ཀ་ལོན་སྦུག་གི་ཐུག་པ་བཟོ་མཁན། ༼༢༽

སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་སྐོར་ལ་འདི་གའི་རྩོམ་སྒྲིག་པས་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་དང་གླེང་མོལ་བྱས་པའི་དུམ་ཚན་གཉིས་པ།


      དོན་འགྲུབ་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་ལ་མཚོན་ན་༧གོང་ས་མཆོག་ལ་གཅེན་གཅུང་མང་པོ་ཡོད་པའི་ནང་ནས་བགྲེས་ཤོས་གསུམ་པ་དེ་ཡིན་སྟབས། སྔོན་ཆད་སྟག་མཚེར་གྱི་ཁོང་ཚང་གི་ཁྱིམ་རྒྱུད་སྐོར་དང་། གཅུང་པོ་ལྷ་མོ་དོན་འགྲུབ་༧རྒྱལ་དབང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་སྟངས། དེ་བཞིན་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་སོགས་མང་ཙམ་མཁྱེན་གྱི་ཡོད་པ་རེད།

      འཇམ་དབྱངས་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་ཀྱི་དེབ་ནང་བཀོད་པ་ལྟར་ན། སྐུ་འབུམ་དང་སྟག་མཚེར་གྱི་བོད་མི་ཚོ་སྲོང་བཙན་སྒམ་པོའི་དམག་གི་རྒྱུད་པ་ཡིན་པའི་བཤད་སྲོལ་ཡོད་ས་རེད། ཁོང་ཚང་ལ་མཚོན་ན་སྔོན་མ་ཁྱིམ་ཚང་ཆེན་པོ་དང་ཆ་རྐྱེན་འཛོམས་པོ་ཅན་ཞིག་ཡིན་ཡང་། བར་སྐབས་ཤིག་ནས་མན་ཇུ་དམག་གིས་ས་གནས་དེ་ཁུལ་གྱི་བོད་མི་ཚོར་བཙན་གནོན་བྱས་ཏེ་ས་ཞིང་དང་རྒྱུ་ནོར་བཙན་འཕྲོག་བྱས་ཏེ། གནས་སྐབས་རིང་ས་ཁུང་ནང་དུ་སྡོད་དགོས་པ་བྱུང་འདུག རྗེས་སུ་ཁོང་ཚང་གི་ཨ་ཕ་ཆོས་སྐྱོང་ཚེ་རིང་གི་ཨ་མའི་གཅེན་པོ་ཞིག་སྟག་མཚེར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱུང་སྟེ། ཁོང་སྐུ་འབུམ་དགོན་པའི་བླ་མ་ཆེ་གྲས་ཤིག་ཡིན་པ་དང་། སོག་ཡུལ་སོགས་སུ་ཕེབས་ཏེ་གདུལ་བྱ་ཆེན་པོ་རྒྱས་པ་སོགས་ལ་བརྟེན་ཏེ། ཁོང་ཚང་སླར་ཡང་གཞིས་ཀ་ཆེན་པོ་ཆགས་ཡོད་ས་རེད། རྒྱལ་ལོ་དོན་གྲུབ་ཀྱི་རྨོ་མོ་(རྒྱལ་ཡབ་ཆོས་སྐྱོང་ཚེ་རིང་གི་ཨ་མ།)དེ་ཧ་ཅང་རླུང་ཚ་བོ་དང་ཨུ་ཚུགས་ཆེན་པོ་ཅན་ཞིག་ཡིན་ས་རེད། དུས་རྒྱུན་ཁོང་ཚང་གི་མནའ་མ་(རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་།)ལ་ཉེས་རྡུང་གཏོང་གི་ཡོད་འདུག ཐེངས་ཤིག་ས་གནས་དེའི་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་ལའང་འགྲམ་ལྕགས་གཞུས་པའི་སྒྲུང་བཤད་རྒྱུ་འདུག སྟག་མཚེར་རིན་པོ་ཆེ་སྐུ་གྲོངས་རྗེས་རྨོ་མོ་དེས་སྟག་མཚེར་སྐུ་ཕྲེང་རྗེས་མ་དེའང་ཁོང་ཚང་ལ་འཁྲུངས་རྒྱུར་རེ་བ་ཆེན་པོ་བརྒྱབ་ཡོད་ཀྱང་། བདེ་སྐྱིད་ཚེ་རིང་ལ་ཕྲུ་གུ་ཐོག་མ་དེ་བུ་མོ་ཞིག་(གཅེན་མོ་ཚེ་རིང་སྒྲོལ་མ།)སྐྱེས་ཡོད་སྟབས་རྨོ་མོས་སེམས་སྡུག་ཆེན་པོ་བྱས་ཏེ་ཟས་ཀྱང་མ་ཟོས་པར་མཐར་ནད་མནར་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག   