འགྲོ་བ་མིའི་དོན་དུ་སྒྱུ་རྩལ་བསྐྲུན།

སོར་རིན་ནཱེ་ཆེན(སུའུ་ལེན)   སྙིང་བུས་བསྒྱུར།

     འགྲོ་བ་མི་ལ་གནའ་རབས་ནས་འཛམ་གླིང་རྩོམ་རིག་ཅེས་པ་ཞིག་ཡོད། དེ་ནི་མི་རིགས་རྩོམ་རིག་གི་ཡང་སྟེང་དུ་གྲུབ་པ་ཞིག་དང་། དེ་དང་གཞི་གཅིག་ཏུ་འབྲེལ་བ། ངོ་བོ་གཅིག་ཏུ་འདྲེས་པ། རྩོམ་རིག་བསམ་བློའི་རླབས་རྒྱུན་ཏུ་འདུས་པ་ཡིན། འོན་ཀྱང་། འདིའི་བརྒྱུད་རིམ་ལ་དུས་ཡུན་རིང་བོ་ཡོད་པས།ཀློག་པ་བོ་དང་རྩོམ་པ་བོས།  སྐབས་རེར་མི་རབས་མང་བོ་སོང་རྗེས་ད་གཟོད་རྒྱལ་ཁབ་གཞན་པའི་རྩོམ་པ་པོ་ངོ་ཤེས་པ་དང་རྒྱུས་ལོན་ཐུབ། རྒྱུ་དེའི་རྐྱེན་གྱིས་ཕན་ཚུན་བར་ཤུགས་ཐེབས་པ་འགོར་འགྱངས་བྱས། མི་རིགས་སོ་སོའི་རྩོམ་རིག་ཕྱོགས་གཅིག་ཏུ་འདུས་ནས་འཛམ་གླིང་རྩོམ་རིག་གི་སྲོག་རྒྱུན་ཏུ་གྱུར་ཏེ། དུས་སྐབས་དེར་ནུས་པ་གཙོ་འདོན་བྱེད་མ་ཐུབ་པར། བུ་རབས་ཚ་རྒྱུད་ལ་ཤུགས་རྐྱེན་ཐེབས་པ་ཙམ་ཡིན།  ལས་བསྐལ་བཟང་བས།   དེ་རིང་རྒྱལ་ཁབ་སོ་སོའི་ཀློག་མཁན་དང་རྩོམ་མཁན་ཕན་ཚུན་བར།  འགྲིམ་འབྲེལ་དང་ཤུགས་རྐྱེན་ཐེབས་པར་དུས་ཚོད་ཆེར་བསྟུང་ཡོད།   དོན་འདི་ང་རང་ལ་ལུས་སེམས་ངོས་ཉིད་ཀྱི་ཚོར་མྱོང་ཡོད།  རྒྱལ་ནང་ནས་དཔེ་སྐྲུན་བྱེད་མི་ཐུབ་པའི་ངའི་བརྩམས་ཆོས་དག   ལོ་ཙྭ་བའི་སྨྱུ་གུ་དེ་དག་ཇི་འདྲ་ཧོལ་རྒྱུག་བྱས་ཀྱང་། གང་ལྟར་འཛམ་གླིང་ས་ཁུལ་སོ་སོར་ཐོས་མྱོང་ཡོད་པར་གྱུར། ཉེ་བའི་ལོ་འདི་དག་ལ།   ངའི་བརྩམས་ཆོས་དང་ངའི་རང་དབང་དམ་དུ་བཏགས་དུས་སུ།  དེ་དག་རྟེན་ས་ཆགས་ས་མེད་པར “ལྗིད་ཚད་ལྡོག་ཤུགས” ཆོས་ཉིད་ཀྱི་རྣམ་པས་དབྱིངས་སུ་འཕྱང་དུས། བསམ་ཡུལ་ལས་འདས་པ་ཞིག་ལ། རྒྱལ་ཁབ་སོ་སོའི་ལས་མཐུན་གྲོགས་པོ་རྣམས་ཀྱིས་རྒྱབ་སྐྱོར་མཛད་པའི་བཀའ་དྲིན་ནི་སྨྲ་བརྗོད་ཀྱིས་ནུས་པ་ཞིག་མ་ཡིན།
