རྒྱ་གྲོལ།

4、འགྲོ་ཞོར་ལམ་བུའི་སྙིང་ཐུབ། །
ལུས་དྲི་ཞིམ་པའི་བུ་མོ། །
གཡུ་ཆུང་དྲུག་དཀར་རྙེད་ནས། །
བསྐྱུར་བ་དེ་དང་འདྲ་བྱུང༌། །

      མྱོང་འགྲེལ། འགྲོ་ཞོར་དུ་ཁྱོད་ནི་འཇའ་ཚོན་གྱོན་པའི་མེ་ཏོག་བཞིན་ངའི་མིག་ལམ་དུ་ཤར་བྱུང༌། བསུང་ཞིམ་འཐུལ་བའི་མིག་མདངས་རེ་རེས་ལྕགས་ཀྱུ་བཞིན་ངའི་སེམས་པ་ཁྲིད་ནས་གང་ཞིག་ལ་བུད་སོང༌། འཚོལ་བཞིན་པའི་སེམས་པ་ཕྲ་མོ་ཕངས་སེམས་ཀྱིས་ཁྱབ་ཅིང༌། ངའི་མདུན་དུ་འགྲོ་བཞིན་པའི་ལུས་འདི་ཅི་ཞིག་བོར་བ་དང་འདྲ། ངའི་ན་ནིང་རྙེད་པའི་གཡུ་དྲུག་དཀར་དེ་བོར་བ་ཡིན་ནམ།  ངས་ལྷན་སྐྱེས་སུ་བྱུང་བའི་རང་སེམས་ཕྲ་མོ་དེ་བོར་བ་ཡིན་ནམ།
སྙན་ངག་གི་ཁྱད་ཆོས། སྙན་ངག་འདིས་ལུས་དྲི་ཞིམ་པ་ཞེས་པས་ཆགས་ཉམས་ཤས་ཆེ་ལ། གཡུ་ཆུང་དྲུག་དཀར་ཞེས་པ་དང་འབྲེལ་བས་རིན་ཐང་ཆེ་བར་དགོངས་ཤིང་དེ་ལས་ཉམས་འགྱུར་དབང་མེད་དུ་ཐོན་འོང༌། ལམ་དུ་འཕྲད་པའི་བུ་མོ་དེ་དང་གྱེས་པའི་དྲན་གདུང་དེ་གཞན་ལས་ཤུགས་དྲག་པོ་ཞིག་ཡོད་པ་སྟེ།  དེ་ནི་ཆགས་པ་འདྲེས་པའི་དྲན་གདུང་ཞིག་སྟེ། ལུས་དྲི་ཞིམ་པའི་ཚོར་བ་དེ་དྲན་པ་སྔར་ལས་ལྷག་པར་ཟབ་ཅིང་འབྱམས་པར་གྱུར།


5、མི་ཆེན་དཔོན་པོའི་སྲས་མོ། །
ཁམ་འབྲས་མཚར་ལུགས་བལྟས་ན། །
ཁམ་སྡོང་མཐོན་པོའི་རྩེ་ནས། །
འབྲས་བུ་སྨིན་དང་འདྲ་བྱུང༌། །

     མྱོང་འགྲེལ། ངའི་ཡིད་ལ་མེ་ཏོག་བསུ་བའི་ཁྱོད། ངའི་མིག་ལ་མཚར་སྡུག་གིས་བཞད་པའི་ཁྱོད། ད་དུང་ཁམ་བུའི་མངར་ཁ་ལྟ་བུའི་སྣང་བ་ཞིམ་པོས་ངའི་བརྩེ་བའི་ཆུ་མིག་བརྡོལ་བྱུང༌།  དེ་རིང་གི་ཁྱོད་ངའི་རེ་བའི་ཁྲོད་དུ་བཞད་དམ།
སྙན་ངག་གི་ཁྱད་ཆོས། རང་གི་ཡིད་སོང་བའི་བུ་མོ་ཞིག་སྟེ་དེའི་ཁ་འབྲས་ནི་ཁམ་སྡོང་རྩེ་ཡི་འབྲས་བུ་སྨིན་པ་བཞིན་དུ་སྣང་བས་ཡིད་སོང་བའི་ཉམས་ཤིག་ཡོད་མོད་དཔེ་དཔེ་ཅན་གྱི་ཚོར་བ་དྲག་པོ་ཞིག་འབྱུང་དུ་བཅུག་མེད།