སྐབས་དེར་སྐུ་འབུམ་དགོན་པའི་སྟག་མཚེར་བླ་བྲང་གི་མི་སྣ་ཚོས་ཐེངས་གཉིས་ཙམ་ལ་ཕྲུ་གུ་ཚོའི་མཚན་ཐོ་བསྡུས་ཏེ་ལྷ་སར་འཁྱེར་ནས་༧རྒྱལ་དབང་བཅུ་གསུམ་པར་ཕུལ་སྐབས། མིང་ཐོ་དེ་དག་ཁྲོད་སྟག་མཚེར་རིན་པོ་ཆེའི་ཡང་སྲིད་མི་འདུག་གསུངས་ཏེ་ཕྱིར་སློག་བཏང་ཡོད་པ་དང་། ༡༩༢༢ ལོར་བདེ་སྐྱིད་ཚེ་རིང་ལ་བུ་ཞིག་སྐྱེས་ཡོད་པ་དང་། སྟག་མཚེར་བླ་བྲང་གིས་མཚན་ཐོ་ཐེངས་གསུམ་པ་འཁྱེར་སྐབས་ཕྲུ་གུ་དེའི་མིང་ཡང་ཡོད་ས་རེད། སྐབས་དེར་རྒྱལ་བ་རིན་པོ་ཆེས་ཕྱག་ཡིག་ཅིག་སྤྲད་དེ། འདི་སྐུ་འབུམ་དགོན་པར་བསླེབས་བར་ཁ་མ་འབྱེད་རོགས་གསུངས་ཡོད་ས་རེད། དེ་ནས་ཁོང་ཚོ་ཕྱིར་ལོག་སྟེ་སྐུ་འབུམ་དགོན་པའི་མཁན་པོས་ཕྱག་ཡིག་དེའི་ཁ་ཕྱེས་སྐབས། ཡུམ་བདེ་སྐྱིད་ཚེ་རིང་གི་ཕྲུ་གུ་དེ་སྟག་མཚེར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་ས་རེད།  ༧རྒྱལ་དབང་བཅུ་གསུམ་པ་སྐུ་གཤེགས་པའི་ལོ་ཤས་རྗེས་ལ། ལྷ་ས་ནས་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་དེ་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ཞིག་སྟག་མཚེར་དུ་འབྱོར་ཡོད་པ་དང་། གནས་ཚུལ་དེ་ཟི་ལིང་གི་མཱ་པུ་ཧྥིང་གིས་ཧ་གོ་ནས་ཉིན་ཞིག་དམག་མང་པོ་བཏང་སྟེ་རྒྱལ་བ་རིན་པོ་ཆེའི་ཡབ་ཡུམ་གཉིས་དང་རྒྱལ་བ་རིན་པོ་ཆེ་ཁོང་བཅས་ཟི་ལིང་དུ་ཁྲིད་དེ་དུས་ཡུན་གང་འཚམ་རིང་ཟི་ལིང་དང་སྐུ་འབུམ་སོགས་ནས་བཀག་ཉར་བྱས་འདུག སྐབས་དེར་ཀེའུ་ཚང་རིན་པོ་ཆེ་ཡར་རྒྱུག་མར་རྒྱུག་བྱས་ཏེ། མཱ་པུ་ཧྥིང་ལ་དངུལ་མང་པོ་སྤྲད་པ་བཅས་ལ་བརྟེན་ཏེ་མཐའ་མར་ལྷ་སར་གདན་འདྲེན་ཐུབ་པ་བྱུང་འདུག
༧རྒྱལ་བ་རིན་པོ་ཆེ་སྐུ་འཁོར་ལྷ་སར་འབྱོར་རྗེས་རྭ་སྒྲེང་རིན་པོ་ཆེ་ཡིས་སྣེ་ལེན་གོ་སྒྲིག་ཧ་ཅང་ཡག་པོ་གནང་སོང་ཞེས་བཀོད་འདུག  རྗེས་སུ་རྭ་སྒྲེང་རིན་པོ་ཆེས་ཡབ་གཞིས་ཚང་ལ་གཞིས་ཀ་ལྔ་སྤྲད་འདུག གཞིས་ཀ་རེ་ཟུང་རྒྱང་རྩེ་དང་གྲོ་མོ་སོགས་ཐག་རིང་པོ་ན་ཡོད་པ་དང་། ཁོང་ཚང་གི་ཡོང་བབ་གཙོ་བོ་གཞིས་ཁ་དེ་དག་ལ་བརྟེན་ཡོད་ས་རེད། ད་དུང་ཡབ་ཆོས་སྐྱོང་ཚེ་རིང་ལ་ཡབ་གཞིས་སྐུ་ངོ་དང་། ཡུམ་བདེ་སྐྱིད་ཚེ་རིང་ལ་རྒྱལ་ཡུམ་ཆེན་མོ། སྔོན་ཆད་ཁོང་ཚང་གི་ཁྱིམ་མིང་ལ་ ‘སྟག་མཚེར’ ཟེར་གྱི་ཡོད་པ་དེར། རྗེས་སུ་ཡབ་གཞིས་ ‘སྟག་ལྷ’ ཞེས་པར་མིང་བསྒྱུར་བྱས་ཡོད་འདུག