན།
ཞི་བདེའི་བླ་མ་ཐག་རིང་ཐག་རིང་ན།།
བླ་མའི་ཞལ་གསུང་ཐག་ཉེ་ཐག་ཉེ་ན།།
གསུང་གི་བདུད་རྩི་འཛམ་གླིང་ཡང་རྩེ་ན།།
བདུད་རྩིའི་ཉིང་བཅུད་ཆོས་ལྡན་བོད་ཡུལ་ན།།
རེ་བའི་རི་མོ་ཐག་རིང་ཐག་རིང་ན།།
རི་མོའི་རིན་ཐང་ཐག་ཉེ་ཐག་ཉེ་ན།།
མཐུན་སྒྲིལ་ཨ་ལོང་ཆོལ་གསུམ་བོད་ཡུལ་ན།།
རྡོག་རྩ་གཅིག་སྒྲིལ་སོ་སོའི་སེམས་ནང་ན།།
སྡར་མའི་ངུ་འབོད་ཐག་རིང་ཐག་རིང་ན།།
དཔའ་བོའི་ཆོད་སེམས་ཐག་ཉེ་ཐག་ཉེ་ན།།
སྲོག་གི་བདེན་པ་དམར་པོའི་མེ་ནང་ན།།
རྒྱལ་ཁའི་དར་ཆ་མཐོན་པོའི་མཁའ་དབྱིངས་ན།།
བདེན་པའི་ལམ་བུ་ཐག་རིང་ཐག་རིང་ན།།
ལམ་གྱི་དཀའ་སྡུག་ཐག་ཉེ་ཐག་ཉེ་ན།།
གཡོ་རྒྱུའི་མགོ་སྐོར་སྲིན་པོའི་སེམས་ནང་ན།།
བདེན་རྫུན་དབྱེ་འབྱེད་ཞི་བདེའི་ལམ་ཁ་ན།།
པན་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ།
__གཟུ་མིག
དུང་གི་ཟླ་འོད་ཐོལ་གྱིས་ཤར་བས་སྨག་གིས་བཏུམས་པའི་ཡོལ་རས་ཕྱེས།།
སྤོབས་པའི་གད་རྒྱངས་ཞུམ་མེད་མངའ་བའི་གནམ་ས་སྦྲེལ་བའི་བར་མཚམས་གཤེགས།།
རིགས་ཞེན་མེ་ལྕེའི་ཡ་ཁོག་བསྲེག་པས་བོད་པ་ཚང་གི་བླ་སྲོག་གསོས།།
སྔོན་བྱོན་མེས་པོའི་དཔའ་གདེང་ཁུར་བའི་རྟག་བརྟན་མི་འགྱུར་རྡོ་རིང་ཞིག།
དུས་རླུང་ནག་པོའི་འགྲེ་ལོག་གསེབ་ནས་མཁའ་ལ་ཤར་བའི་ཉི་མ་བཞིན།།
འདས་སོང་ལོ་རྒྱུས་ཕྲག་ལ་བཞེས་པའི་གདུང་གི་རུས་རྒྱུད་གཙང་མའི་སྲོལ།།
དྲང་བདེན་རྨ་ལྕེའི་གོ་ཁྲབ་གྱོན་ཏེ་མདའ་མདུང་མཚོན་གྱིས་གདོང་བླངས་ཏེ།།
རྣམ་དཔྱོད་རིག་པའི་རྐྱལ་རྩལ་ངོམ་པའི་བསུབ་མེད་གངས་ལ་ཞབས་རྗེས་དཔར།།
རང་རིགས་བོད་པའི་ཆོས་སྲིད་ལུགས་གཉིས་ཉི་ཟླའི་ཏོག་ཏུ་མངའ་གསོལ་ཏེ།།
རྗེས་ལུས་བག་འཁུམ་གཏིང་རྡོ་གཏོར་བའི་བཀའ་གསུང་ཅི་དགར་བསྩལ་ན་ཡང་།།