6、སེམས་པ་ཕར་ལ་ཤོར་ནས། །
མཚན་མོའི་གཉིད་ཐེབས་གཅོག་གི །
ཉིན་མོ་ལག་ཏུ་མ་ལོན། །
ཡིད་ཐང་ཆད་རོགས་ཡིན་པས། །

      མྱོང་འགྲེལ། ངའི་སེམས་པ།ཁྱེད་ཀྱི་རྗེས་སུ་ཤོར་སོང༌། མཚན་མོའི་ཏིང་འཛིན་དུ་འཁོར་ཡོང་བའི་ཁྱོད་ཀྱིས་ངའི་གཉིད་བཅགས་སོང་ལ། ངའི་ཡིད་དུ་ཐང་ཆེན་སྐྱ་མོ་ཞིག་འཕོས་པ་བཞིན་ཨ་ཐང་གིས་ལུས་སོང༌། རེ་བས་བཙལ་ཀྱང་གདུང་བ་སྟེར་བའི་ཁྱོད། ངའི་མཐོང་ལམ་དུ་མེད་པ་འདྲ་ལ།ཡང་ན་ངའི་ཉེ་ས་ཞིག་ཏུ་ཡོད་ཡོད་འདྲ་བྱུང༌།  གང་ལྟར་ཀྱང་ཇི་འདྲར་བཙལ་ན་ལག་ཏུ་མི་ཡོང་བའི་ཁྱོད་ངའི་དུང་བའི་ནང་དུ་འཁོར་ཡོང་ལ། ངའི་རེ་སྨོན་ཆུ་བཞིན་བཞུར་འགྲོ་ཨང༌། ཁྱོད་ནི་ངའི་ལག་ཏུ་གཏན་ནས་མི་ཡོང་བའི་ནམ་མཁའི་ཟླ་བ་དེ་ཡིན་པ་འདྲ་བས་ངའི་རྨི་ལམ་གྱི་འཛུམ་མདངས་དེ་བཞིན་ངས་ཇི་ལྟར་རྙེད།
སྙན་ངག་གི་ཁྱད་ཆོས། ཡིད་ཆད་ཅིང་མཚན་མོ་གཉིད་ཆག་པ་འདི་ལས། དྲན་པ་དེ་གཟུགས་སུ་མཚོན། འདི་ལྟར་ཉིན་མཚན་གཉིས་སྦྱར་ནས་བརྩེ་དུང་གི་འགྱུར་བ་མཚོན་པ་འདིས་སྙན་ངག་གི་མཚོན་ཐབས་རྨད་དུ་བྱུང༌།


7、མེ་ཏོག་ནམ་ཟླ་ཡལ་སོང༌། །
གཡུ་སྦྲང་སེམས་པ་མ་སྐྱོ། །
བྱམས་པའི་ལས་འཕྲོ་ཟད་པར། །
ང་ནི་སྐྱོ་རྒྱུ་མི་འདུག །

