བཅུད་པར་གཡང་མཁོ་རྒྱལ་ལ་རྒྱང་འདྲི།

༄༅། བཅུད་པར་གཡང་མཁོ་རྒྱལ་ལ་ངེད་འོད་དཀར་དྲྭ་ཚིགས་ཀྱིས་རྒྱང་འདྲི།

བཅར་འདྲི་བྱེད་མཁན་འོད་དཀར།

༡༽  ཁྱེད་རང་མཚོན་ནའང་བོད་ཕྱི་ནང་གཉིས་ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་མྱོང་ཡོད་པས་བོད་ནང་གཉིས་ཀྱི་རྩོམ་རིག་གི་ཕྱོགས་མི་འདྲ་བའི་ཁྱད་པར་ག་རེ་མཐོང་སོང་།

         ངས་བོད་ཕྱི་གཉིས་ཀ་ནས་རྩོམ་སྒྲིག་པས་ལས་ཀ་གཉེར་མྱོང་བའི་ཁུལ་འདྲ་བོ་རེད། ཡིན་ནའང་བོད་ནང་དུ་རྩོམ་སྒྲིག་བྱེད་སྐབས་ང་ལ་མཚོན་ན་རྩོམ་སྒྲིག་གི་ལེའུ་ཐོག་མ་དེ་ཆགས་ཡོད་སྟབས།  རྩོམ་སྒྲིག་པའི་ཉམས་མྱོང་མེད་པའི་ཁར་རྩོམ་སྒྲིག་བྱེད་སྐབས་སུ་དཀའ་ཚེགས་མང་པོ་ཞིག་ལ་འཕྲད་མྱོང་བ་ད་རུང་གསལ་བོར་དྲན་གྱི་འདུག  སྐབས་དེར་ང་ལན་གྲུའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ན་སློབ་གཉེར་བྱེད་བཞིན་ཡོད། ཉིན་ཞིག་ལ་བདག་གི་ཆུང་མ་གཟུངས་ཕྱུག་སྐྱིད་ལགས་ཀྱི་སྙན་ངག་འགའ་ལོ་རྒྱུས་ཀྱི་སློབ་དཔོན་ཆེན་མོ་བ་རྒན་ཞོ་ར་པདྨ་དབང་ཆེན་མཆོག་ལ་བསྟན་ནས་ངའི་ཆུང་མའི་སྙན་དེབ་ཅིག་བཏོན་ན་རྩོམ་གྱི་ཚད་གཞི་ག་འདྲ་རེད་ཅེས་བཀའ་འདྲི་དང་ཆབས་ཅིག་དགེ་རྒན་ལགས་ཀྱིས་གླེང་བརྗོད་ཅིག་ཀྱང་འབྲི་དགོས་ཞེས་སྙན་སེང་ཞུས་ཚེ། ཁོང་གིས་སྙན་ངག་འདི་དག་ཀློག་རྗེས་ལན་སྟེར་ཡོང་གསུངས་སོང་།   ཉིན་འགའི་རྗེས་སུ་དགེ་རྒན་ལགས་ཀྱིས་ང་རང་བོས་ནས་ཁྱེད་ཀྱི་ཆུང་མས་རྩོམ་ཡིག་ཡག་པོ་བྲིས་འདུག  འདི་ལ་ཁྱེད་ཀྱིས་རེ་འདོད་ལྟར་ངས་གླེང་བརྗོད་ཅིག་འབྲི་ངེས་ཡིན་ཞེས་ལན་སྤྲད་སོང་། དེ་ནས་ཉིན་ཤས་འགོར་རྗེས་གླེང་བརྗོད་བྲིས་ནས་སྤྲད་བྱུང་། རྗེས་སུ་ཁོ་མོས་བོད་ཀྱི་བུད་མེད་སྙན་ངག་དེབ་ཐོག་མ་<<བྱུ་རུའི་ལས་དབང>>་ཞེས་པ་དེ་གྲོགས་པོ་དག་གི་རོགས་འདེགས་དང་དཀའ་ཚགས་གང་མང་བརྒྱུད་མཐར་རྩོམ་སྒྲིག་ལེགས་པར་འགྲུབ་ནས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཐུབ་པ་བྱུང་བ་རེད།  དེ་མིན་བདག་གིས་རྒྱ་གཞུང་གི་གཞུང་ཞབས་ལས་ཀ་གཡུག་ནས་༢༠༠༢་ལོར་རྒྱ་གར་དུ་ཆབ་སྲིད་བཙན་བྱོལ་དུ་འབྱོར་རྗེས་མུ་མཐུད་དུ་རྩོམ་སྒྲིག་གི་ལས་ཀ་དེར་འཇུས་པ་ཡིན།