བསོད་ནམས་དམན་པའི་གདུལ་བྱའི་བང་རིམ་ནག་ཕྱོགས་གཟའ་ཡིས་དབང་བསྡུས་ཏེ།།
སྐུ་ཉིད་མ་མཐོང་མུན་པའི་ཀློང་ནས་དྲན་ཞིང་དྲན་ལ་སྐྱོ་ཞིང་སྡུག།
སྐུ་ཡི་བཀོོད་པ་རིང་ཏུ་ཕྱིན་ཀྱང་མཛད་འཕྲིན་ཟེར་བརྒྱ་ཕྱོགས་ཀུན་འཕྲོས།།
དཔའ་མཛངས་ཕོད་པའི་རྒྱལ་ཁམས་བསྐོར་བའི་ངེས་དོན་སྤྲུལ་བའི་སེམས་དཔའ་ཆེ།།
དུས་སྙིགས་མུན་པས་ལྷག་པར་གཙེས་པའི་དད་ལྡན་སེར་སྐྱ་ཁྲི་སྟོང་གིས།།
ཞབས་ཟུང་གསེར་འཁོར་སྤྱི་བོར་ཟེགས་པའི་སྐལ་བ་རེ་ཞིག་ཉམ་རེ་ཆུང་།།
གངས་ལྗོངས་ཀྱི་གཟི་བྱིན།
ཨ་—རིགས་སྨྲ་བ།
དགེ་ལྡན་བསྟན་པའི་ལུགས་བཟང་ཕྱོགས་དུས་ཀུན་ཏུ་དབྱར་གྱི་མཚོ་བཞིན་རྒྱས། །
དགེ་འདུན་ངུར་སྨྲིག་ཚོགས་ཀྱིས་དུས་ཀུན་རྟག་ཏུ་བསྟན་འགྲོའི་དོན་ལ་འབད། །
དགེ་བཅུའི་བསླབ་ཁྲིམས་གཙང་མས་ས་གསུམ་འགྲོ་བ་ཀུན་གྱི་གཤིས་རྒྱུད་བརླན། །
གནས་མཆོག་ཁ་བའི་ཞིང་འདི་སྐྱིད་པའི་ཡཱ་གླིང་ཀུན་གྱི་དང་རྩེ་ལགས། །
བདེན་དོན་ལམ་བཟང་རྒྱུད་ལ་མངའ་བའི་འགྲན་མེད་དཔའ་བོས་ནོར་འཛིན་ཁྱབ། །
རིག་གཞུང་པདྨའི་སྐྱེད་ཚལ་ཉུལ་བའི་ངེས་དོན་མཁས་དབང་བགྲངས་ལས་འདས། །
གཞན་ཕན་ལྷག་བསམ་འབུམ་གྱིས་ཕྱུག་པའི་བཤེས་གཉེན་དམ་པས་ས་སྟེང་གང་། །
རབ་དཀར་གངས་ཀྱི་གསེར་མོའི་ལྗོངས་འདི་ས་སྒང་ཧྲིལ་བོའི་ཁྱོན་ན་མཛེས། །
བདེན་དོན་ལྷག་བསམ་དཀར་པོའི་རང་མདངས་གངས་ལྟར་གསལ་བའི་རྒྱལ་ཆེན་སྲས། །
སྲས་མཆོག་གངས་སེང་དཀར་མོའི་ཟླ་མེད་ངར་སྐད་གཅིག་གིས་ས་ཆེན་གཡོ། །
གཡོ་ཅན་ཝ་སྤྱང་རྒྱལ་བོའི་སྙིང་དབུས་མདའ་ལྟར་བསྣུན་པས་འགུལ་མ་ནུས། །
ནུས་ལྡན་སེང་ཕྲུག་དབང་བོའི་སྟོབས་རྩལ་དྲུག་འཛོམས་དཔལ་ལ་སུ་ཡིས་འགྲན། །
དཀར་དཀར་གངས་ཀྱི་རི་བོའི་སྤོ་ལ་རྟ་བདུན་དབང་བོའི་གཟི་བྱིན་འཕྲོས། །
