དཔེ་ཚོཊ་ནི་གླུ་བརྒྱ་ངག་གཅིག་གི་པོད་ཕྲེང་ཞིག་ཡིན།

འུ་ཚོར་མཚོན་ན་དཔེ་ཚོགས་ནི་གླུ་བརྒྱ་ངག་གཅིག་གི་པོད་ཕྲེང་ཞིག་ཡིན།

—•ཚེ་དབང་བཀྲ་ཤིས། ༼ཡུལ་ཤུལ༽

            འུ་ཚོར་མཚོན་ན་དཔེ་ཚོགས་ཞེས་པ་ནི་ཨ་འགྲེལ་ཡང་འགྲེལ་དང་གླུ་བརྒྱ་ངག་གཅིག་ཅན་གྱི་གསུང་འབུམ་ཞེས་སུ་བཏགས་པ་འབའ་ཞིག་སྟེ། བོད་ཡིག་གི་དཔེ་ཆ་ཡོད་པའི་དཔེ་ཁང་དག་ཏུ་སོང་དང་ལོ་རྒྱུས་ཀྱིས་རྗེས་སུ་བསྐྱུར་ཞིང་དུས་རབས་ཀྱིས་རྙིང་པར་གྱུར་པའི་མུ་འབྲེལ་དེབ་ཕྲེང་འབོར་ཆེ་ཙམ་ལས་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་དུས་རབས་ཀྱི་རིན་ཐང་མངའ་བའི་དཔེ་ཆ་ཞིག་མཐོང་མི་སྲིད་པའི་ཚོད་ཡིན།
ཐ་ན་ད་ལྟའི་ཆར་ཡང་འུ་ཚོའི་མཁས་དབང་དུ་གྲགས་པའི་སེར་སྐྱ་དག་གིས་ཨ་འགྲེལ་དང་ཡང་འགྲེལ་གྱི་གསུམ་འབུམ་ཙམ་ཕྲེང་དུ་བསྟར་བཞིན་མཆིས་པ་ལས་དུས་རབས་ཀྱི་དགོས་མཁོར་དམིགས་པའི་དཔེ་ཚོགས་ཤིག་རྩོམ་པ་དང་བསྒྱུར་བ་ཧ་ལམ་མེད་པའི་ཚོད་ཡིན་ལ། སྙན་ངག་པ་ཞིག་གིས། ཡོ་རོབ་མཁས་པས་འཚོ་གནས་ཐབས་ཤེས་དཔྱོད། །ནུབ་ཕྱོགས་བློ་ལྡན་དུས་ཀྱི་སྔོན་ན་འགྲེང་། །བོད་ཀྱི་རིམ་བྱོན་མཁས་པའི་དབང་པོ་རྣམས། །དཔེ་རྙིང་རྩེག་མའི་ཀློང་ན་མགོ་བོ་འཁོར། །ཞེས་བྲིས་པ་ཅིས་མ་བདེན།
བཤད་སྲོལ་ཞིག་ལ། མན་ཇུའི་མི་རིགས་ཀྱིས་རྒྱ་རིགས་ལ་དབང་བསྒྱུར་སྐབས་རྒྱ་རིགས་མཁས་པ་དག་སྲིད་དོན་ལ་དཔྱོད་པའི་ལོང་མེད་པར་རིག་གཞུང་རྙིང་པར་ཞིབ་འཇུག་དང་ཞིབ་འགྲེལ་བྱ་རྒྱུར་མགོ་མཁོར་བའི་ཆེད་དུ་རིག་གཞུང་རྙིང་བའི་ལས་དོན་དེ་གལ་ཆེན་དུ་བཞག་ནས་དེའི་སྟེང་ནས་གྲུབ་འབྲས་ཐོབ་མཁན་ཚོར་ཤེས་ཡོན་གྱི་མིང་ཐོབ་རྫིགས་པོ་དང་གཞུང་ཕོགས་བཟང་པོ་སྤྲོད་པའི་སྲོལ་ལུགས་བཏོད་པས་རྒྱ་རིགས་མཁས་དབང་དག་ཀྱང་དུས་ཡུན་རིང་བོར་རིག་གཞུང་རྙིང་པར་ཞིབ་འཇུག་དང་ཞིབ་འགྲེལ་བྱ་རྒྱུར་བློ་གཡེང་བར་གྲགས་ཤིང་བྱེད་པ་དེས་རྒྱ་རིགས་ཀྱི་གྱེན་ལོག་སྲིད་འགྱུར་མི་འབྱུང་བར་ནུས་པ་བཟང་པོ་ཐོན་མྱོང་ཟེར། འདི་ལ་ཅིས་ཀྱང་བདེན་པའི་ཆ་ཞིག་ཡོད་ངེས་ཏེ་ཀྲུང་གོའི་ལོ་རྒྱུས་ཐོག་རྒྱ་རིགས་རང་ཉིད་ཀྱིས་བཙུགས་པའི་རྒྱལ་རབས་ཐང་སུང་མིང་སོགས་ཀྱང་ལོ་༢༠༠ལས་བརྒལ་བ་གནས་ཐུབ་མེད་མོད། གྲངས་ཉུང་མི་རིགས་མན་ཇུ་ཡིས་གྲངས་མང་མི་རིགས་རྒྱ་ལ་དབང་བསྒྱུར་བའི་མན་ཆིང་རྒྱལ་རབས་དེ་ཕལ་ཆེར་ལོ་ངོ་༣༠༠ཙམ་ལ་གནས་ཐུབ་པ་བྱུང་བ་རེད།