དོན་འདིས་ང་ལ་འཛམ་གླིང་རྩོམ་རིགས་ནི་སྒྲ་སྤྱི་ཙམ་གྱི་ཐ་སྙད་ཅིག་མ་ཡིན་པར།  དེ་ནི་རྣམ་པ་ངེས་ཅན་ཡོད་པ།  འགྲོ་བ་མིའི་སྤྱི་མཐུན་གྱི་བསམ་བློ་འདུས་པ།    གཅིག་གྱུར་གྱི་ཁྲག་རྒྱུན་རྒྱུ་བའི་སྙིང་གི་དུམ་བུ་ཞིག་ཡིན་པ་ཤེས་སུ་བཅུག   དོན་འདིས་འགྲོ་བ་མིའི་བསམ་བློའི་ཁ་ཕྱོགས་གཅིག་མཐུན་ཡིན་པ་མཚོན་ཐུབ་སྨྲ་མི་དགོས་པར།  དེ་རིང་གི་དུས་འདིར་རྒྱལ་མཚམས་སོ་སོར་གང་སར་ཁྲག་རྒྱུན་གསར་བ་རྒྱུ་ཞིང་། རྡུལ་ཕྲན་མཚོན་ཆ་འགད་པའི་སྒྲ་གང་སར་གྲག་ལ། ཚ་རླབས་འཕྱུར་བའི་མཐོ་གནོན་གློག་གི་དྲ་བས་གང་སར་སྦྲེལ། དེས་མ་ཚད།  རྒྱལ་ཁབ་འགའ་ཤས་ཀྱི་སྲིད་འཛིན་སྡེ་ཁག་གིས་སྔོན་ལྟར་རྩོམ་རིག་ནི་ནང་སྲིད་དུ་གཏོགས་པར་འདོད་པ་དང་། ཚགས་པར་གྱི་ཁ་བྱང་དག་ཏུ་རྒྱུན་པར “ཁོ་ཚོ་ལ་ང་ཚོའི་ནང་སྲིད་ལ་ཐེ་གཏོག་བྱེད་པའི་དབང་ཆ་མེད” ཅེས་པའི་ཚིག་ཚོགས་མཐོང་ཐུབ།  དོན་དུ། དེང་རབས་འཛམ་གླིང་དུ་སྒོ་གཏན་ནས་བྱ་བ་སྒྲུབ་པར་བཟོད་སྒོམ་སུ་ཡིས་བྱེད། དེ་རིང་གི་དུས་འདིར་འགྲོ་བ་མི་སྲུབ་སྐྱོབ་བྱེད་པའི་ཐབས་ཉག་གཅིག་ནི།  ཐབས་ཅད་ལག་པ་མཉམ་རིབ་ཀྱིས་འཛམ་གླིང་གི་བྱ་བར་བདག་གཉེར་བྱེད་དགོས།  ཤར་ཕྱོགས་པས་ནུབ་ཕྱོགས་ཀྱི་བྱ་བར་བདག་གཉེར་བྱེད་དགོས་ལ།   ནུབ་ཕྱོགས་པས་ཤར་ཕྱོགས་སུ་བྱུང་བའི་གནད་དོན་ལ་དོ་སྣང་མི་བྱེད་སྲོལ་ག་ལ་ཡོད། ལྷག་ཏུ། རྩོམ་རིག་ནི་འགྲོ་བ་མིའི་འཚོ་སྡོད་ཀྱི་རེ་བ་འགེལ་ས་ཉག་ཕྲ་ལ་གནད་ཆེ་བའི་ལག་ཆ་ཞིག་ཡིན་པས།  ངེས་པར་དུ་འགྲོ་བ་མིའི་གཅིག་གྱུར་གྱི་རེ་བཞག་འབྲེལ་མཐུད་བྱེད་པར་བཟུང་བའི་བྱེད་ཐབས་ཆེས་ཐོག་མ་ཡིན་དགོས།   དེའི་ཕྱིར།   དེ་རིང་ངས་ཡིད་ཆེས་གཡོ་བ་མེད་པས།    འཛམ་གླིང་རྩོམ་རིག་དང་།  ཕན་ཚུན་ངོ་མ་ཤེས་ཀྱང་རེ་བ་དང་ལས་གཅིག་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་གྲོགས་པོ་ཚོར་འབོད་པ་གཏོང་།  ང་ཚོས་མཉམ་དུ་འབད་བརྩོན་བྱེད།