       མྱོང་འགྲེལ། མེ་ཏོག་གི་ནམ་ཟླ་དེ་རྨི་ལམ་བཞིན་གཡུ་སྦྲང་གི་སྐྱོ་ཤའི་ཁྲོད་དུ་ཡལ་སོང༌། སྐྱོ་ཤས་འཚོ་དཀའ་བའི་གཡུ་སྦྲང་ལགས། དེ་ནི་མི་རྟག་པ་སྟེ། མི་རྟག་པའི་ཆོས་ཉིད་འདི་ནི་ཡོང་འོས་པ་ཞིག་ཡིན་པ་ལས་སུས་ཀྱང་ཟློག་ཐབས་མེད་པ་ཞིག་ཡིན་པས་སྐྱོ་སྐྱོ་མ་གནང༌། བདག་ནི་སེམས་ཀྱི་ཚེར་མ་སྟེ་མེ་ཏོག་ལྟ་བུའི་བྱམས་པ་དེ་ལས་འཕྲོ་ཟད་སོང་ན་ཡང༌། སྐྱོ་རྒྱུ་མེད་དོ།། སྐྱོ་ཡང་དགོས་པ་མེད་དོ།།  སྐྱོ་བ་ཡོད་ཀྱང་རང་སེམས་བརྟན་པོ་འཛིན་དགོས་ཨང༌།
སྙན་ངག་གི་ཁྱད་ཆོས། འདི་ནི་རང་སེམས་གསོ་བའི་གླུ་སྟེ། སྡུག་ན་རང་སེམས་གསོ་བའི་དཔེ་བཞིན་རང་གི་དོན་དུ་གཉེར་ཞིང་རེ་བའི་དོན་དེ་མ་ཐོབ་པས་སྐྱོ་བའི་རང་སེམས་གསོ་བ་ཞིག་སྟེ། སྐྱོ་བ་དེ་ཟད་མི་ཤེས་ན་ཡང་སྦྲང་མ་ལ་སེམས་གསོ་བྱེད་པའི་ཚིག་གིས་བརྗོད་པ་འདིས་རྟོག་བཏགས་ཀྱི་རྩོམ་སྟངས་ཤིག་སྤྱད་ཡོད་ལ། རྩོམ་སྟངས་དེས་རང་གི་འགྱུར་བ་ཀློག་པ་བོའི་སེམས་ལ་འདྲེས་པར་བྱ་ཐུབ་སྟེ་མེ་ཏོག་ནམ་ཟླ་ཡལ་བ་དེ་གཡུ་སྦྲང་སེམས་པ་ཅིའི་ཕྱིར་མི་སྐྱོ་ཁོའི་ཚེ་སྲོག་དང་འབྲེལ་ཡོད་པས་སོ།།


8、རྩི་ཐོག་བ་མོའི་ཁ་ལ། །
སྐྱི་བསེར་རླུང་གི་ཕོ་ཉ། །
མེ་ཏོག་སྦྲང་བུ་གཉིས་ཀྱི། །
འབྲེལ་མཚམས་གཅོད་མཁན་ལོས་ཡིན། །