མི་རིགས་གཞན་དག་ཚོར་མཚོན་ན་མི་ཆོས་ཀྱི་དཔེ་ཚོགས་ཏེ་ཆབ་སྲིད་ཀྱི་དཔེ་ཚོགས། དཔལ་འབྱོར་གྱི་དཔེ་ཚོགས། ཁྲིམས་ལུགས་ཀྱི་དཔེ་ཚོགས། དམག་དོན་གྱི་དཔེ་ཚོགས། བསམ་བློ་དང་ཀུན་སྤྱོད་སློབ་གསོ་ཡི་དཔེ་ཚོགས། འབྲུ་ཚལ་དང་ཤིང་འབྲས་འདེབས་འཛུགས་ཀྱི་དཔེ་ཚོགས། འཕྲུལ་འཁོར་དང་འཕྲུལ་ཆས་བཀོལ་སྤྱོད་ཀྱི་དཔེ་ཚོགས། ཟས་རིགས་གཡོས་སྦྱོར་གྱི་དཔེ་ཚོགས། འཚོ་བའི་རྒྱུན་ཤེས་ཀྱི་དཔེ་ཚོགས། བདེ་སྲུང་འཕྲོད་བསྟེན་གྱི་དཔེ་ཚོགས། མ་བུ་བདེ་གྲོལ་དང་བྱིས་པ་གཉོར་སྐྱོང་གི་དཔེ་ཚོགས་སོགས་འཚོ་གནས་ཀྱི་དགོས་མཁོ་དང་དུས་རབས་ཀྱི་རིན་ཐང་ཅན་གྱི་དཔེ་ཚོགས་ནི་རི་བོའི་གཏོས་ལ་འགྲན་ཞིང་རྒྱ་མཚོའི་མཐའ་དང་མཉམ་པ་སྟེ། དཔེ་དེབ་ཀྱིས་ཕྱུར་བུར་གཏམས་པའི་དཔེ་ཚོང་ཁང་ཆེན་ནང་གི་དཔེ་ཆ་ཡོངས་རྗོགས་ནས་ཡོངས་རྫོགས་དཔེ་ཚོགས་འདི་རིགས་ཡིན།
དེ་ཡང་ལོས་ཡིན་ཏེ་ཁོང་ཚོ་ནི་མི་ཡི་ཡུལ་ནས་མི་ཡི་དཔལ་ཡོན་ལ་བསྙེགས་ཤིང་མི་ཡི་ཡུལ་ནས་མི་ཆོས་ཀྱིས་འཚོ་ཞིང་གཞེས་པའི་མི་རིགས་དེ་ཡིན་པས་ཁོང་ཚོར་དུས་ཡུན་རིང་བའི་མི་ཆོས་ལོ་རྒྱུས་ཀྱི་ཉམས་མྱོང་དང་མི་ཆོས་འཚོ་གནས་ཀྱི་ཤེས་རིག་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། མི་ཆོས་ཀྱི་ཉམས་མྱོང་དང་ཤེས་རིག་དེ་དག་ཟིན་ཐོར་བཀོད་པའི་དཔེ་ཚོགས་དག་ཀྱང་དབྱར་དུས་ཀྱི་རྣམ་པར་བཀྲ་བའི་མེ་ཏོག་ལ་འཁུ་བ་ཡིན།
ལོ་རྒྱུས་ཀྱིས་མི་མ་ཡིན་དུ་བསྒྱུར་ཚར་བའི་འུ་ཚོར་ལྟོས་དང་། སྐྱོ་སྣང་རིང་ལུགས་དང་སྟོང་བསམ་རིང་ལུགས་ཀྱི་ལྟ་གྲུབ་སྲོག་ཤིང་དུ་བྱས་པའི་སློབ་གསོ་ཞིག་རྒྱ་འབྱམས་སུ་སོང་བ་དེས་མི་ཡི་ཡུལ་ནས་མངོན་གྱུར་དང་རྟག་བརྟན་དུ་ཡོད་པའི་མི་ཡུལ་གྱི་དཔལ་ཡོན་ཡས་སུ་བོར་ཏེ་ལྐོག་གྱུར་དང་སྨིག་སྒྱུ་ལྟ་བུའི་ལྷ་ཡི་དཔལ་ལ་སྨོན་པའི་ཡ་མ་རླའི་འདུ་ཤེས་དེ་ནད་འབུ་ཇི་བཞིན་མི་རིགས་ཀྱི་ཁྲག་རྩའི་ནང་དུ་ཞུགས་ཤིང་ད་དུང་ཟུངས་ཁྲག་དང་དབྱེར་མེད་ཏུ་སིམ་དུ་བཅུག །