གྲོགས་པོ་ཚོ།  གལ་ཏེ་ང་ཚོ་ལ་ད་དུང་རིན་ཕྲན་བུ་ཙམ་ཡོད་ན། ང་ཚོས་ལག་རྡང་སྦྲེལ་ནས་འགན་དེ་འགྲུབ་པར་བྱེད།   གྲལ་རིམ་དང་།  ལས་འགུལ།  ཏང་ཁག་གིས་གཤགས་གཏུབ་བྱེད་པའི་རྒྱལ་ཁོངས་སུ། སུ་ཞིག་གིས་འགོ་མཇུག་བར་གསུམ་དུ་འགྲོ་བ་མིའི་གཅིག་མཐུན་ལ་དོ་སྣང་བྱེད་དམ།འདི་ཕལ་ཆེར་རྩོམ་པ་པོ་གཅིག་པུའི་ལས་འགན་རེད།  ང་ཚོ་ནི་མི་རིགས་ཀྱི་ཚབ་བྱས་ནས་སྐད་ཆ་ཤོད་མཁན་ཡིན། མི་རིགས་མཉམ་འབྲེལ་བྱེད་པ་དང་།  འཛམ་གླིང་མཉམ་འབྲེལ་གྱིས་རིགས་མཐུན་ནུས་པ་གཅིག་ཏུ་སྡུད་མཁན་ཡིན། དེ་ལྟར།  ང་ཚོ་ལྷག་པར་དུ་འགྲོ་བ་མིའི་ཆེས་བླ་ན་མེད་པའི་རྣམ་ཤེས་ཀྱི་ཚབ་མཚོན་ཡིན།

འཛམ་གླིང་རྩོམ་རིག་གིས་འཚོ་བ་རྒྱུན་ཚད་པའམ་མུ་མཐུད་པའི་གནད་ཀྱི་འགག་སྒོ་འདིར།     འགྲོ་བ་མི་ལ་རོགས་སྐྱོར་བྱས་ནས་བསམ་པ་ངན་པ་འཆིང་བའི་མི་རྣམས་ངོས་ཟིན་པར་བྱེད་པ་མ་ཟད།  དེ་དག་གི་རྩ་འཛུགས་ཀྱིས་ལྟ་བ་ངན་པ་སྒྲོག་པའི་གཡོ་སྦྱོར་རྩ་བརླག་བྱེད་པ་དང་།  ཕྱོགས་སོ་སོའི་འགྲོ་བ་མིའི་ཉམས་མྱོང་གཅིག་སྡུད་ཀྱིས་འགྲོ་བ་མི་ཁ་འཐོར་སྣ་རལ་དུ་འགྲོ་བའི་རྒྱུན་གཅོད་པ།   ང་ཚོ་མུན་འཐོམས་ལས་གྲོལ་བ་དང་།  རིན་ཐང་གི་ལྟ་བ་མི་འདྲ་བ་སྙོམས་སྒྲིག་བྱེད་པ།    འཛམ་གླིང་གི་མི་རིགས་སོ་སོའི་ཟབ་ཅིང་དག་པའི་ཕན་ཚུན་གྱི་ལོ་རྒྱུས་ལ་ངེས་ཤེས་སྐྱེས་བར་བྱེད་པ་དང་།    མི་གཞན་གྱི་སྡུག་བསྔལ་མཐོང་ཐུབ་པ་མ་ཟད། དེ་ཉིད་མེ་ལོང་དུ་བཟུང་ནས་བྱ་ངན་བསྐྱར་ལྡབ་མི་བྱེད་པར་ཡིད་ཆེས་རྡོ་རྗེ་བཞིན་བརྟན།  འཛམ་གླིང་རྩོམ་རིག་ལ་དེ་ལྟ་བུའི་ནུས་པ་ཞིག་ཡོད་པ་ང་ལ་ཡིད་ཆེས་ཡོད།   དེ་དང་མཉམ་དུ།    དེ་ཉིད་མ་ལག་ཚང་བའི་འཇིག་རྟེན་ལྟ་ཚུལ་དུ་གྲུབ་སྟེ།  མི་ཀུན་གྱིས་སྒྲུབ་ནུས་པ་ཞིག་ཡིན་པ་ཇི་བཞིན།   མིག་གིས་མདུན་གྱི་འགྱུར་ལྡོག་མཐོང་བ་དང་། མིག་ཟུར་གྱིས་འཛམ་གླིང་གི་མ་འོངས་པའི་མདུན་ལྗོངས་མཐོང་ཐུབ།   དེ་ལྟར་བྱས་ན་ད་གཟོད།   ང་ཚོར་འཇིག་རྟེན་ལ་ལྟ་ཞིབ་བྱེད་པ་དང་འཇིག་རྟེན་གསར་བསྐྲུན་བྱེད་པར་སྤྱི་མཐུན་གྱི་ཚད་གཞི་ཞིག་ཡོད་པ་རེད།
རྩོམ་པ་པོ་ལས།  གཞན་པ་སུ་ཞིག་གིས་དབང་སྒྱུར་བའི་ལོག་སྤྱོད་དང་།  སྤྱི་ཚོགས་རུལ་སོང་ (དེ་ནི་ངོ་ཚ་ཁྲེལ་མེད་ཅིག་གམ།  ཆོག་ཤེས་ཀྱིས་བསྣད་པའི་སྡར་མ་ཞིག     ཡང་ན་གཞོན་རབས་པ་རྒྱ་ཡན་དུ་གཏོང་བའི་ནུས་མེད་གང་ཡིན་ཡང་) ལ་སྐྱོན་འཛུགས་བྱེད།