     ༢༠༠༣་ལོར་རྒྱ་གར་བྱང་ཕྱོགས་ཀྱི་བཞུགས་སྒར་རྡ་རམ་ས་ལར་མདོ་སྨད་སྐུ་འབུམ་དགོན་པའི་དགོན་བདག་༧སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་བཙུགས་གནང་མཛད་པའི་ཤེས་བྱ་ཀུན་བཏུས་རྩོམ་སྒྲིག་ལྟེ་གནས་ཁང་དུ་དཔེ་ཆ་སྣ་ཚོགས་རྩོམ་སྒྲིག་བྱས་ཡོད།  དེ་མིན་ཕྱི་ལོ་༢༠༠༨་ལོར་བཙན་བྱོལ་གྱི་སྙན་ངག་གི་དཔེ་ཚོགས་ཐོག་མ་དེ་ན་གཞོན་སྙན་ངག་པ་ལྷ་ཆབ་སྦྱིན་པ་ལགས་ཀྱི་སྙན་དེབ་<<སྤྱང་མོའི་རྐང་རྗེས་འཚོལ་བ>> དང་ཆུང་མ་གཟུངས་ཕྱུག་སྐྱིད་ཀྱི་སྙན་དེབ་ <<བང་སོ>>དང་ལྷུག་རྩོམ་དེབ་<<ས་ཆེན་གྱི་སྨྲེ་ངག>>བདག་གི་སྙན་དེབ་ཐོག་མ<<རོ་ལངས>>བཅས་དཔེ་སྐྲུན་བྱས་ཏེ་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱི་གཟིགས་རྟེན་ཙམ་དུ་འགྲེམས་སྤེལ་བྱས་པ་ཡིན། དེ་ནས་ལོ་ངོ་ཁ་ཤས་རྗེས་ནས་ངེད་ཚོགས་པའི་རྩོམ་རིག་སྣ་འཛོམས་ཀྱི་དུས་དེབ<<ཁ་བ>>ཞེས་པ་དེ་བཏོན་པ་ཡིན། སྐབས་དེར་ངེད་རྩོམ་སྒྲིག་ཁང་དུ་རྩོམ་ཡིག་སྐུར་མཁན་ཧ་ཅང་མང་པོ་འདུག དེའི་ནང་དུ་མི་སྐྱ་ལས་ལྡབ་གྱུར་གྱི་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་འབྲས་དགེ་གསུམ་ནས་སྐུར་མཁན་མང་པོ་འདུག་ངས་རྩོམ་སྒྲིག་བྱས་པའི་སྐོར་རགས་བསྡུས་ཙམ་བཤད་ན་དེ་འདྲ་ཞིག་རེད། དེ་མིན་བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་གི་ཕྱོགས་ནས་མ་འདྲ་བའི་ཁྱད་པར་ག་རེ་མཐོང་སོང་ཟེར་ན། སྤྱིར་བཏང་དྲི་བ་འདི་གཏིང་ཟབ་པས་ཧ་ཅང་ཁག་པོ་ཞིག་རེད། ཡིན་ནའང་ང་རང་གི་ལྟ་ཚུལ་དང་མྱོང་བ་རགས་བསྡུས་ཤིག་བརྗོད་ནའང་མི་ཆོག་རྒྱུ་མི་འདུག སྤྱིར་བོད་གངས་ཅན་ལྗོངས་ལ་མཚོན་ནས་བཤད་ན། བོད་ཀྱི་ཡིག་ཐོག་རྩོམ་རིག་གི་ཁྱབ་ཁོངས་དར་སྔ་ས་དེ་ཐོག་མར་བོད་ཀྱི་དགོན་སྡེ་ཁག་ཏུ་རིམ་གྱིས་དར་ནས་མཐར་སྐུ་དྲག་གི་ཁྱབ་ཁོངས་སུ་ཡང་སྐོར་བསྐྱར་སྐོར་བྱས་ནས་བསྡད་ཡོད་པས་རྐང་རྗེས་གཅིག་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་དེ་ལོ་རྒྱུས་རེད། དེ་མིན་བོད་ཁམས་ཡོངས་སུ་ཐུན་མོང་མ་ཡིན་པའི་དམངས་སྲོལ་སྣ་འདུས་ཀྱི་རྩོམ་རིགས་དེ་དག་ནི་ང་ཚོ་བོད་ཀྱི་མེས་པོ་གོང་མ་དག་ལས་བྱུང་བ་ནས་ད་ལྟའི་བར་དུ་སྤྱི་ཚོགས་འདྲ་མིན་བརྒྱུད་དེ་མི་རབས་ནས་མི་རབས་བར་བསྲེགས་བཅད་བརྡར་གསུམ་བྱས་ནས་བོད་ཀྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་ཞིག་རིམ་གྱིས་དར་ཁྱབ་བྱུང་ཡོད་པ་ནི་དགའ་འོས་པའི་ལོ་རྒྱུས་ཀྱི་གཟི་བརྗིད་ལྟ་བུ་ཞིག་ཏུ་ཆགས་ཡོད།  ཁ་སང་དེ་རིང་ང་ཚོ་བོད་ཀྱི་སྤྱི་ཚོགས་ཁྲོད་དར་ཁྱབ་བྱུང་བའི་ཚིགས་བཅད་དང་། ལྷུག་རྩོམ། རང་མོས་སྙན་ངག བརྩམས་སྒྲུང་སོགས་གཙོས་རྩོམ་རིག་སྣ་མང་ཞིག་དར་བཞིན་པ་དེ་མུན་ནག་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་ཀྱི་འཚོལ་སྙེག་ཅིག་གི་རྒྱགས་བྲོ་ལྟ་བུ་ལ་ངོས་འཛིན་བྱས་ཆོག་པ་ཞིག་རེད། ཡིན་ནའང་བོད་ནང་ལ་མཚོན་ནས་བཤད་ན།  