རྒྱུ་དེ་བས་དང་རྐྱེན་དེ་བས་ཡ་མ་རླའི་མི་ཚོགས་འདི་མི་ཆོས་ཀྱི་ངོས་ཐད་ནས་སྒྱིད་ལུག་ཅན་དང་ལེ་ལོ་ཅན་བག་འཁུམ་ཅན་དང་སྙོམ་ལས་ཅན་དུ་གྱུར་པས། མི་ཚོགས་འདི་ལ་མི་ཡུལ་གྱི་ལོ་རྒྱུས་ཉམས་མྱོང་དང་མི་ཡུལ་གྱི་འཚོ་གནས་ཀྱི་ཤེས་རིག་ཅི་ཡང་གཞི་གྲུབ་མ་མྱོང་ལ། ཉམས་མྱོང་དང་ཤེས་རིག་ཟིན་ཐོར་བཀོད་པའི་དཔེ་ཚོགས་ནི་དེ་བས་ཀྱང་སྟེ། རི་བོང་གི་རྭ་དང་། ནམ་མཁའི་པདྨོའོ།།
འདི་ལྟར་བཤད་དུས་ནམ་ཡང་རང་བསྟོད་ཀྱི་གྲུབ་མཐར་རྣམ་ཤེས་དབྱེར་མེད་དུ་འདྲེས་ཤིང་རང་ཉིད་ཀྱི་ཕྱི་སྣོད་དག་ཞིང་དང་ནང་བཅུད་སྐལ་ལྡན་དུ་མོས་པ་དག་ཚོར་འདུ་ཅི་ཞིག་གི་གདུང་བས་གཟིར་བཞིན། ས་སྐྱའི་ལེགས་བཤད་དགེ་ལྡན་ལེགས་བཤད་ལུགས་ཀྱི་བསྟན་བཅོས་སོགས་ལོ་ངོ་སྟོང་ཚོ་དུ་མར་གླུ་བརྒྱ་ངག་གཅིག་སྒོ་ནས་ཨ་བཤད་ཡང་བཤད་བྱས་ནས་ཐོན་ཡོང་བའི་དཔེ་ཆ་འགའི་མིང་ནས་བཟུང་སྟེ་འུ་ཚོར་ཡང་མི་ཆོས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས་པ་དང་བླ་ན་མེད་པ་ཡོད་དོ་ཞེས་ཟེར་ངེས་མོད། དེ་ནི་ཁྲོན་སྦལ་ཇི་བཞིན་ཕུན་སུམ་ཚོགས་པ། བླ་ན་མེད་པ་ཞེས་པའི་ཡིག་འབྲུ་བརྒྱད་པོ་དེ་ནམ་ཡང་རང་རིགས་ཀྱི་ཡོད་ཚད་ལ་སྦྱར་གོམས་སུ་སོང་བ་ཙམ་ལས་ཅི་ཡང་མ་ཡིན།
དཔལ་འབྱོར་གྱིས་དེ་རིང་དང་། ཆབ་སྲིད་ཀྱིས་སང་ཉིན། སློབ་གསོ་ཡིས་མ་འོངས་པའི་ཐག་གཅོད་བྱེད་ཟེར་བ་འདི་ཅི་མ་བདེན། འུ་ཚོའི་འདས་པའི་དུས་རབས་ནང་གི་སློབ་གསོ་དེས་སྐབས་དེ་དུས་ཀྱི་མ་འོངས་པ་སྟེ་འུ་ཚོའི་དེ་རིང་གི་གནས་བབ་འདི་ཐག་བཅད་ཡོད་ལ། དེ་རིང་གི་སློབ་གསོ་འདིས་ཀྱང་མ་འོངས་པའི་ལས་དབང་དེ་ཐག་གཅོད་ངེས།
སྔོན་ཐོན་མི་རིགས་གཞན་དག་གི་ཉམས་མྱོང་སློབ་གསོའི་ལམ་རིམ་ནི། ལྷ་གྲལ་ནས་བུད་ཅིང་། མི་གྲལ་དུ་བསྙེགས་ན། མི་ཡུལ་གྱི་དཔལ་ཡོན་ཐོབ་པ་དེ་ཡིན་ལ། འདི་ནི་མི་ཆོས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བའང་ཡིན།