ཡབ་གཞིས་སྐུ་ངོ་ལ་ཆབ་སྲིད་ཀྱི་དབང་ཆ་དམིགས་བསལ་མེད་ནའང་ཆེ་མཐོང་དང་གུས་བརྩི་ཧ་ལམ་བཀའ་བློན་ཚོ་དང་མཉམ་པ་ཡོད་ས་རེད། རྒྱལ་ལོ་དོན་འགྲུབ་ཀྱི་བཤད་སྟངས་བྱས་ན། ཡབ་ཆོས་སྐྱོང་ཚེ་རིང་རྩ་བའི་མི་བཟང་བོ་གཞུང་དྲང་ཞིག་ཡིན་ཡང་། སྤྱི་ཚོགས་ནང་སྐབས་དེར་ཁོང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་དང་། ཕྱོགས་གཅིག་ནས་སྐྱོན་བརྗོད་བྱེད་འོས་པ་ཞིག་ཀྱང་རེད། གང་ཡིན་ཟེར་ན། ཁོ་རང་ཁོང་ཁྲོ་ཆེ་པོ་དང་། གཞན་གྱིས་ཅི་བཤད་ལ་ཡིད་ཆེས་བྱེད་སླ་བ། ཆེ་ཚུགས་དོད་རྒྱུར་དགའ་བ་སོགས་ཀྱི་གཤིས་ཀ་ཅུང་ཁྱད་མཚར་ཞིག་ཡོད་པ་རེད། ཅེས་བརྗོད་འདུག སྐབས་དེར་བོད་གཞུང་གིས་ཡབ་གཞིས་ཚང་ལ་གཟིམ་ཤག་ཆེན་པོ་ཞིག་རྒྱག་སྐབས། ང་ཕོད་ངག་དབང་འཇིགས་མེད་འཛུགས་སྐྲུན་ལས་གཞིའི་ལྟ་རྟོག་པ་ཡིན་ས་རེད། མང་ཚོགས་ནང་ང་ཕོད་ཀྱིས་ཡབ་གཞིས་ཚང་གི་ཁང་པ་གསར་རྒྱག་གི་རྒྱུ་ཆ་རྐུ་འཁྱེར་བྱེད་ཀྱིན་འདུག་ཟེར་བའི་གཏམ་འཁྱར་ཞིག་རྒྱལ་ཡབ་ཀྱིས་ཐོས་ཏེ། ཉིན་ཞིག་ཁོས་དབྱུག་པ་བཟུང་སྟེ་གཟིམ་ཤག་གསར་པའི་སྒོ་རྭའི་ནང་ང་ཕོད་ཡར་བདའ་མར་བདའ་བྱས་ཏེ་ཉེས་རྡུང་གཏོང་གྲབས་བྱེད་ཀྱི་ཡོད་པ་རྒྱལ་ལོས་དངོས་སུ་མཐོང་མྱོང་སྐོར་སོགས་བཀོད་འདུག


       དོན་འགྲུབ་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་ནན་ཅིན་ཆབ་སྲིད་སློབ་གྲྭར་སྐྱོད་སྐབས། གོ་མིན་ཏང་གི་གཙོ་འཛིན་ཅིང་ཅེ་ཧྲི་དང་འབྲེལ་འདྲིས་ཟམ་མོ་བྱུང་ཡོད་ས་རེད། རྒྱལ་ལོ་དོན་གྲུབ་ཀྱི་སྐུ་ལྕམ་ཀྲུ་ཌན་(Zhu Dan)ཡང་གོ་མན་ཏང་གི་དམག་སྤྱི་ཞིག་གི་བུ་མོ་རེད། ཁོང་གཉིས་ཐོག་མ་མཛའ་འབྲེལ་བྱུང་སྟངས་དང་། ཕྱིས་སུ་ཁོང་བཟའ་མི་གཉིས་ཕྱི་ལོགས་སུ་ཕེབས་ཕྱོགས་དང་ད་ལྟའི་ནང་མིའི་གནས་སྟངས་སྐོར་ད་སྔ་མཐོང་མ་སོང་།

        འཇམ་དབྱངས་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་ཐོག་མ་ལྷ་སའི་ ‘ཏར་ཁང’ སློབ་གྲྭར་ཕྱིན་ཡོད་ཀྱང་། སློབ་གྲྭ་དེའི་ནང་ཞལ་འདོན་སོགས་སློབ་སྦྱོང་ཙག་ཙིག་ལས་ཡོད་ས་མ་རེད། དེ་ནས་རྭ་སྒྲེང་རིན་པོ་ཆེའི་སྐད་སྒྱུར་བ་རྒྱ་ཁ་ཆེ་ཞིག་ཡོད་པ་དེའི་གམ་ནས་རྒྱལ་ལོ་དོན་གྲུབ་ཀྱིས་རྒྱ་ཡིག་རྒྱ་སྐད་ལོ་བཞི་ལྔ་ཞིག་ལ་སྦྱངས་ཡོད་ས་རེད། རྗེས་ལ་རྒྱལ་ལོ་རྒྱ་ནག་ལ་སློབ་སྦྱོང་དུ་གཏོང་རྒྱུའི་ཐབས་ཇུས་འཐེན་མཁན་གཙོ་བོ་རྭ་སྒྲེང་རིན་པོ་ཆེ་ཡིན་ས་རེད།  ༡༩༤༥ ཟླ་ ༡༡ པའི་ནང་། རྒྱལ་ལོ་དོན་གྲུབ་ལོ་ ༡༦ སྟེང་རྒྱ་གར་ཀ་ལི་ཀུ་ཏ་བརྒྱུད་ནས་རྒྱ་ནག་ནན་ཅིན་ལ་སློབ་སྦྱོང་དུ་ཕེབས་འདུག སྐབས་དེར་ཅིང་ཅེ་ཧྲི་དང་རྒྱལ་ལོ་དོན་གྲུབ་བར་འབྲེལ་བ་གཏིང་ཟབ་མོ་བྱུང་ཡོད་འདུག