ཧ་ལམ་ལོ་རབས་ལྔ་བཅུའི་དཀྱིལ་ཙམ་ཞིག་ཏུ་བོད་མང་ཚོགས་རང་བཞིན་གྱི་ཡིག་ཐོག་རིག་གནས་དར་འགོ་ཚུགས་པ་དང་། དེའི་རྗེས་ལོ་རབས་བརྒྱད་ཅུའི་ནང་དུ་ཡིག་ཐོག་རྩོམ་རིག་ཞེས་པ་འདི་མི་སྐྱ་ཚོའི་ལོ་རྒྱུས་ཁྲོད་ཐོག་མར་བོད་ཁམས་ཡོངས་སུ་ཁྱབ་རྒྱ་ཆེན་པོས་དར་འགོ་ཚུགས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། བོད་ནང་ལ་རྩོམ་རིག་འཕེལ་རྒྱས་བྱུང་བ་ནི་བློ་ངོར་མི་ཤོང་བ་ཞིག་རེད། རྒྱུ་མཚན་ནི་ཕྱི་ལོ་༡༩༥༨་དང་༡༩༥༩  ༡༩༦༠་བཅས་སུ་ལོ་རྒྱུས་ལ་བྱུང་མ་མྱོང་བའི་སྡུག་རྩུབ་ཆེ་བའི་རྒྱ་ནག་གིས་ཧམ་བཟུང་བཙན་འཛུལ་གྱི་མུན་ནག་ཁྲོད་བརྒྱུད་མྱོང་བའི་གངས་ཅན་ཁ་བའི་རྒན་གྲས་དམ་པ་སྐོར་ཞིག་གིས་རང་ཅག་ཁ་བའི་ཡུལ་གྱི་འདས་མ་ད་གསུམ་ལ་ཕུགས་རྒྱང་རིང་བོའི་དམིགས་འདུན་ལས་རིམ་གྱིས་བོད་རིགས་གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་བྱ་སའི་རྩོམ་རིག་དུས་དེབ་<<སྦྲང་ཆར>>དང་<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>><<མང་ཚོགས་སྒྱུ་རྩལ>><<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>><<གངས་རྒྱན་མེ་ཏོག>>་<<ཟླ་ཟེར>>་དང་ཚགས་པར་སོགས་དར་འགོ་ཚུགས་ཤིང་། དེའི་སྟེང་རྩོམ་རིག་སྤེལ་སའི་ལེ་ཚན་བཞག་ནས་བོད་ཀྱི་རྩོམ་རིག་དེ་ག་ལེར་གོང་འཕེལ་དུ་གཏོང་བའི་རྨང་གདན་འདིང་བ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་རེད། བཙན་བྱོལ་ལ་མཚོན་ནས་བཤད་ན། བོད་ནས་ཚུར་ཡོང་སྐབས་དེར་ད་ལྟ་བོད་ཁམས་ན་མཁས་གྲལ་དུ་ཡོད་པ་དགེ་བཤེས་དམ་པ་རྣམས་དང་། ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་བདེ་བདེན་དབང་ཕྱུག་མཆོག་དང་།  མཁས་དབང་ནམ་མཁའ་ནོར་བུ། མཁར་རྨེ་བསམ་གཏན། རག་ར་སྤྲུལ་སྐུ་སོགས་དམ་པ་གང་མང་ཞིག་བཙན་བྱོལ་དུ་བྱོན་ཡང་ཕྱི་སྡོད་སྤྱི་ཚོགས་ཁྲོད་ཡུན་རིང་མ་བཞུགས་པར་རྩོམ་རིག་དུས་དེབ་ཚད་ལྡན་ཞིག་གཞུང་འབྲེལ་དུ་འགོ་ཚུགས་བྱ་རྒྱུ་ཐུགས་སྣང་མ་བཞག་པར་དམ་པ་ཚོ་རིམ་གྱིས་གཅིག་རྗེས་གཅིག་མཐུད་བྱས་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆས་སོང་བ་ནི་ཡིད་སྐྱོ་བ་དང་བློ་ཕམ་པ་ལྟ་བུའི་ལོ་རྒྱུས་ཀྱི་གནས་སྟངས་ཤིག་ཆགས་ཡོད། དེ་མིན་ད་ལྟ་བཙན་བྱོལ་གཞུང་སྒེར་གང་རུང་ལ་མཚོན་ནས་བཤད་ན། བོད་ཀྱི་གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་བྱ་སའི་ཁོར་ཡུག་དེ་སྤྱི་ཚོགས་ཁྲོད་སྣང་མེད་དུ་བཞག་པ་ནི་ལོ་རྒྱུས་ཀྱི་ནག་ཉེས་དང་ཧ་ཅང་ཐབས་སྐྱོ་བའི་གནས་སྟངས་ལྟ་བུའི་འོག་གནས་ཡོད། སྒེར་དེབ་རེ་ཟུང་ལས་རྩོམ་ཡིག་གང་མང་ཞིག་མཐོང་རྒྱུ་འདུག  ཡིན་ནའང་སྒེར་དེབ་དེ་དག་ཀྱང་ལོ་བསྟུད་མར་མཐའ་འཁྱོངས་བྱེད་ཐུབ་པ་རྐང་གཅིག་ཀྱང་བྱུང་མེད་པ་ལྟ་བུར་ཆགས་ཡོད། མདོར་བསྡུས་ནས་བཤད་ན།  བོད་ཕྱི་ནང་གཉིས་ཀྱི་རྩོམ་རིག་དེས་སྤྱི་ཚོགས་ཀྱི་འཚོ་བ་ཕྱོགས་གཉིས་ཀྱི་སྒོ་ནས་མཚོན་གྱི་ཡོད་པར་འདོད།