        དོར་ཞིས། རྩི་ཐོག་གིས་སྙིང་ཁའི་རྩ་དབུ་མ་མཆོག་དང༌།  བ་མོས་དྷི་ཏིའི་ཐིག་ལེ་བ་མོ་ལྟར་འཛག་པ་དེ་དང༌།  སྐྱི་སེར་རླུང་གི་ཕོ་ཉས་རོ་རྐྱང་གཉིས་སུ་རྒྱུ་བའི་རླུང་དང༌། མེ་ཏོག་དང་སྦྲང་བུ་ནི་གཟུང་འཛིན་ཐ་དད་དུ་སྣང་བའི་རྣམ་པར་རྟོག་པ་སྟེ། མདོར་ན་རོ་རྐྱང་གཉིས་སུ་རྒྱུ་བའི་རླུང་དེ།སྙིང་ཁའི་དྷི་ཏི་ལ་ཐིམ་པའི་ཚེ། གཟུང་འཛིན་གཉིས་སུ་སྣང་བའི་གཉིས་སྣང་གི་རྟོག་པ་ནུབ་ནས། བདེ་གསལ་མི་རྟོག་པའི་ཏིང་འཛིན་ཐོབ་པར་འགྱུར་རོ།།
མྱོང་འགྲེལ། ངའི་རྩྭ་འཇམ་གཡུ་ལོའི་ཁྲོད་དུ་མི་འདོད་པའི་བ་མོས་གཙེས་བྱུང༌། མེ་ཏོག་གི་རྨི་ལམ་འཇམ་པོ་ཡལ་ཞིང༌། བསུང་ཞིམ་གྱི་ངད་ཁ་དྭངས་མོ་བོར་སོང༌། ད་དུང་བརྩེ་བ་མེད་པའི་སྐྱི་བསེར་རླུང་གི་ཕོ་ཉ་འདི་སུ་ཞིག་གི་གདུག་རྩུབ་བཞིན་དུ་ཞེ་སྡང་གིས་སླེབས་བྱུང༌། འཇིགས་རྔམ་གྱིས་སླེབས་བྱུང༌། དེ་དག་ནི་ཞེ་དུང་བའི་མེ་ཏོག་ཉམ་ཆུང་དང༌། སེམས་སྨྲེང་བའི་སྦྲང་མ་ལས་ངན་གཉིས་ཀྱི་ཕྱི་ཐག་ཕྲ་མོའི་འབྲེལ་མཚམས་དེ་གཅོད་མཁན་ཡིན་ངེས། གཞན་དུ་ན། ཅིའི་ཕྱིར།
སྙན་ངག་གི་ཁྱད་ཆོས། ང་ཞེས་བྲིས་མེད་ལ་མོ་ཞེས་ཀྱང་བྲིས་མེད་མོད། བསྡུས་བརྗོད་ཀྱི་རྩི་ཐོག་བ་མོ་དང༌། སྐྱི་བསེར་རླུང་གི་ཕོ་ཉ་སོགས་འགལ་རྐྱེན་རུ་འཛིང་བའི་ཁྲོད་དུ་མེ་ཏོག་དང་སྦྲང་མ་གཉིས་ནི་ཇི་འདྲའི་ཉམ་ཆུང་ཨང༌། འདི་ཀློག་དུས་མེ་ཏོག་དེ་ཁྱོད་ཡིན་སྲིད་ལ་སྦྲང་མ་དེ་ང་ཡང་ཡིན་སྲིད་པས་འདིས་ཀློག་པ་བོར་བྱིན་པ་ནི་རང་ཉམས་ཀྱི་སྐྱོ་གདུང་དང་ཚོར་བ་ཉག་གཅིག་ཏུ་ཟད་དོ།། དེ་བས་རང་ཉམས་ལ་ཚངས་དབྱངས་རྒྱ་མཚོ་ལ་འདང་བརྒྱབས་ན་ཁོང་ལ་གདུང་སེམས་མཉམ་སྐྱེའི་ཚོར་བ་ཞིག་ཀུན་ལ་བསྐྱེད་ཐུབ།


9、ངང་བ་འདམ་ལ་ཆགས་ནས། །
རེ་ཞིག་སྡོད་དགོས་བསམས་ཀྱང༌། །
མཚོ་མོ་དར་ཁ་འགྲིགས་ནས། །
རང་སེམས་ཁོ་ཐག་ཆོད་སོང༌། །

          མྱོང་འགྲེལ། མཚོ་མོ་དར་ཁ་འགྲིགས་ནས་སེམས་པ་ཁོ་ཐག་ཆོད་དེ་འཕྲེང་བ་དང་བཅས་འཕུར་འགྲོ་བ་ཡང༌།  འཕུར་ཁའི་ཕྱི་མིག་དང་འཕྲེང་ཞེན་དེ་ད་དུང་མཚོ་མོའི་ངོས་ན་ལུས་འདུག མཚོ་མོ་དར་ཁ་འགྲིགས་པ་ལ་ཐབས་ཀྱིས་ཟད་ན་ཡང་ཁོང་ལ་མཚོན་ན་དེ་ནི་ཕངས་སེམས་བླ་ན་མེད་པ་ཞིག་ཡིན། ཕངས་སེམས་དེ་ལས་ད་གཟོད་ཁོ་ཐག་ཆད་སོང༌། ཡིན་ན་ཡང༌། ཁོ་ཐག་ཆོད་པ་དེ་ནི་ད་དུང་ཕྱི་མིག་ལྟ་བུའི་འཕྲེང་སེམས་ཤིག་གོ།
སྙན་ངག་གི་ཁྱད་ཆོས། བསྡུས་བརྗོད་ཀྱི་ཐབས་སྤྱད་ནས་དོན་གྱི་ཁྱད་པར་དེ་ཕྱི་ཡུལ་དུ་འདྲེས་པར་བྱས་ཤིང་དེ་ཡང་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ལ་བསྟུན་པས་འདི་ལས་མངོན་པ་ནི་སྐྱོ་ཤ་ཞིག་སྟེ། སྐྱོ་ཤ་དེ་ནི་གུ་ཐུག་གི་སྐྱོ་ཤ་ཞིག་དང་དུང་སེམས་ཀྱི་སྐྱོ་ཤ་ཞིག་ཏུ་བསྒྱུར།