རྒྱལ་ལོ་ལ་སྡོད་ཁང་དང་གཡོག་པོ། རླངས་འཁོར། རླངས་འཁོར་ཁ་ལོ་བ། ཟ་མ་བཟོ་མཁན་སོགས་གོ་སྒྲིག་བྱས་ཡོད་པ་མ་ཟད། ཟླ་རེར་ལག་དངུལ་འདང་ངེས་རེ་སྤྲད་དེ་རྒྱས་སྤྲོས་ཆེན་པོ་བྱེད་དུ་བཅུག་ཡོད་ས་རེད། རྒྱལ་ལོ་དོན་གྲུབ་ཀྱི་བཤད་སྟངས་བྱས་ན། ཅིང་ཅེ་ཧྲི་དང་ལྕམ་སོང་མེ་ལེན་བཟའ་མི་གཉིས་ཀྱིས་སོ་སོའི་བུ་ཕྲུག་ལྟར་བྱམས་སྐྱོང་གནང་ཡོད་པ་མ་ཟད། འགྲོ་འདུག་སྤྱོད་གསུམ་ཐོག་ཁ་ཏ་སློབ་གསོ་མང་པོ་བྱས་ཡོད་པ་དང་། རྒྱ་ནག་གི་ལོ་རྒྱུས་སྐོར་ལ་སློབ་སྦྱོང་གཏིང་ཟབ་མོ་བྱེད་དགོས་པའི་སྐུལ་མ་ཡང་ཡང་བཏང་སོང་ཞེས་བཀོད་འདུག  ༡༩༤༩ ལོར་གོ་མིན་ཏང་ཕམ་ཉེས་སུ་སོང་སྟེ་ཅིང་ཅེ་ཧྲི་ཐེ་ཝན་དུ་འབྲོ་ཁར་ཡང་རྒྱལ་ལོ་དོན་གྲུབ་ལ་གོ་སྒྲིག་ཡག་པོ་ཞིག་བྱས་ཏེ་ཕྱིན་ཡོད་ས་རེད།  ༼ཅིང་ཅེ་ཧྲིའི་སྐྱེས་དམན་སོང་མེ་ལེན་གྱི་ཨ་ཕ་(Charlie Soong)ཡིན་པ་དང་། ཁོས་ཕྱི་རྒྱལ་ནས་སློབ་སྦྱོང་བྱས་ཏེ་ཕྱིར་རྒྱ་ནག་ནང་ལོག་ནས་ཧྲེང་ཧེ་སོགས་སུ་ཡེ་ཤུ་ཆོས་སྤེལ་ཡོད། ཁོ་ལ་བུ་མོ་གསུམ་ཡོད་པ་ནི་ཅིང་ཅེ་ཧྲིའི་སྐྱེས་དམན་(Soong Mei-Ling)དང་། སུན་ཀྲོན་ཧྲན་གྱི་སྐྱེས་དམན་(Soong Qingling)། སྐབས་དེའི་རྒྱ་ནག་གི་རྒྱུ་ཆེན་ཕྱུག་བདག་ཁཱོན་ཞང་ཞི་(Kung Hsiang-His)ཟེར་བའི་སྐྱེས་དམན་ (Soong Ai-ling)བཅས་ཡིན།༽  རྒྱལ་ལོ་དོན་གྲུབ་ཀྱིས་བརྗོད་པ་ལྟར་ན། སྐབས་དེར་ཅིང་ཅེ་ཧྲི་བཟའ་མི་གཉིས་ཀྱི་འཚོ་བ་དེ་ཙམ་གྲ་རྒྱས་པོ་མིན་པ་མ་ཟད། ནང་འཁོར་གཡོག་པོ་ཚོའི་སྟེང་ལ་བྱམས་པོ་བྱེད་ཀྱི་ཡོད་པ་དང་། ཅིང་ཅེ་ཧྲིས་ད་ལྟའི་གུང་བྲན་ཏང་གི་བཤད་སྟངས་ལྟར། བོད་དེ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བའི་བཤད་སྟངས་དེ་འདྲ་མི་གནང་བར། བོད་དང་སོག་པོ་ཡུ་གུར་སོགས་ཀྱི་མི་རིགས་ཆེ་ཁག་ལྔ་སྤྱི་མཐུན་མཉམ་འབྲེལ་ཆགས་ན་ཡག་པོ་ཡོད་སྐོར་དང་། བོད་མི་ཚོར་ཕྱིའི་ཤུགས་རྐྱེན་མེད་པར་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོར་འདུག་འདོད་ཡོད་ན་ཁོས་དེ་ལྟར་ངོས་ལེན་བྱ་རྒྱུ་ཡིན་སྐོར་སོགས་ཀྱང་བཤད་མྱོང་ཡོད་སྐོར་བཀོད་འདུག  རྒྱལ་ལོ་དོན་གྲུབ་ཀྱི་ལྕམ་ཀྲུའུ་ཏན་༼(Zhu Dan)བོད་མིང་ལ་བདེ་སྐྱིད་སྒྲོལ་དཀར།༽དང་ཁོང་གཉིས་ ༡༩༤༦ ལོ་ཙམ་ལ་ཐུག་ཡོད་པ་དང་། བདེ་སྐྱིད་སྒྲོལ་དཀར་གྱི་ཨ་ཕའི་མིང་ལ་ཀྲུའུ་ཧྲི་ཀེ་(Zhu Shigui)ཟེར་བ་དེ་ཅང་ཅེ་ཧྲིའི་འོག་གི་དམག་དཔོན་མཐོ་གྲས་ཤིག་ཡིན་ས་རེད། གུང་ཁྲན་བཏང་དང་གོ་མིན་ཏང་གི་དམག་འཁྲུག་ཛ་དྲག་ཆགས་སྐབས། རྒྱལ་ལོ་དོན་གྲུབ་བཟའ་མི་གཉིས་ ༡༩༤༩ ཟླ་ ༡ ཚེས་ ༢ ཉིན་ཧོང་ཀོང་ལ་འབྲོ་རྒྱུའི་གོ་སྐབས་རེག་སྟེ། རིམ་པས་རྒྱ་གར་ལ་ཡོང་སྟེ་ཀ་ལོན་སྦུག་ནས་གཞིས་ཆགས་འདུག