      གཅིག་ནི་༡༩༥༩་བོར་བོད་རྒྱལ་ཁབ་རྒྱ་ལག་ཏུ་ཤོར་བའི་ཉིན་མོ་ནས་བཟུང་ཡུལ་གྱར་གྱི་སྤྱི་ཚོགས་འཚོ་བ་མྱོང་འགོ་ཚུགས་པ་དང་དེ་ནས་བཟུང་རྩོམ་རིག་གཙོ་ཆེ་བ་ཕ་ས་ཤོར་བའི་དཀའ་སྡུག་གི་འཚོ་བའི་སྐོར་དང་ལོ་རྒྱུས་ཀྱི་ཆགས་འཇིག  གྲལ་རིམ་ནང་ཁུལ་གྱི་འཐབ་རྩོད་སོགས་བྲིས་པ་ཧ་ཅང་མང་བ་དང་། བོད་ནང་ལ་མཚོན་ནས་བཤད་ན།

         གཉིས་པ་བོད་རྒྱལ་ཁབ་རྒྱ་ནག་གིས་ཁྲིམས་མེད་ལུགས་མེད་ཀྱིས་བཙན་འཛུལ་བྱས་པའི་ཉེས་དམིགས་དང་། བོད་མི་དམངས་ཀྱི་འཚོ་བར་དཀའ་སྡུག་བྱུང་ནས་ལྟོགས་ཤི་ཐེབས་ཚུལ། དོན་མེད་དམར་བསོད་བྱས་ཚུལ།  རྒྱ་ནག་གཞུང་ངོས་ནས་བོད་ཡིག་དབང་མེད་ཆགས་པ་དང་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆུང་བ།  རང་རྒྱུ་དང་རང་ས་དབང་བའི་འགྲོ་བ་མིའི་ཐོབ་ཐང་མེད་པ། རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་དྲན་ཚུལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྤྲུལ་དགུང་ལོ་དྲུག་གི་སྟེང་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་རྩ་བའི་བླ་མ་དྲན་ཚུལ།   ལོ་རྒྱུས་ཀྱི་ཆགས་འཇིག་དང་ཁོར་ཡུག་གི་ཆགས་འཇིག་སོགས་བྲིས་པའི་རྩོམ་ཡིག་ཚད་ལྡན་ཧ་ཅང་མང་པོ་ཡོད།  དེ་མིན་རྒྱ་ནག་གཞུང་གིས་བཙན་འཛུལ་ཤུགས་རྐྱེན་ལས་མཐར་བོད་མི་ཡོངས་ཀྱི་བོད་རིང་ལུགས་དངོས་ཟིན་ཚུལ་བཅས་བྱུང་ཡོད་པ་ནི་དགའ་འོས་པ་ཞིག་རེད། སྤྱིར་བཏང་རྩོམ་པ་པོ་སོ་སོའི་ཕྱོགས་གཉིས་ཀྱི་སྤྱི་ཚོགས་མི་འདྲ་བ་དང་རྩོམ་རིག་གི་བརྗོད་བྱ་མི་འདྲ་བ་ཡོད། བརྩམས་སྒྲུང་ལ་མཚོན་ནས་བཤད་ན། བོད་ནང་དུ་ལོ་རབས་བརྒྱུད་ཅུའི་ནང་ནས་བཟུང་བརྩམས་སྒྲུང་འབྲི་བར་རྒྱུན་འཁྱོངས་མཁན་དེ་ན་གཞོན་རྩོམ་པ་པོ་སྐུ་ཞབས་ཚེ་རིང་དོན་གྲུབ་མཆོག་དང་། གླང་བདུན་དཔལ་འབྱོར།  སྟག་འབུམ་རྒྱལ། བཀྲ་ཤིས་དཔལ་ལྡན་སོགས་ཡོད། བཙན་བྱོལ་ལ་མཚོན་ནས་བཤད་ནའང་། བརྩམས་སྒྲུང་འབྲི་མཁན་རེ་ཟུང་ཡོད་ཀྱང་ད་ལྟ་རྒྱུན་མ་འཁྱོངས་པར་ཤི་མ་གསོན་རེ་ཟུང་མ་གཏོགས་མེད་པ་ལྟ་བུར་ཆགས་ཡོད། རྩོམ་རིག་ཟེར་བ་འདི་འདྲ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཟེར་ན་དེ་ནི་རྩོམ་པ་པོ་སོ་སོའི་སྤྱི་ཚོགས་རྒྱུས་ལོན་ཁྲོད་མི་ཚེ་ཡི་འགན་ཁུར་དེ་མ་དོར་བར་རྣམ་དཔྱོད་ཀྱི་རྩལ་ལས་དྲན་ཤེས་ཚོར་བས་རྙེད་པའི་ཐ་སྙད་གསོན་པོ་རེ་རེ་གཙོ་སྦྱངས་བྱས་ཏེ། བརྗོད་བྱ་འདྲ་མིན་བྱུང་བའི་དབང་གིས་རྩོམ་སྟངས་ཀྱང་མི་འདྲ་བ་འབྱུང་བཞིན་ཡོད་པས་ཀློག་པ་པོ་ནི་སྒྱུ་སྩལ་གྱི་རོལ་མྱོང་བ་དེ་ཆགས་ཡོད། ཡིན་ནའང་རྩོམ་པ་པོ་ཞིག་ཡིན་ཚེ། བོད་རིང་ལུགས་ནི་བོད་ཀྱི་འདས་མ་ད་གསུམ་གྱི་ཡང་སྙིང་ཡིན་པས་འདི་ནམ་ཡང་ཤ་གསེང་རུས་སྟེང་དུ་འཐིམ་པའི་རྣོ་དཔལ་ལྟ་བུའི་ཚོར་བ་གསོན་པོ་དེ་དགོས་པ་ནི་སྨྲས་ཅི་དགོས།


༢༽ སྙན་ངག་ནི་རྩོམ་རིག་ལ་འཇུག་པའི་ལྡེ་མིག་རེད་ཅེས་བརྗོད་ན་ཁྱེད་ཀྱིས་དེ་གང་བསམ་གྱི་འདུག་གམ།

       སྙན་ངག་ཅེས་པ་འདི་རྩོམ་རིག་ལ་འཇུག་པའི་ལྡེ་མིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་གཞན་མེད་པ་འདྲ།  རྒྱུ་མཚན་དེའི་ཐད་ལ་ང་རངཉིད་ལ་མཚོན་ན་སྙན་ངག་ཅེས་པ་ནི་འཇིག་རྟེན་ས་སྒང་འདིར་འགྲོ་བ་མིའི་རིགས་བྱུང་ནས་སྤྱི་ཚོགས་གྲུབ་པ་ནས་བཟུང་མི་དམངས་རང་ངོས་ནས་དམངས་ཁྲོད་དུ་སྣ་མང་དམངས་སྲོལ་ལ་དུངས་ཞེན་རྣལ་མས་འགན་ཁུར་བའི་ཐོག་སྤྱི་ཚོགས་ཀྱི་གྲལ་རིམ་མང་པོ་ཞིག་མི་རབས་དུ་མར་དཀའ་སྡུག་གིས་བརྒྱུད་མཐར།  ཚོར་ཤེས་གསོན་པོས་རྙེད་པའི་རང་བྱུང་གི་ཡང་སྙིང་དེ་ལ་དམངས་ཁྲོད་རྩོམ་རིག་སྣ་འདུས་ཅན་ཟེར་ལ་དེའི་རྨང་གཞིའི་སྟེང་ཡིག་ཐོག་སྙན་ངག་དར་བ་ཞིག་ལ་ངོས་འཛིན་བཞིན་ཡོད།། བོད་གངས་ཅན་གྱི་འདས་མ་ད་གསུམ་ལ་དྲང་བདེན་གྱི་འགན་ཁུར་བའི་ཐོག་སོ་སོའི་མི་ཚེ་ཐུང་ཐུང་དེའི་དུས་ཡུན་འཕྲོ་བརླག་ལ་མ་བཏང་བར་རྩོམ་པ་པོ་རེ་རེ་ངོས་ནས་ད་ལྟའི་སྐྱུག་དྲི་དྲོ་བའི་སྤྱི་ཚོགས་ཁྲོད་ནས་བདེན་པའི་འཚོལ་སྙེག་གི་ཆེད་དུ་མཐའ་འཁྱོངས་བྱ་རྒྱུ་དེ་མི་ཚེ་ཡི་འཚོལ་ལམ་ཞིག་ཏུ་འདོད།  མདོར་ན་བོད་ཀྱི་སྙན་ངག་ཅིག་ཡིན་དགོས་ཚེ། ང་ཚོའི་མེས་པོའི་ལོ་རྒྱུས་དང་དམངས་ཁྲོད་རྩོམ་རིག་གི་སྣ་འདུས་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་གྱི་ཞིབ་ཆ་མེད་ཚེ།  སྙན་ངག་དེ་ནི་བོད་ཀྱི་རྩོམ་རིག་གི་བླ་སྲོག་བྲལ་བའི་བེམ་པོ་ཞིག་ལས་མ་འདས།  མི་རབས་གང་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བདེན་པ་འཚོལ་བའི་ཡང་སྙིང་དེ་རྩོམ་རིག་སྒྱུ་རྩལ་གྱི་བླ་སྲོག་ལྟ་བུ་ཡིན་ལ་སྙན་ངག་རྩོམ་རིག་ལ་འཇུག་པའི་ལྡེ་མིག་ངོ་མ་དེར་ངོས་འཛིན་བྱས་ཆོག་པར་རློམ་ཡོད།