ལོ་རྒྱུས་ཀྱི་མདུན་ཕྱོགས་སུ་བསྙེགས་ཟིན་པའི་མི་རིགས་ཚོར་མཚོན་ན་བུད་བསྙེགས་ཐོབ་གསུམ་དེ་ནི་སྤྱི་ལོ་༡༥༠༠ནས་ད་ལྟའི་བར་གྱི་ལོ་ངོ་ལྔ་བརྒྱ་ལྷག་གི་འཕེལ་རྒྱས་ཀྱི་བགྲོད་ལམ་ཡིན།
འུ་ཚོའི་སྲོལ་རྒྱུན་སློབ་གསོའི་ལམ་རིམ་ནི་མི་གྲལ་ནས་བུད་ཅིང་། ཁྱི་གྲལ་དུ་བསྙེགས་ན། ལྷ་ཡི་དཔལ་ཡོན་ཐོབ་རྒྱུ་དེའོ། །
སྤྱི་ལོ་༩༠༠ནས་༡༩༠༠བར་གྱི་ལོ་ངོ་ཆིག་སྟོང་ནི་འུ་ཚོ་མི་གྲལ་ནས་བུད་པའི་དུས་རབས་ཡིན་ལ། སྤྱི་ལོ་༡༩༠༡ནས་ད་ལྟའི་བར་གྱི་ལོ་ངོ་བརྒྱ་ནི་འུ་ཚོ་ཁྱི་གྲལ་དུ་བསྙེགས་པའི་ལོ་རྒྱུས་ཡིན། བུད་བསྙེགས་ཐོབ་གསུམ་གྱི་གཞུང་ལུགས་ལྟར་ན་འུ་ཚོ་བུད་ཟིན་ལ་བསྙེགས་ཟིན། མ་འོངས་པའི་དུས་རབས་ནམ་ཞིག་ནི་འུ་ཚོས་ལྷ་གྲལ་ཐོབ་པའི་དུས་སྐབས་ཡིན་ནམ།
མི་རིགས་གཞན་པ་དང་འུ་ཚོའི་བར་གྱི་དུས་ཡུན་རིང་བའི་སློབ་གསོའི་ལྟ་གྲུབ་དང་སློབ་གསོའི་ལམ་རིམ་གྱི་ཁྱད་པར་གོ་ལྡོག་ཏུ་གྱུར་པ་ཇི་བཞིན། ད་ལྟའི་ལོ་རྒྱུས་ཀྱི་གནས་བབ་ཀྱང་གོ་ལྡོག་པར་གྱུར་ཡོད་པ་མ་ཡིན་ནམ་སྟེ། མི་རིགས་གཞན་པ་ཚོས་མི་ཡུལ་གྱི་གོ་འཕང་ལ་ཐོབ་ཤོར་རྩོད་ས་ནས་མི་ཡུལ་གྱི་མཛེས་པ་དང་འཛམ་གླིང་གི་དཔལ་ཡོན་ལ་ལོངས་སུ་སྤྱོད་བཞིན་ཡོད་ལ་མི་ཡི་རིགས་ཤིག་ཡིན་པའི་འུ་ཚོས་མི་ཡི་གནས་ས་ཙམ་ཡང་ཟིན་དཀའ་བའི་ཚོད་དུ་ཐོན་ཡོད།
འདི་ནི་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་རྗེས་ནས་ད་ལྟའི་བར་གྱི་ལོ་ངོ་ཆིག་སྟོང་ཆིག་བརྒྱའི་འུ་ཚོའི་ལོ་རྒྱུས་ཀྱི་བགྲོད་ཤུལ་སྐྱ་ཆད་དེ་རེད་ལ། དེ་རིང་གང་དུ་སླེབ་སའི་ཡུལ་ངོས་སྔོ་སྡུག་ཀྱང་རེད།
ལོ་རྒྱུས་ཀྱི་བདེན་པ་འདིས་ཅི་ཞིག་ལ་བདེན་དཔང་བྱས་ཡོད་ཟེར་ན། ཅིས་ཀྱང་མི་ཡི་ཡུལ་ནས་མི་ཡི་གྲལ་ཟིན་དགོས་ན། མི་ཡི་ཡུལ་ནས་མི་ཡི་དཔལ་འཐོབ་དགོས་ན། མི་ཆོས་ཀྱི་རིག་གཞུང་ཁོ་ན་དང་མི་ཆོས་ཀྱི་ལྟ་གྲུབ་ཉག་གཅིག་དེ་ཁྱོད་ཀྱི་མགོན་ཡིན་ལ་ཁྱོད་ཀྱི་སྐྱབས་ཡིན་པ་དེའོ། །

ཡོང་ཁུངས་དྲྭ་བ་གཞན།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s