རྒྱལ་ལོ་དོན་གྲུབ་ཀྱིས་ཁོའི་ལྕམ་ཀྲུའུ་ཏན་གྱི་སྐོར་ལ། མི་ཚོས་ང་ལ་ཁྱེད་རང་མོ་དང་མཉམ་དུ་གཉེན་སྒྲིག་བྱས་ན་ཡག་པོ་མེད་ཚུལ་དང་། ཁྱེད་རང་འབྲུག་རྒྱལ་པོའི་སྲས་མོ་དང་། ཡང་ན། འབྲས་ལྗོངས་རྒྱལ་པོའི་སྲས་མོ་གང་རུང་ལ་གཉེན་སྒྲིག་བྱས་ན་བཟང་སྐོར་བཤད་ཀྱང་། ངས་ཁོང་ཚོར་ང་རང་བརྩེ་དུང་གི་ཆེད་དུ་གཉེན་སྒྲིག་བྱས་པ་ཡིན་ཞེས་བཤད་པ་ཡིན། ཞེས་སོགས་བཀོད་འདུག  རྒྱལ་ལོ་དོན་གྲུབ་བཟའ་མི་གཉིས་ལ་ཕྲུ་གུ་བུ་མོ་གཅིག་དང་བུ་གཉིས་ཡོད་པ་དང་། ཆེ་བ་བུ་མོ་གཡང་འཛོམས་སྒྲོལ་མ་དང་། དེའི་འོག་མ་བསྟན་འཛིན་མཁས་གྲུབ། བུ་ཆུང་ཤོས་ངག་དབང་བསྟན་པ་ཧོང་ཀོང་དུ་བྱིས་པའི་སྨན་པ་སྐད་གྲགས་ཅན་ཞིག་ཡིན་ས་རེད། བུ་མོ་གཡང་འཛོམས་སྒྲོལ་མ་དབྱིན་ཡུལ་ནས་སློབ་སྦྱོང་ཐོན་རྗེས་ཤེས་ཡོན་ཐོག་ཕྱག་ལས་མང་པོ་གནང་ཡོད་པ་དང་། རྒྱལ་ཡུམ་ཆེན་མོའི་ལོ་རྒྱུས་འབྲི་མཁན་ཡང་ཐོག་མ་མོ་རང་ཡིན་ཡང་། རྗེས་སུ་བྱང་ཨ་རིའི་ནང་རླངས་འཁོར་བརྡབ་སྐྱོན་འོག་མོ་འདས་གྲོངས་སུ་ཕྱིན་རྗེས། དེབ་དེ་བསྟན་འཛིན་མཁས་གྲུབ་ཀྱིས་མཇུག་སྐྱོང་གནང་ཡོད་ས་རེད།


       དོན་འགྲུབ་བཀྲ་ཤིས། ད་སྔ་ཡིག་ཐོག་ཏུ་གསལ་བོ་མེད་ཀྱང་ངག་རྒྱུན་ལྟར་ན། རྭ་སྟག་དོན་རྐྱེན་གྱིས་གཙོས་པའི་སྐབས་དེའི་ལྷ་སའི་སྐུ་དྲག་མི་དྲག་ཚོའི་བར་རྙོག་གྲ་དང་འཐབ་རྩོད་མང་པོ་བྱུང་ཡོད་པ་མ་ཟད། སྐབས་དེར་ལྷ་སའི་དམངས་ཁྲོད་དུ་ “ལྷ་སའི་སྐུ་དྲག་མི་དྲག ཁ་ན་རྒྱལ་བ་ནོར་བུ། ལག་ན་གསོལ་རྔན་ནག་པོ།”  ཞེས་པའི་བཤད་སྲོལ་ཞིག་ཀྱང་ཡོད་པ་ལྟར། རྒྱལ་ཡབ་ཆོས་སྐྱོང་དབང་ཕྱུག་སྐུ་གྲོངས་སྟངས་ཐད་ལའང་བཤད་སྟངས་སྣ་ཚོགས་ཤིག་ཡོད་པ་རེད། རྒྱལ་ལོ་དོན་འགྲུབ་ལ་གནས་ཚུལ་འདི་དག་ཐོག་གཟིགས་ཕྱོགས་གང་འདྲ་འདུག

       འཇམ་དབྱངས་བཀྲ་ཤིས། སྐབས་དེར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་རེད། རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྐོར་ལའང་འགན་གཙོ་བོ་ཁོང་གིས་འཁུར་ཡོད་ས་རེད། རྗེས་སུ་སྤྱི་ཚོགས་ནང་དཀྲོག་གཏམ་ཞིག་ཁྱབ་སྟེ་རྭ་སྒྲེང་རིན་པོ་ཆེ་སྐུ་མཚམས་ལ་མ་བཞུགས་པ་ཡིན་ན་སྐུ་གེགས་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པའི་གཏམ་འཁྱར་ཞིག་ཁྱབ་ཡོད་པ་དང་། རྭ་སྒྲེང་རིན་པོ་ཆེ་ཁོང་རང་ཉིད་ཀྱང་བློ་མ་བདེ་བར་ ༡༩༤༡ ལོའི་ལོ་མགོར་རྒྱལ་བའི་ཡོངས་འཛིན་བགྲས་པ་སྟག་བྲག་རིན་པོ་ཆེ་འཕྲལ་སེལ་རྒྱལ་ཚབ་ཏུ་བསྐོས་ཏེ། ཁོ་རང་སྐུ་མཚམས་ལ་བཞུགས་པར་ཕེབས་ཡོད་ས་རེད། ཐོག་མ་ཟླ་དྲུག་ཙམ་གྱི་འཆར་གཞི་ཡིན་ཡང་མཐར་ལོ་བཞི་ཙམ་འགོར་འདུག