༣༽ ཤེས་ཡོན་པའི་དཔུང་སྡེ་ཁ་འཐོར་ལ་འགྲོ་བཞིན་པའི་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་མི་ཉམས་གོང་འཕེལ་གཏོང་ན་འགན་ཅི་འདྲ་ཁུར་དགོས་སམ།

       བཙན་བྱོལ་ལ་མཚོན་ནས་བཤད་ན་ཤེས་ཡོན་པའི་དཔུང་སྡེ་དེ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁ་འཐོར་ལ་འགྲོ་བཞིན་པ་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ན་དངོས་སུ་འབྱུང་བཞིན་ཡོད་པའི་གནད་འགག་གི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་ཤེས་ཡོན་པའི་འགན་ཁུར་གཅིག་པུ་རྩ་བ་ཉིད་ནས་མིན།  དེ་ནི་འཛམ་གླིང་ས་སྒང་འདིའི་སྟེང་གི་རྒྱལ་ཁབ་སོ་སོར་མཚོན་ན། ཤེས་ཡོན་པའི་དཔུང་སྡེ་དེ་ནི་རྒྱལ་ཁབ་དེའི་བླ་སྲོག་གི་ཡང་སྙིང་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས་རྒྱལ་ཁབ་དེའི་ཤེས་ཡོན་པའི་དཔུང་སྡེ་ལ་སྡེ་ཚན་འདྲ་མིན་གྱི་ལས་གནས་ཁྱབ་ཁོངས་སུ་འགན་ཁུར་ཆེན་པོ་ཁུར་དུ་བཅུག་ནས་ལས་དོན་སྣ་མང་བསྒྲུབ་བཞིན་ཡོད་པ་དངོས་ཡོད་ཀྱི་གནས་སྟངས་རེད། སྤྱིར་ཤེས་ཡོན་ཟེར་བ་གོང་འཕེལ་དུ་གཏོང་རྒྱུ་ནི་ལས་སླ་བོ་ཞིག་རྩ་བ་ནས་མིན། ཤེས་ཡོན་པའི་དཔུང་སྡེ་ཁ་འཐོར་སོང་བ་ནི། ང་ཚོ་བཙན་བྱོལ་གཞུང་ངོས་ནས་ཀྱང་འཚོ་གནས་ཀྱི་ཁོར་ཡུག་མ་སྐྲུན་པའི་རྒྱུ་རྐྱེན་ལ་ཐུག་ཡོད་པ་དངོས་ཡོད་གནས་སྟངས་ཡིན།  དོན་དངོས་བཤད་ན་བཙན་བྱོལ་བོད་གཞུང་ལ་འཐབ་རྩོད་དགོས་ན་མི་དམངས་དགོས་པ་རེད། བྱིས་པ་མང་པོ་སྐྱེས་དགོས་པ་རེད།  སློབ་གྲྭ་ཚད་ལྡན་འཛུགས་དགོས་པ་རེད། དགེ་རྒན་ཚད་ལྡན་སྐྱེད་སྲིང་བྱེད་དགོས་པ་རེད། སློབ་མའི་སློབ་དེབ་སྣ་མང་རིམ་གྱིས་རྩོམ་སྒྲིག་བརྒྱུད་རིམ་ལ་སྣང་ཆུང་མ་བྱས་པར་སློབ་མའི་བློ་དང་འཚམ་པའི་བསླབ་དེབ་ཚད་ལྡན་བཟོ་དགོས་པ་སོགས་ཆགས་ཡོད་པ་དེ་ད་ལྟའི་དགོས་མཁོ་ངོ་མ་རེད། དེ་འདྲའི་ལས་དོན་བསྒྲུབ་ཚེ་ང་ཚོ་བོད་མི་རིགས་འདིར་འཛམ་གླིང་ས་སྒང་འདིར་རེ་བ་མེད་པ་ཞིག་རྩ་བ་ནས་མིན། གཞུང་སྒེར་སུ་ཡིན་རུང་ནོར་འཁྲུལ་མེད་པ་ཞིག་ཧ་ཅང་དཀོན། ང་ཚོ་མེས་པོའི་གཏམ་དཔེ་ལས། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན། མི་སྐྱོན་མེད་འཛམ་བུ་གླིང་ན་དཀོན་ཟེར་བ་ལྟར་རེད། ད་དུང་ཤེས་ཡོན་པའི་དཔུང་སྡེ་ལ་དོ་སྣང་མ་བྱས་པར་ཉི་མ་འཁྱོལ་ཐབས་ཀྱི་ལས་དོན་བསྒྲུབ་ཚེ་མཐའ་མར་ང་ཚོ་བོད་མི་རིགས་ལ་རེ་བ་མེད་པ་ཞིག་བྱུང་ཉིན།   ང་ཚོ་ནི་མ་འོངས་ལོ་རྒྱུས་ནང་གི་ཉེས་ཅན་ཆགས་མི་སྲིད་པ་མ་རེད། བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་རྣམ་པ་གཙོས་བཙན་བྱོལ་ལ་ཡོང་བའི་མགོ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་གཞུག་ཆོལ་གསུམ་མི་དམངས་བར་གྱི་མྱི་ཚང་མ་ལ་འགན་ཁུར་ཡོད་པ་ནི་སྨྲས་མི་དགོས་པ་ཞིག་རེད།  ང་ཚོ་འགྱེལ་ས་ནས་ཡང་བསྐྱར་ལངས་དགོས་ཚེ་ཤེས་རིག་ནི་གལ་ཆེན་ཞིག་ཏུ་ཆགས་ཡོད་པ་གཞུང་སྒེར་གཉིས་ཀྱི་ངོས་ནས་ཤེས་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག ། ད་རུང་འདི་ལྟར་ཤེས་མེད་ཚོར་མེད་ཀྱི་འཐེན་ཁྱེར་གྱི་ཉི་མ་འཁྱོལ་ཐབས་བྱས་ན་མཐའ་མཇུག་ང་ཚོ་ལོ་རྒྱུས་ཀྱི་ཞབས་འདྲེན་ཆགས་སྲིད་པ་རེད།


༤༽ ཁྱེད་ལ་མཚོན་ན་བོད་ནང་དུ་དགེ་རྒན་བྱས་མྱོང་ལ་འདི་ནས་ཀྱང་བྱིས་པ་ཚོ་བཙན་བྱོལ་སློབ་གྲྭ་ཁག་ཏུ་བསྐྱལ་མྱོང་པས་བོད་ཕྱི་ནང་གཉིས་ཀྱི་བྱིས་པའི་སློབ་གསོ་ལ་ཁྱད་པར་གང་འདྲ་འདུག་གམ།