10、གྲུ་ཤན་སེམས་པ་མེད་ཀྱང༌། །
རྟ་མགོས་ཕྱི་མིག་བལྟས་བྱུང༌། །
ཁྲེལ་གཞུང་མེད་པའི་བྱམས་པས། །
ང་ལ་ཕྱི་མིག་མི་ལྟ། །

           མྱོང་འགྲེལ། ངའི་རེ་བ་སེམས་ཀྱི་ཆུ་ཕྲན་དང་འདྲེས་ནས་བཞུར། ངའི་དུང་བ་སྤང་གི་མེ་ཏོག་དང་མཉམ་དུ་བཞད། རེ་རེ་ཞིང་དུང་དུང་བའི་ཁྱོད། ད་དུང་ངའི་ལུས་ངག་ཡིད་གསུམ་གྱི་གཏིང་དུ་འདྲེས་ནའང་དེ་རིང་ཕྱི་མིག་ཀྱང་མེད་པར་གང་དུ་འགྲོའམ། ཁྱོད་ཀྱི་ཕྱི་མིག་ལ་རེ་བའི་སེམས་པ་ཕྲ་མོ་ད་ལྟ་འཁྱག་སེབ་སེ་རྫ་ལུང་སྟོང་བ་ཞིག་ཏུ་རྒྱུ་བཞིན་འདུག
སྙན་ངག་གི་ཁྱད་ཆོས། སྙན་ངག་འདིའི་ཉམས་ཐོན་ས་ཡང་རྟ་མགོ་དང་སྦྱར་ནས་ཕྱི་མིག་ཙམ་ཡང་མི་ལྟ་བ་དེ་ཡིན་ལ་དེ་ལས་སེམས་ཀྱི་དུང་བ་ཕྱི་རུ་བཞུར་དུ་བཅུག་སྟེ་ཁྲེལ་གཞུང་མེད་པའི་བྱམས་པ་རྟ་མགོ་ལྟ་བུའི་བརྩེ་བ་ཡང་མེད་ལ། བརྩེ་བར་ཕྱི་མིག་ཀྱང་མི་བལྟ་ན་ཡང་ང་ནི་དེ་ལྟར་མ་ཡིན་པར་ཁྲེལ་མེད་ཀྱི་ཕྱི་མིག་དེ་ལ་རེ་བ་ཆེན་པོ་བྱས་ཡོད། རེ་བ་དེའི་ཤུགས་ན་ཡོད་པ་ནི་ཁྲེལ་མེད་དེ་ཁྲེལ་མེད་ཅིག་མ་ཡིན་པར་རེ་བ་གཏོད་ས་ཞིག་ཏུ་བཤད་ཡོད་ལ། སེམས་མེད་ཀྱི་རྟ་མགོ་ཇི་བཞིན་ཕྱི་མིག་ཅིག་བལྟ་བ་ལ་ཇི་འདྲའི་རེ་ཨང༌།

ཤེས་རབ་བསྟན་དར་གྱི་ཚངས་མགུར་ཞིབ་འཇུག་ལས་བཤུས།

ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

%d