ལོ་བཞིའི་རྗེས་ལ་ཕྱིར་ཕེབས་སྐབས་སྟག་བྲག་གིས་སྲིད་དབང་རྩིས་སྤྲོད་བྱས་མི་འདུག གནས་ཚུལ་དེ་ལ་བརྟེན་ཏེ་སྐུ་དྲག་ནང་ཁུལ་རྭ་སྒྲེང་དང་སྟག་བྲག་ཕྱོགས་གཉིས་ཆགས་ཏེ། དབང་ཆའི་འཐབ་རྩོད་རྣོ་ངར་ཅན་ཆགས་འདུག ཡབ་གཞིས་ཚང་རྭ་སྒྲེང་གི་ཕྱོགས་གཏོགས་ཡིན་པ་དང་། ཚ་རོང་དང་ཞ་སྒབ་པ་སོགས་སྟག་བྲག་གི་ཕྱོགས་ཡིན་ས་རེད། རྒྱལ་ལོ་དོན་གྲུབ་ཀྱི་བཤད་སྟངས་བྱས་ན། སྐབས་དེར་སྟག་བྲག་རྒྱ་གར་དབྱིན་གཞུང་ལ་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། སྤྱི་ཚོགས་ནང་རྭ་སྒྲེང་རྒྱ་ནག་ལ་འབྲེལ་བ་ཡོད་པའི་བཤད་སྟངས་ཡོད་ས་རེད། འོན་ཀྱང་རྒྱལ་ལོ་ཁོ་རང་གི་ལྟ་སྟངས་ལ། རྭ་སྒྲེང་གིས་རྒྱ་ནག་དང་དབྱིན་གཞུང་གཉིས་ལ་འབྲེལ་བ་བྱེད་སྟངས་འདྲ་མཉམ་ཡོང་རྒྱུ་གལ་ཆེན་དུ་བརྩི་བཞིན་ཡོད་འདུག  རྭ་སྒྲེང་ཕྱོགས་གཏོགས་ཀྱི་མི་སྣ་གཙོ་བོ་གཅིག་ཡབ་གཞིས་ཆགས་ཡོད་སྟབས། ཉིན་ཞིག་ཡབ་ཆོས་སྐྱོང་ཚེ་རིང་ཁོང་ཚང་གི་གཞིས་ཀར་རྟོག་ཞིབ་ཏུ་བསྐྱོད་དེ་ཕྱིར་ལོག་སྐབས་སྐུ་སྙུང་བཞེས་ཡོད་པ་དང་། དགོང་མོ་དེར་ཟ་མ་ཏོག་ཙམ་ཟོས་ཡོད་ཀྱང་། ཕྱི་ཉིན་ནས་བཟུང་ཟ་མ་བཟའ་མ་ཐུབ་པར་ཉིན་ ༤༧ གྱི་རྗེས་སུ་སྐུ་གྲོངས་ཡོད་འདུག རྒྱལ་ལོ་དོན་གྲུབ་ཀྱི་ངོས་འཛིན་ལྟར་ན། དེ་ནི་གཞིས་ཀའི་གཉེར་བ་ཞིག་གིས་རྒྱལ་ཡབ་ལ་གླང་ཆེན་སྨྱོན་པ་ཟེར་བའི་དུག་དེ་དྲངས་བ་ཡིན་པ་དང་། དོན་རྐྱེན་དེའི་རྒྱབ་ཏུ་སྟག་བྲག་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག སྐབས་དེར་རྒྱལ་ལོ་དོན་གྲུབ་ཀྱིས་ནན་ཅིན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཡབ་གྲོངས་རྗེས་སྟག་མཚེར་རིན་པོ་ཆེ་ཡིས་ཡབ་ཀྱི་རུས་ཐལ་ཕ་ཡུལ་སྟག་མཚེར་དུ་འཁྱེར་སྐབས་ནན་ཅིན་དུ་སོང་སྟེ། རྒྱལ་ལོ་དོན་གྲུབ་ལ་ཡབ་དུག་གིས་བགྲོངས་ཚུལ་སྐོར་གསལ་བོར་བཤད་ཡོད་པ་མ་ཟད། རྗེས་སུ་རྒྱལ་ལོ་དོན་གྲུབ་ཀྱི་གཅེན་མོ་ཚེ་རིང་སྒྲོལ་མ་ནན་ཅིན་དུ་ཡོང་སྐབས་ཀྱང་དེ་དང་གཅིག་མཚུངས་བཤད་ཡོད་འདུག  རྭ་སྒྲེང་གིས་འགད་རྫས་བཞག་སྟེ་སྟག་བྲག་ལྐོག་གསོད་བྱེད་རྩིས་བྱས་པའི་ཉེས་འཛུགས་འོག ༡༩༤༧ ཟླ་ ༤ པའི་ནང་རྭ་སྒྲེང་རིན་པོ་ཆེ་འཛིན་བཟུང་བྱས་ཡོད་པ་དང་། ༡༩༤༧ ཟླ་ ༥ ཚེས་ ༨ ཉིན་བཙོན་ཁང་དུ་བཅུག་པའི་ཉིན་གསུམ་གྱི་རྗེས་སུ་རྭ་སྒྲེང་སྐུ་གྲོངས་ཡོད་སྐོར་ལབ་འདུག