     སྤྱིར་བོད་ཀྱི་སློབ་གསོ་ཟེར་བ་དེ་གཞུང་ལུགས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་རེད། ཡིན་ནའང་བོད་ཕྱི་ནང་གཉིས་ཀྱི་བྱིས་པའི་སློབ་གསོ་ལ་ཁྱད་པར་འདི་འདྲ་ཞིག་མཐོང་སོང་། བོད་ཕྱི་ནང་གཉིས་ཀར་རྒྱ་དཀར་ནག་གཉིས་ལས་རྒྱ་ནག་གིས་ཤུགས་རྐྱེན་ངན་པ་ཐེབས་བཞིན་པ་ཛ་དྲག་གི་གནས་སྟངས་འོག་ཡོད། སྤྱིར་བཤད་ན་བྱིས་པའི་དུས་སྐབས་ནི་རིན་ཆེན་གསེར་ལས་ལྷག་པ་ཞིག་ཡིན་པ་མི་ཀུན་གྱིས་མཁྱེན་གསལ་ལྟར་རེད། ང་ཚོས་མི་རབས་གསར་བ་རྣམས་ལ་ཆུང་དུས་ནས་རང་གི་ཕ་སྐད་དང་སྲོལ་རྒྱུན་གྱི་རྒྱུན་བཀོལ་ཅ་དངོས། ཁེད།  བྱིས་སྒྲུང་། ཇ་བཤད་དང་ཆང་བཤད། བག་སྟོན། གླུ་དང་ལ་གཞས། གཏམ་དཔེ། སྒོ་ཕྱུགས་རྟ་ནོར་ལུག་གསུམ་གྱི་ཁ་མདོག་ལ་མིང་འདོགས་སྟངས་དང་།   ཁོར་ཡུག་གི་གོམས་གཤིས་སོགས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་སྣ་འདུས་གཏིང་ཟབ་པ་དེ་ངོས་འཛིན་གྱི་རྨང་གདན་འདིང་རྗེས། ད་གཟོད་རང་ཉིད་བོད་ཀྱི་ཡི་གེ་ཐོག་མར་ངོས་འཛིན་བྱེད་དུ་འཇུག་དགོས་པ་ནི་བོད་མི་ཚང་མས་ཤེས་གསལ་ལྟར་རེད།  ཡིན་ནའང་སྤྱིར་ན་བོད་ཕྱི་ནང་གཉིས་ཀ་ནས་བྱིས་པར་སློབ་གསོ་གཏོང་སྟངས་ཐད་ལ་ཞན་ཆ་འདི་འདྲ་ཞིག་དུས་རྒྱུན་དུ་མཐོང་འོང་གི་འདུག   བོད་ནང་དུ་བྱིས་པའི་དུས་སྐབས་དེར་རྒྱ་ནག་སྲིད་གཞུང་གིས་སྒེར་གཅོད་སྲིད་ཇུས་ལས་བོད་ཁུལ་གྱི་སློབ་གྲྭ་ཁག་གཅིག་བསྡུས་བྱས་ཏེ། བོད་མིའི་རོང་འབྲོག་གི་བྱིས་པ་ཚང་མར་གཏིང་ཟབ་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་སྲོལ་སྣ་འདུས་གོམས་གཤིས་རིག་གནས་དང་། ཕ་མའི་བྱམས་སྐྱོང་སོགས་ལ་མངོན་གསལ་དོད་པོས་ཡ་བྲལ་དུ་བཏང་སྟེ་དབང་ཡོད་ཀྱིས་ཕུགས་རྒྱང་རིང་པོའི་ཆབ་སྲིད་ཀྱི་དབང་བསྒྱུར་དེ་བོད་མི་རིགས་ཀྱི་མ་འོངས་པའི་རེ་བ་བཅོལ་སའི་བྱིས་པར་དམིགས་ཡོད་པ་ད་ལྟའི་སློབ་གྲྭ་ཁག་གི་གནས་སྟངས་ལ་བལྟས་ན་གསལ་བོ་རྟོགས་ཐུབ།  རྒྱུ་མཚན་ནི་བྱིས་པའི་སྐབས་དེར་བོད་སྐད་དང་བོད་ཡིག་སོགས་ལ་རྨང་གཞི་མི་འཇོག་པར་རྒྱ་ཡིག་ཁོ་ན་ལ་བཙན་དབང་གིས་གོམས་སུ་འཇུག་པ་དང་། བྱིས་པའི་ཀློག་དེབ་སོགས་ཀྱང་རྒྱ་ཡིག་རྐྱང་བ་བེད་སྤྱོད་གཏོང་བཞིན་པ་ཁ་སང་དེ་རིང་གི་དངོས་བྱུང་གནས་ཚུལ་རེད། དེ་མིན་བྱིས་པའི་དགེ་རྒན་དག་ཀྱང་ཚད་ལྡན་མེད་པ་དང་ཡོད་པ་མང་ཆེ་བ་ལྟག་སྒོ་བརྒྱུད་ནས་གཞུང་ཞབས་ནང་ཚུད་པ་མང་ཆེ་ཤོས་ཡིན་ཚུལ་འདུག   