མི་འགའ་ཞིག་གིས་འདི་ལྟར་འདྲི་ཡང་སྲིད།   “སྙིང་རྗེ་མེད་པའི་དྲག་ཤུགས་དང་གདོང་གཏད་དུས། རྩོམ་རིག་ལ་ནུས་པ་ཅི་ཞིག་ཡོད་སྲིད”   ང་ཚོས་ཤེས་དགོས་པ་ནི།  གལ་ཏེ་རྫུན་གཏམ་མེད་ན།  དྲག་ཤུགས་ཇི་ལྟར་གནས།  དྲག་ཤུགས་ནི་རྫུན་གཏམ་དང་ངོ་བོ་གཡེར་མེད་དུ་གྱུར་ཡོད་པ་རེད།  སུ་ཞིག་གིས་ཀྱང་དྲག་ཤུགས་ཐབས་སུ་བསྟེན་པར་བསྒྲགས་ན།   དེར་ངེས་པར་དུ་རྫུན་གཏམ་གྱི་རྒྱབ་དཔུང་ཉར་ཡོད། དྲག་ཤུགས་ཐོག་མར་འབྱུང་དུས། “མི་སྐྱག་དཔོན་འགྲོ” བྱེད་སྲིད།  འོན་ཀྱང་།  ནུས་ཤུགས་ཇེ་སྲབ་ཏུ་སོང་ནས་དེ་ལ་སྟོབས་བསྐྱེད་དགོས་དུས་དང་། མཐའ་བཞིའི་མཁའ་དབུགས་ཀྱ་གྲུབ་ཆ་སྟོང་སང་དུ་སྣང་བའི་སྐབས། རྫུན་གཏམ་དུག་སྤྲིན་གྱིས་བཀང་ནས་འཚོ་ཐབས་བྱེད་པ་དང་། གཡོ་སྒྱུའི་ཚིག་གིས་མགོ་སྐོར་ཐབས་བྱེད།   རང་གི་གནོན་ཤུགས་ལ་བསྟེན་ནས།  སྲོག་བློས་གཏོང་མཁན་གྱི་སྣ་དབུགས་གཅོད་པ་དང་། རྒྱུན་པར་ཁོ་ཚོར་རྫུན་གཏམ་ཁས་ལེན་དུ་འཇུག་པ་དང་། རྫུན་གཏམ་སྨྲ་བའི་དཔུང་ཚོགས་སུ་སྡུད་ཐབས་བྱེད།
ཡིན་ན་ཡང་།   དཔའ་སྤོབས་ཅུང་ཟད་ཡོད་པའི་མིས།   ཤིན་ཏུ་སླ་བའི་སྒོས་གནད་དོན་འདི་སེལ་ཐུབ་པ་སྟེ།  ཁོ་བོ་དེའི་དཔུང་དུ་མི་ཞུགས་པ་དང་།   ལུགས་མེད་ཀྱི་བྱ་བ་དེ་ག་ལ་རྒྱབ་སྐྱོར་མི་བྱེད་པར།    “རྫུན་གཏམ་དང་དྲག་ཤུགས་རང་ས་ནས་སྐྱེས།   འཛམ་གླིང་ལ་ཁ་ལོ་བསྒྱུར།  ངས་ངན་རྒྱབ་ངན་སྐྱོར་མི་བྱེད།   ཁོ་ཚོ་དང་མཉམ་དུ་ལམ་ལོག་ཏུ་མི་ཞུགས” པར་བྱས་པས་ཆོག  རྒྱུན་པར་རྩོམ་པ་པོ་དང་སྒྱུ་རྩལ་མཁན་དག་གིས་རྫུན་གཏམ་ལ་རྒོལ་རྡུང་དྲག་པོ་བྱེད་ཐུབ།   རྫུན་གཏམ་དང་དགྲ་བོ་གདོང་གཏད་བྱུང་ཚེ།   སྒྱུ་རྩལ་གྱིས་ནམ་ཡང་རྒྱལ་ཁ་ལེན་པ་རེད།    དེ་ནི་དགག་སྒྲུབ་བྱེད་མི་དགོས་པར་ཀུན་གྱིས་མིག་མཐོང་ལག་ཟིན་དུ་ཡོད།   རྫུན་གཏམ་གྱིས་རྒྱུན་པར་འཇིག་རྟེན་བྱ་བ་མང་བོ་ཞིག་དབང་དུ་སྒྱུར་མོད།  སྒྱུ་རྩལ་གྱི་ཁུ་ཚུར་གཅིག་གི་སྣར་མི་རྟེན།    གང་ཞིག་རྫུན་གཏམ་ཡལ་བར་གྱུར་ན།  དྲག་ཤུགས་གཅེར་བུར་ལུས་པ་དང་། ཉམས་ཞན།  ནུས་མེད། དེ་མ་ཐག་ཡལ་ནས་འགྲོ་ངེས།