གནས་ཚུལ་དེར་ཚ་རོང་དང་ཟུར་ཁང་། ཞ་སྒབ་པ་སོགས་ལས་གྲུབ་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་ཞིབ་འཇུག་བྱས་མཐར་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་རྭ་སྒྲེང་རྒྱུན་ལྡན་ལྟར་སྐུ་གྲོངས་པ་ཡིན་ཚུལ་ཁྱབ་བསྒྲགས་བྱས་འདུག་ཀྱང་། རྗེས་སུ་རྒྱལ་ལོ་དོན་འགྲུབ་རྭ་སྒྲེང་གི་གཉེན་ཉེ་ཞིག་ལ་ཐུག་སྐབས། ར་སྒྲེང་ལ་དུག་དྲངས་ཏེ་བགྲོངས་ཚུལ་དང་། ཕུང་བོ་ལེན་སྐབས་ཁ་སྣ་ནས་ཁྲག་མང་བོ་ཐོན་ཡོད་སྐོར། གཅར་རྡུང་ཚད་མེད་བཏང་སྟེ་མི་ངོ་ཟིན་དཀའ་བ་སོགས་བཤད་ཡོད་འདུག འདིའི་སྐོར་རྒྱལ་ཡུམ་ཆེན་མོའི་དེབ་ནང་དུ་ཡང་། ཞོལ་བཙོན་ཁང་དུ་རྭ་སྒྲེང་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་སྐད་ཆེན་པོ་རྒྱག་གི་ཡོད་པ་ཕྱི་ལོགས་ནས་ཐོས་ཚུལ་སོགས་བཀོད་ཡོད་པ་རེད། སྐབས་དེར་སྟག་བྲག་གཞུང་གིས་ནན་ཅིན་དུ་ཡོད་པའི་བོད་གཞུང་དོན་གཅོད་ཐུབ་བསྟན་བཟང་པོ་བརྒྱུད་དེ། རྒྱལ་ལོ་དོན་གྲུབ་ཕྱིར་ལྷ་སར་འགུག་ཐབས་མང་པོ་བྱས་ཡོད་ས་རེད། རྒྱལ་ཡབ་གྲོངས་སྐབས་དར་འཕྲིན་བཏང་སྟེ་རྒྱལ་ལོ་དོན་གྲུབ་ལྷ་སར་ཡོང་ན་ཡབ་གཞིས་སྐུ་ངོའི་ཐོབ་ཐང་སྤྲོད་རྒྱུ་ཡིན་སྐོར་བཤད་ཡོད་འདུག དེ་བཞིན། སྐབས་དེར་གོ་མིན་ཏང་དང་ཇར་པིན་དམག་འཁྲུག་ཁྲོད་གོ་མིན་ཏང་ལ་གནས་སྐབས་ཀྱི་རྒྱལ་ཁ་ཐོབ་པར་བོད་གཞུང་གིས་ཐུབ་བསྟན་བསམ་འཕེལ་ཞུ་བ་ཞིག་འཚམས་འདྲི་ཞུ་བར་བཏང་བ་ཁོ་ལའང་ཡི་གེ་བཏང་ཡོད་ཀྱང་། ཁོས་རྒྱལ་ལོ་ལ་གཞུང་གི་བཀའ་རྣམས་བཤད་རྗེས། ཁོ་རང་སྒེར་ངོས་ནས་རྒྱལ་ལོ་དོན་གྲུབ་མུ་མཐུད་ནན་ཅིན་ནས་བསྡད་ན་བཟང་ཚུལ་དང་། བོད་གཞུང་ཁྱེད་རང་ལ་དོགས་པ་ཡོད་ཚུལ་སོགས་ལབ་ཡོད་འདུག ཐུབ་བསྟན་བསམ་འཕེལ་ཟེར་བ་དེ་སྔོན་ཆད་རྒྱལ་ལོ་དོན་གྲུབ་འགྲོ་སའི་ཏར་ཁང་སློབ་གྲྭའི་སློབ་སྤྱི་ཡིན་ས་རེད།  ཐེངས་ཤིག་རྒྱལ་ལོ་དོན་གྲུབ་ནན་ཅིན་བོད་གཞུང་དོན་གཅོད་ཁང་དུ་སྐྱོད་སྐབས། ལས་ཁུངས་འོག་ཤོད་ཀྱི་ཅོག་ཙེ་སྟེང་དུ་ལྷ་ས་ནས་བཏང་ཡོང་བའི་ཏར་འཕྲིན་ཞིག་ཡོད་པའི་ནང་། ཐབས་ཤེས་ཡོད་དགུ་བཏོན་ཏེ་རྒྱལ་ལོ་དོན་གྲུབ་ཕྱིར་ལྷ་སར་འགུག་ཐབས་བྱེད་དགོས་པ་དང་། རྒྱལ་ལོ་རྒྱ་ནག་ཏུ་བསྡད་ན་ཉེན་ཁ་ཆེན་པོ་ཡོད་ཚུལ་སོགས་བཀོད་ཡོད་པ་རྒྱལ་ལོས་དངོས་སུ་མཐོང་ཡོད་པ་དང་། ཁོས་ཡི་གེ་དེ་ཨམ་ཕྲག་ནང་བཅུག་སྟེ་ཐོག་ཤོད་དུ་ཕྱིན་ཏེ་དོན་གཅོད་ལས་བྱེད་རྣམ་པ་དང་གླེང་མོལ་བྱེད་སྐབས། དོན་གཅོད་ལས་བྱེད་ཚོས་སླར་ཡང་རྒྱལ་ལོ་ལྷ་སར་ལོག་དགོས་སྐོར་བཤད་སྐབས། རྒྱལ་ལོ་ཁོང་ཁྲོ་ཆེན་པོ་ལངས་ནས་ཡི་གེ་དེ་མདུན་ཅོག་སྟེང་གཡུགས་ཏེ། སྟག་བྲག་དང་བཀའ་ཤག་གིས་ངའི་ཕྱོགས་ལ་སེམས་འཁུར་བྱེད་མི་དགོས། ཁྱེད་ཅག་གིས་སེམས་འཁུར་བྱེད་དགོས་ས་ཨང་དང་པོ་བོད་མི་དམངས་དང་རྒྱལ་ཁབ་རེད་ཅེས་ལབ་ཡོད་འདུག  