ཁོང་ཚོ་བོད་མི་རིགས་ལ་འགན་ཁུར་མེད་པ་ལྟ་བུའི་གནས་སྟངས་འོག་སྐྱིད་ཉལ་བྱས་ནས་བསྡད་ཡོད་རུང་དེ་ནི་བོད་ཀྱི་མ་འོངས་པའི་མི་རབས་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་ནོར་འཁྲུལ་ཚབས་ཆེན་གྱི་གནས་སྟངས་ཆགས་ཡོད།   བཙན་བྱོལ་ལ་མཚོན་ནས་བཤད་ནའང་།  སློབ་གསོ་ཟེར་བ་དེ་ཁ་ནས་བཤད་བཞིན་ཡོད་པ་ལས་དོན་དངོས་ཐོག་སྣང་མེད་རྒྱ་ཡན་དུ་བཏང་ནས་ལོ་མང་པོ་ཞིག་ལ་སློབ་གསོའི་ལས་དོན་གལ་ཆེན་དེ་ཉི་མ་འཁྱོལ་ཐབས་ཙམ་གྱིས་ལོ་ཟླ་མང་པོ་ཞིག་སྣང་མེད་དུ་ཕར་བསྐྱལ་ཡོད།  དཔེ་མཚོན་ཙམ་བཤད་ན། ང་བསྡད་ཡོད་སའི་རྡ་སའི་ཉེ་འཁྲིས་ཀྱི་སློབ་གྲྭ་ཚང་མའི་ནང་གི་སློབ་དེབ་དང་། སློབ་མར་སློབ་ཚན་ཁྲིད་ཕྱོགས་དང་། ནང་ལས། སློབ་ཁང་ནང་ལས།  བྱིས་བློ་དང་འཚམ་པའི་བསླབ་དེབ། མེས་པོ་ལ་དགའ་བའི་རྒྱལ་ཞེན་སློབ་གསོ་གཏོང་སྟངས་སོགས་ལ་བཙན་བྱོལ་ལ་ཡོང་ནས་ད་བར་རྒྱུས་ལོན་བྱས་ཚེ།  སློབ་སྤྱི་དང་བྱིས་དགེ་དག་ནི་སློབ་གསོའི་གོ་དོན་གྱི་ཆུད་ཚད་ཞན་པ་དང་། བོད་མི་རིགས་ཀྱི་འདུ་ཤེས་ཞན་པ་དང་།  བོད་ཀྱི་ལོ་རྒྱུས་མི་ཤེས་པ།  བྱིས་དགེ་ཚད་ལྡན་མེད་པ། སློབ་དེབ་ཚད་ལྡན་མེད་པ། བྱིས་པ་གལ་ཆེན་ཡིན་པ་སྣང་མེད་དུ་འཇོག་མཁན་རྐྱང་བ་རེད་འདུག  བཙན་བྱོལ་སློབ་གསོ་ནི་བོད་ཀྱི་གཏམ་དཔེ་ལ་ཕྱི་བལྟས་རྫ་རི་སྨུག་པོ་རེད། ནང་བལྟས་རྫ་ཁོག་སྐམ་པོ་རེད་ཟེར་བ་དང་འདྲ། དེ་མིན་ད་དུང་སློབ་གསོ་ལ་ཤུགས་རྐྱེན་ངན་པ་ཐེབས་ཚུལ་གཞན་ཞིག་ནི་ཕྱི་རྒྱལ་གྱི་སློབ་གསོའི་འགྲོ་སྟངས་ལ་སྤྲེའུ་ལད་ཙམ་བྱས་ཏེ།  བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་སྣ་འདུས་རིག་གནས་ཡལ་བར་དོར་ནས་རང་གཅེས་སྤྲང་བོ་དང་། འཚོ་བ་གཞན་བརྟེན་གྱི་ཤན་ཤུགས་ངན་པ་དེ་ཐེབས་འདུག  ཐོག་མར་ཐུག་ཡོང་དུས་ནས་ཚུར་བཤད་པའི་སྐད་ཆ་ནི་སྒོར་མོ་རྐྱང་རྐྱང་དང་ཁེ་བཟང་ལྟ་བུའི་གནས་སྟངས་ངོ་མ་ཞིག་ཏུ་ཆགས་ཡོད།   བོད་ཀྱི་མ་འོངས་པའི་བདག་པོ་བྱིས་པ་ཚོ་ཡིན་པས།   དེ་སྐྱེད་སྲིང་གི་ཐབས་དང་ཤེས་རབ་རྩལ་དུ་མ་བཏོན་པ་འདི་ནི་བོད་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་འདོད་མ་བསྒྲུབ་པ་དང་། བོད་མི་རིགས་ཀྱི་ཉེན་ཁ་དང་ལོ་རྒྱུས་ཀྱི་ཞབས་འདྲེན་དུ་ཆགས་ཡོད་པ་གསལ་བོ་གསལ་རྐྱང་ཡིན་ཞེས་བཤད་ཆོག་པའི་གནས་སྟངས་ལྟ་བུ་ཞིག་ཏུ་ཆགས་ཡོད།   བཙན་བྱོལ་སློབ་གསོའི་སྐོར་ལ་ད་དུང་བསམ་ཚུལ་ཡོད་ལ་དེ་རིང་འདི་འདྲའི་བསྡུས་པ་ཞིག་གིས་ཆོག་ནི་བྱེད།


