ཁྱོད་ཚོ་ཡོད་པས་ང་ཕྱུག་པོ་རེད་ཨང་། (བོད།)

ཞོགས་པ།

སློབ་གྲོགས་ཚོའི་དགོད་སྒྲའི་འཛུམ་མདངས་རེ་རེ་ན།
དུས་ཀྱི་བསླུ་བྲིད་མེད་པར་མེ་ལོང་རབ་ཏུ་དྭངས་པས།
དགའ་སྐྱོ་འདྲེས་མའི་རྨི་ལམ་རྫོགས་དུས་ཤིག་ལ།
ངས་ཁྱོད་ཚོ་དྲན་སྲིད་པ་ཡིན།
སྐར་ཚོགས་མེད་པའི་དེ་རིང་།
ངས་ཁྱེད་ཚོའི་འཛུམ་ཞལ་དྲོད་མོ་རུམ་ཞིང་།
ཆར་བའི་མེ་ཏོག་གི་མཆོད་ཆང་བཏེགས་ཏེ།
ལག་རྡང་གི་ང་རྒྱལ་སྙན་ངག་ཏུ་བྲིས་ན་བསམ་བྱུང་།
མུ་ཏིག་ལྟ་བུའི་བརྩེ་ཐག་ཅིག་ལ་དམ་པོར་འཇུས་པ་ནས།
ང་ལ་སྤོབས་པའི་གོམ་སྟབས་ཡོད་པར་གྱུར།
དེ་ནི་རི་གཟར་གྱི་རྦབ་རྡོ་ལྟར་འགོག་པ་མེད་ཅིང་།
གྱེར་འཕྱུར་གྱི་གངས་རི་བཞིན་གཡོ་བ་མེད་པར།
ལྷག་བསམ་གྱི་རི་རབ་ཅིག་བརྟན་བརླིང་གིས་འགྱིང་ཡོད་པས་ཅི་ལ་མིན།
རེད་དེ།
ཤ་དང་རུས་པའི་གཏིང་རུམ་ན།
ཚོར་བྱུང་གི་སྤྲེའུ་གར་དུ་རྩེད་སའི་བདག་གི་དཔུང་བ་གཤིག་རོགས་ཁྱེད་ཚོ།
ཉི་མ་དང་ཟླ་བའི་ལྡེབས་ངོས་སུ་བྲིས་པའི་སྒྲོན་མེའི་སྟར་ཕྲེང་ཞིག་ཏུ་རློམ་ན།
ས་ཆེན་པོ་འདིའི་དཀྱིལ་འཁོར་ན་གནམ་གྱི་ཞྭ་མོ་འདེགས་པའི་འདེགས་རོགས་ཤིག་ཏུ་ཆགས་ཡོད་པས།
ང་ལ་ཡོད་པ་ནི་སྤོབས་པའི་རྒྱལ་མཚན་དཀར་པོ་ཞིག་རེད་འདུག
བདག་གི་སྙིང་ཉེ་བའི་གྲོགས་ཀྱི་ཚོགས་ཡ།
མུན་པ་མེད་པའི་མཐུན་སྒྲིལ་གྱི་ལམ་ཐག་དེ།
ཇི་སྲིད་དུ་བརྩེ་བས་བརྒལ་ཞིང་།
ཇི་སྲིད་དུ་དགའ་སྤྲོས་བགྲོད་ཅིག་ཨང་།

དེ་རིང་གི་ལྷན་འཛོམས་ལ་བཏབས་པའི་དྲན་ཐོ།

ངེད་དྲྭ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s