མཛེས་མཛེས་གཡུ་ལོའི་པདྨའི་ལྗོངས་ལ་དགེ་མཚན་སྟོང་གི་མཚར་སྡུག་འབར། །
སྙན་སྙན་རྣ་བའི་དཔྱིད་ཀྱི་ཁྲོད་ན་འདབ་ལྡན་བུང་བའི་སྒྲ་དབྱངས་འཇེབས། །
རྔམ་རྔམ་བརྗིད་ཆགས་གོ་ལའི་ཁྱོན་ན་པུར་རྒྱལ་བོད་པའི་ཡུལ་འདི་མཛེས། །
མོས་པ་མི་གཅིག་སོ་སོ་ཡིན།
རྭ་གསེར་སྨྱུག
འཇིག་རྟེན་མི་ཡི་གཤིས་དང་ཁམས་ཀྱི་བློ།།
སྣ་ཚོགས་ཇི་སྙེད་མཆིས་པ་རེ་གཉིས་མིན།།
ཁམས་ཀྱི་བདེ་སྡུག་བཏང་སྙོམས་ཕྲ་རགས་ཀུན།།
ཞིབ་ཏུ་དཔྱད་ན་བློ་ཡི་མོས་པར་ཐུག།
མི་ཡི་བློ་ཡིས་སྐྱེད་པའི་བྱ་དངོས་འདི།།
སྲོག་ཆགས་ཁྱད་འཕགས་མི་ཡི་ནུས་པ་ཞིག།
ཀུན་ལ་ཕན་གནོད་སྐྱེད་པ་སྣ་ཚོགས་ཤིག།
འཇིག་རྟེན་མགོ་ནག་མི་ཡིས་སྐྲུན་པ་ཡིན།།
ཆགས་སྡང་རྨོངས་གསུམ་ཇི་སྙེད་མཆིས་པ་ཡང་།།
རང་བདེ་རང་སྐྱིད་ཙམ་གྱི་གཞན་དབང་གིས།།
ཐབས་མེད་སྡུག་བསྔལ་འདི་དག་ངང་གིས་འདྲེན།།
བཟོད་དཀའ་ལུས་ཀྱི་འཆང་བ་སྣ་ཚོགས་བསྐྲུན།།
སྤྱིར་ན་བཟང་དང་ངན་གྱི་དབྱེ་འབྱེད་འདི།།
འཇིག་རྟེན་འཁོར་བ་འདི་ནས་རྫོགས་མཐའ་ཟད།།
སྣ་ཚོགས་བློ་ཡི་ནུས་པ་འབའ་ཞིག་གིས།།
རང་བདེ་གཞན་སྐྱིད་ཁོར་ཡུག་ཤིན་ཏུ་དཀོན།།
ཀུན་གྱི་འདོད་མོས་བདེ་བ་ཡིན་མོད་ཀྱང་།།
བསྒྲུབ་པའི་བྱ་བཞག་སྣ་ཚོགས་ཇི་སྙེད་ཅིག།
སྡུག་བསྔལ་འབའ་ཞིག་འདྲེན་པའི་ངང་ཚུལ་འདིས།།
བསྒྲུབ་པའི་རྒྱུ་ཡི་རྗེས་སུ་འབྲང་བར་ངེས།།
འདོད་པའི་བློ་དང་བསྒྲུབ་པའི་བྱ་བ་གཉིས།།
སོ་སོར་ཐ་དད་གྱེས་པའི་དོན་དངོས་འདི།།
མ་ལྡོག་མ་འཇིགས་མ་གནས་དེ་སྲིད་དུ།།
རང་ཅག་མོས་བློ་འགྲུབ་པ་ཡེ་ནས་མེད།།
༢༠༡༥/༥/༢༦
སེམས་པ་དམར་པོ།
མདུན་བསྐྱོད།
ཁྱེད་ལ་བྱིན་པའི་སེམས་པ་དམར་པོ་དེ།།
ཁྱོད་ཀྱིས་ཤེས་སམ་བདག་གི་ཡོད་ཚད་ཡིན།།
དང་ལེན་མེད་པའི་སེམས་པ་དམར་པོ་དེ།།