༥༽རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་སྐྲག་དགོས་ས་དེ་ག་རེ་ཡིན་ནམ།

      ངས་བལྟས་ན་རྩོམ་པ་པོ་ཞིག་ལ་མཚོན་ནས་བཤད་ན། རྩོམ་ཡིག་འབྲི་བར་འགོ་རྩོམ་རྒྱུ་ནི་ལས་སླ་བོ་ཞིག་ཏུ་སྣང་ཡང་རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་སྐྲག་དགོས་ས་ནི་ཁ་སང་དེ་རིང་གི་བོད་ཕྱི་ནང་གཉིས་ན་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོ་ཞིག་ཡོད་ཀྱང་།  སྙན་ངག་མཁན་པོ་ཨ་ཁུ་ཡི་དམ་ཚེ་རིང་ལྟ་བུའི་མི་ཚེ་གང་བོར་རྩོམ་ཡིག་མཐའ་འཁྱོངས་འབྲི་མཁན་ཧ་ཅང་དཀོན་པོ་ཆགས་ཡོད་པ་དེ་བོད་ཁམས་ཡོངས་དང་ཕྱི་སྡོད་རྩོམ་པ་པོ་ཚང་མའི་གྲས་ན་གསལ་བོ་རེད།  དེ་མིན་ད་ལྟའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་རྩོམ་རིག་དེ་རུལ་སུངས་ཀྱི་ཉེན་ཁར་སླེབས་ཡོད་པས་བདག་ལ་ནམ་རྒྱུན་དུ་སེམས་ཚེགས་ཧ་ཅང་ཆེ་བ་ཡོང་གི་འདུག   ལོ་རབས་ལྔ་བཅུ་པའི་མཇུག་ཙམ་དུ་བོད་ཁམས་ཡོངས་སུ་མང་ཚོགས་རང་བཞིན་གྱི་ཡིག་ཐོག་རིག་གནས་ཐོག་མར་དར་འགོ་ཚུགས་པ་ནས་བོད་ཁུལ་ཡོངས་སུ་ཡིག་ཐོག་རྩོམ་རིགས་སྣ་མང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ནི་ལོ་རབས་བརྒྱད་ཅུའི་ནང་མདོ་སྨད་མཚོ་སྔོན་དུ་<<སྦྲང་ཆར>>ཞེས་པའི་རྩོམ་རིག་གི་དུས་དེབ་ཅིག་བཏོན་པ་ནས་བཟུང་། བོད་ཀྱི་རྩོམ་རིག་གི་ཕྱོགས་ལ་རྩོམ་སྟངས་འདྲ་མིན་ཐོག་གསར་སྐྱེས་རྩོམ་པ་པོ་མང་པོ་ཞིག་རིམ་བཞིན་བྱུང་བ་དག་ནི་བོད་ཀྱི་སྙན་ངག་གི་རྒྱལ་བོ་ཡིད་དམ་ཚེ་རིང་མཆོག་དང་།  ལྗང་བུ། འཇུ་སྐལ་བཟང་། སོག་རྫོང་བདེ་སྐྱིད་སྒྲོལ་མ་སོགས་བྱུང་བ་ནས་ད་བར་བོད་ཁམས་ཡོངས་སུ་གཅིག་རྗེས་གཉིས་མཐུད་དུ་གསར་སྐྱེས་རྩོམ་པ་པོ་མང་པོ་ཞིག་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་ནང་བཞིན་ཐོན་བཞིན་པ་ནི་དགའ་འོས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ།  འོན་ཀྱང་ཁ་སང་དེ་རིང་ལ་བོད་ཕྱི་ནང་གཉིས་ན་ད་ལྟའི་སྤྱི་ཚོགས་ཁྲོད་རྩོམ་པ་པོའི་དཔུང་ཁག་ཇེ་ཉུང་དང་།  དུས་དེབ་དང་ཚགས་པར་སོགས་དེ་མིན་སྒེར་དེབ་སོགས་ཀྱི་རྒྱུ་སྤུས་ཇེ་སྡུག་ལ་འགྲོ་བའི་ཉེན་ཁ་ཚབས་ཆེན་དུ་གྱུར་པའི་སྒང་ལ།   ད་དུང་གཞན་རྩོམ་རྐུས་འབྲི་བྱེད་མཁན་ཇེ་མང་དང་། ཚོར་བ་རྫུན་དུ་བརྫུས་པའི་སྐབས་འཚོལ་བ་ཇེ་མང་རེད།    སོ་སོར་ཁེ་བཟང་བརྩོན་ལེན་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བ་ནི་བོད་ཕྱི་ནང་གཉིས་ན་ཡོད་པའི་ད་ལྟའི་གནད་དོན་ཚབས་ཆེན་དེ་ཆགས་ཡོད་སྟབས། ངས་དེ་རིང་རྩོམ་རིག་གི་ཆེད་དུ་དྲང་གཏམ་འགའ་རྣག་ཐོག་ཁབ་རྩེག་ལྟ་བུའི་བཤད་ན་འདོད། ང་ཚོ་བོད་གངས་ཅན་པའི་བསྟན་སྲིད་འདི་ལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ཆགས་པའི་སྐབས་འདི་ལ།    བོད་ཕྱི་ནང་གཉིས་ན་རྩོམ་པ་པོ་ཤི་གསོན་གཉིས་དར་ཁྱབ་འགྲོ་བཞིན་ཡོད་ལ།  བཙན་བྱོལ་ལ་མཚོན་ནས་བཤད་ན་ཡིད་སྐྱོ་བ་ཞིག་ལ་རྩོམ་པ་པོ་གསོན་པོ་ཨ་རིག་སྒྲོལ་མ་སྐྱབས་དང་རྒྱ་རིགས་རྩོམ་པ་པོ་ཚོ་ཁྲང་ཆིན་སོགས་ལྟ་བུ་ལ་སྤྱི་ཚོགས་ཀྱི་དོ་སྣང་མེད་པ་ལྟ་བུ་ཆགས་པ་དང་། རྩོམ་པ་པོ་ཤི་བོ་རྣམས་ལ་བཙན་བྱོལ་གྱི་སྤྱི་ཚོགས་ཁྲོད་དོ་སྣང་ཆེ་བ་རབ་དང་རིམ་པར་བྱུང་ནས་བྱ་དགའ་འང་རིམ་པར་རག་ཐུབ་པའི་ཆེད་རོགས་འདེགས་བྱས་ཏེ་དབྱིན་བསྒྱུར་བྱས་ནས་འཛམ་གླིང་གི་ས་སྒང་འདིར་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་རེད། དེ་ནི་བོད་ཀྱི་ཡིག་ཐོག་རྩོམ་རིག་གི་འཕེལ་རྒྱས་དེ་དུས་རབས་ཉེར་གཅིག་ཁྲོད་ཀྱི་ཉེན་ཁ་དང་བཀག་རྡོ་ཚབས་ཆེན་ཆགས་ཡོད། རྩོམ་པ་པོ་ཞིག་ལ་མཚོན་ནས་བཤད་ན་དེ་ནི་ཆེས་སྐྲག་ས་ཞིག་དང་བློ་ཕམ་དེ་ཆགས་ཡོད།  ཡིན་ནའང་ལོ་རྒྱུས་ནི་མ་གཞི་ནས་ཤུལ་བཞག་གི་བདེན་པ་ཞིག་ཡིན་པས།  ང་ཚོ་ལོ་རྒྱུས་ཀྱི་ནམ་ཡིན་ཡང་གུ་ཡངས་གཏོང་མི་སྲིད་པ་དེ་ནི་བདེན་པའི་མེ་ལོང་ཡིན།  ངས་བཤད་པའི་རྩོམ་པ་པོ་ཤི་གསོན་གཉིས་ཡོད་ཟེར་བ་ནི་དངོས་ཡོད་གནས་ཚུལ་ཡིན་རུང་ད་དུང་མིང་རེ་རེ་གསལ་འདོན་བྱེད་པའི་དུས་ལ་བབ་མེད་པ་འདྲ། བཤད་རྒྱུ་མང་ཐལ་དེ་རིང་འདི་ནས་མཚམས་འཇོག་གི་ཡིན། ཞིབ་ཕྲ་རྗེས་ནས་འབྲི་རྒྱུ་ཡིན།  ད་ཐེངས་འོད་དཀར་དྲ་ཚིགས་ནས་བཅར་འདྲིའི་གོ་སྐབས་གནང་བ་སྙིང་ཁུང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ།

ངེད་དྲྭ་ཚིགས་ཀྱི་ཆོག་མཆན་མེད་པར་རྐུ་འཁྱེར་བརྒྱུད་འགོད་བྱ་མི་ཆོག

ངེད་དྲྭ་ཚིགས།

1 Comment on བཅུད་པར་གཡང་མཁོ་རྒྱལ་ལ་རྒྱང་འདྲི།

  1. གཉན། // 06/07/2015 at 2:16 pm // Reply

    བཤད་ནོ་ཧྲ་གི

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s