གྲོགས་པོ་ཚོ།       འདི་ནི་ངས་འཛམ་གླིང་སྔར་མེད་པའི་གཏུམ་སྤྱོད་ཀྱི་ཚོད་ལྟར་ཐུག་དུས། ང་ཚོས་དེ་ལ་རོགས་སྐྱོར་ཞིག་བྱེད་ཐུབ་ས་ཡོད་སྙམ་དོན་ཡིན།   ང་ཚོས་མགོ་ཞ་ལག་བསྲུངས་ཀྱིས་གསོད་སྒུག་བྱེད་མི་རུང་།    ང་ཚོ་ནམ་ཟླ་སྟོང་ཟད་དང་།   སྙིང་བོ་མེད་པའི་འཚོ་བར་ཟིན་ནས་སྡོད་རུང་།    ང་ཚོ་ངེས་པར་ཐོན་ཡོང་ནས་འཐབ་རྩོད་ཀྱི་གྲལ་དུ་ཞུགས་དགོས།


        ཨུ་རུ་སུའི་སྐད་རིགས་སུ་ཐམས་ཅད་ཀྱིས་དགའ་བསུ་ཐོབ་ལ།  བདེན་དོན་གྱི་བཅུད་ལྡན་པའི་གཏམ་དཔེ་འགའ་ཡོད་པ་དེ་དག་གིས    མི་རིགས་འདིའི་ཉམས་མྱོང་ཚིག་ཐག་བཅད་ནས་བརྗོད་ཡོད་པ་མ་ཟད། སྐབས་འགར་མི་ལ་ཧ་ལས་པར་འཇུག
_བདེན་དོན་གྱི་བཅུད་ལྡན་པའི་ཡི་གེ་གཅིག་གི་ལྗིད་ཚད་འཛམ་གླིང་ལས་ཆེ།  ང་རང་གིས་བྱ་སྤྱོད་ཐམས་ཅད་ཀྱི་གཞི་དེ།    བལྟས་ཚོད་ཀྱིས “ནུས་ཚད་དང་སྤུས་ཚད” ཆོས་ཉིད་དང་མི་མཐུན་པར་སྣང་བའི་ཡི་གེ “བདེན” གཅིག་པུར་བཅོལ་ཡོད།  དེ་དང་མཉད་དུ་སྙིང་ཐག་པ་ནས་འཛམ་གླིང་གི་རྩོམ་པ་བོ་ཡོད་ཚད་དང་མཉམ་དུ་འཐབ་རྩོད་བྱེད་ན་འདོད།
ཡ་ལི་ཧྲན་ཏ    སོར་རིན་ནཱ་ཆེན་ནི་ (༡༩༡༨ _  ?) སུའུ་ལེན་གྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན།   ༡༩༧༠ ལོར་ནོ་པེར་རྩོམ་རིག་བྱ་དགའ་ཐོབ།  སོར་རིན་ནཱ་ཆེན་ཐེངས་དེའི་ནོ་པེར་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་མ་ཐུབ་མོད།      འོན་ཀྱང།   རྗེས་སུ་ཁོས་ཁོར་ཡུག་གཞན་དག་དུ་ <<འགྲོ་བ་མིའི་ཆེད་དུ་སྒྱུ་རྩལ་བསྒྲུན>> ཞེས་པའི་གཏམ་བཤད་སྤེལ་བཞིན་ཡོད།

<<ནོ་པེར་རྩོམ་རིག་བྱ་དགའི་བརྩམས་ཆོས་ཆ་ཚང་བསྡུས་བྲིས་དཔེ་ཚོགས>> དེབ་བཅུ་བ་ལས་བཤུས་ཤིང་བསྒྱུར།

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s