ཁྱེད་ཀྱིས་ཚོར་རམ་བདག་གི་སྡུག་བསྔལ་ཡིན།།
ཁྲ་ཆུང་མིག་མཐར་འཁྱིལ་བའི་མཆི་མ་འདི།།
དོན་མེད་གཞན་གྱིས་ཆེད་དུ་ཤོར་བ་མིན།།
སྙིང་སྡུག་ཁྱེད་ཀྱི་ཆེད་དུ་ཤོར་བ་དེ།།
ཁྱོད་ཀྱིས་ཤེས་ན་བདག་གི་བདེ་སྐྱིད་ཡིན།།
སྲོག་ལྡན་ལུས་པོ་འདི་རུ་གནས་ན་ཡང་།།
རྣམ་ཤེས་ཕྲ་མོ་ཁྱེད་ཀྱི་ཕྱོགས་ན་ཡོད།།
ཁྱེད་དང་འུ་གཉིས་བར་ཐག་རིང་ན་ཡང་།།
མ་སྐྱོ་མ་སྡུག་ཡོད་ཚད་ལས་དབང་རེད།།
དཀྲོལ་ཟིན་པའི་སེམས་སྒྲ།
ཁྲ་བོ།
འཇིག་རྟེན་དཀར་ནག་སྤྲིན་པའི་རྒྱུག་ལམ་དུ།།
ལོ་ཟླའི་རས་ཡོལ་ནག་པོ་རླུང་གིས་གཡོ།།
དུས་ཀྱི་བར་མཚམས་གང་གི་མཇུག་མཐའ་རུ།།
འཛོམ་པའི་ཨ་ལོང་སྒོར་སྒོར་ལག་པས་ཟུངས།།
འཁོར་བའི་བདེ་སྣང་རི་མོ་མདོག་ལྡན་མ།།
ལེགས་བྲིས་སེམས་ཀྱི་རྩིག་པ་ལེབ་མོའི་ངོས།།
རྣམ་པར་ཤར་བའི་སྙིང་གི་དབྱིབས་ཀྱི་གཟུགས།།
མཐོང་ན་ང་ཡི་ཡོད་ཚད་དེ་རུ་གསལ།།
མ་བྱས་རྟག་པའི་གཤིས་ལ་ཉེ་གྱུར་བའི།།
དམ་བཅའི་སྒྲོག་ལུང་གཡུ་ཡི་གདུ་བུ་ལས།།
འདི་ན་ལྷག་པར་མངོན་པའི་སྐྱེས་མེད་པས།།
སེམས་ཀྱི་སྨུག་མདོག་རྟེན་ལ་གཅེས་པར་མཛོད།།
ཡིད་ཀྱི་ཆུ་བོ་འབབ་པའི་ལྷུང་ལྷུང་སྒྲ།།
སེམས་ཀྱི་བུ་ཡི་རྣ་བར་འཇེབ་པ་ཡིས།།
འཁོར་བའི་རྒྱ་མཚོ་བག་ཚའི་ཡུལ་དུ་གྱུར།།
དེ་ཡང་སྲིད་པ་གཞོན་པའི་གོས་སུ་མཛེས།།
ལྷོད་ཅིང་ཡིད་གཉིས་འདྲེན་པའི་ཚིག་གི་འབྲུ།།
སྣ་ཚོགས་གཏམ་གྱིས་མ་སྦག་དུངས་པའི་རྟ།།
གངས་ཀྱི་གདངས་སུ་འཐེན་པ་དཔའ་བོའི་གླུ།།
བརྗིད་ཆགས་ལྷ་མོའི་དབུ་ལ་བརྩེ་བས་སྤྲས།།
སྙན་ངག་ལྷ་མོའི་གཟུགས་སུ་སྤྲུལ་བསྒྱུར་བ།
གང་ལས་བྱུང་བའི་བརྩེ་བ་འོ་མའི་མཚོ།།
ངག་གི་མེ་ཏོག་བཞད་པ་རོལ་མོའི་གདངས།།
ལྷན་ཅིག་སྦྱར་ཏེ་སྤྲིངས་པ་ནོར་གྱི་ཕུད།།
ངེད་དྲྭ་ཚིགས།