རྒྱལ་ཡུམ་ཆེན་མོས་ཀྱང་ཐབས་ཤེས་སྣ་ཚོགས་འཐེན་ཏེ། རྒྱལ་ལོ་དོན་གྲུབ་ལྷ་སར་ཡོང་མི་ཉན་པའི་བརྡ་ལན་བསྐྱལ་ཡོད་འདུག་ལ། རྗེས་སུ་རྒྱལ་ལོ་དོན་གྲུབ་ཧོང་ཀོང་བརྒྱུད་རྒྱ་གར་ཀ་ལོན་སྦུག་ཏུ་ཡོང་སྟེ། རྒྱལ་ཡུམ་ཆེན་མོ་ལྷ་སར་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་དུ་སྐད་བཏང་སྟེ། དོན་གཅོད་ཁང་གི་རླུང་འཕྲིན་བརྒྱུད་ནས་ཁ་བརྡ་བྱས་སྐབས་ཀྱང་རྒྱལ་ཡུམ་གྱིས་རྒྱལ་ལོ་ལྷ་སར་ལོག་མི་ཉན་པ་དང་། གལ་སྲིད་ལོག་པ་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ལའང་ཉེན་ཁ་ཡོད་སྐོར་སོགས་བཤད་འདུག དེབ་འདིའི་ནང་བཤད་སྟངས་བྱས་ན། སྐབས་དེར་སྟག་བྲག་གཞུང་གིས་རྭ་སྒྲེང་ཕྱོགས་གཏོགས་ཀྱི་དཔོན་རིགས་རྣམས་གོ་གནས་གཡུག་གི་ཡོད་པ་མ་ཟད། ལྷ་མོ་དོན་འགྲུབ་ཀྱང་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དུ་ངོས་ལེན་མི་བྱེད་པར། ཁོ་རང་ཚོའི་ཕྱོགས་གཏོགས་སྡེ་དྲུག་རིན་པོ་ཆེ་ཟེར་བ་ཞིག་ཡོད་པ་དེ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱ་རྒྱུའི་ལྐོག་ཇུས་འཐེན་ཡོད་འདུག སྐབས་དེར་རྙོག་གྲ་མང་པོ་ཞིག་བྱུང་ཡོད་ཀྱང་། རྒྱལ་ལོ་དོན་གྲུབ་ཀྱིས་ངོས་འཛིན་བྱེད་སྟངས་དེ་གང་རེད་ཟེར་ན། རྭ་སྟག་དོན་རྐྱེན་གྱི་ལྐོག་ཇུས་དེ་དག་གི་རྒྱབ་ཏུ་སྐབས་དེར་ལྷ་སར་ཡོད་པའི་དབྱིན་ཇིའི་དོན་གཅོད་ཧ་ཧྥི་རེ་ཆར་ཟིན་(Hugh Richardson)ཟེར་བ་ཞིག་ཡོད་པ་དེ་ཡིན་པ་དང་། ཁོས་དེ་ལྟར་བྱེད་དགོས་དོན་གཙོ་བོ་རྭ་སྒྲེང་ལ་བསྐྱར་དུ་དབང་ཆ་འཐོབ་ན། རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་དང་། བོད་གཞུང་དང་རྒྱ་ནག་འབྲེལ་བ་ཤུགས་ཆེ་རུ་ཕྱིན་ན། དབྱིན་གཞུང་གི་ཧམ་སེམས་འགྲུབ་ཀྱི་མེད་པ་སོགས་ལ་ཐུག་ཡོད་སྐོར་བཤད་འདུག


       དོན་འགྲུབ་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་དང་རོགས་པ་ཁ་ཤས་ཀྱིས་བཙུགས་པའི་ ‘ཀ་སྦུག་བདེ་དོན’ ཟེར་བ་དེ་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱེད་བཞིན་པའི་སྐབས་ལ་བོད་ཕྱི་ལོགས་ནས་བཙུགས་པའི་ཆབ་སྲིད་ཚོགས་པ་ཐོག་མ་ལྟ་བུ་ཞིག་རེད། ཚོགས་པ་དེའི་ཐོག་མའི་དམིགས་ཡུལ་དང་བྱུང་རིམ། ལས་དོན་བྱེད་ཕྱོགས་སོགས་ད་ལྟ་སྲིད་དོན་དབྱེ་ཞིབ་པ་ཚོའི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཀ་ལོན་སྦུག་གི་ཐུག་བཟོའི་ནང་ཚོགས་པ་དེའི་སྐོར་འཁོད་ཕྱོགས་གང་འདྲ་རེད།

       འཇམ་དབྱངས་བཀྲ་ཤིས། ཀ་སྦུག་བདེ་དོན་ཟེར་བ་དེ་ཐོག་མ་ ༡༩༥༣ ཡས་མས་ཤིག་ལ་གསར་འཛུགས་གནང་འདུག དེབ་འདིའི་ནང་ལོ་ཚིགས་གསལ་བོ་མི་འདུག ཐེངས་ཤིག་རྒྱལ་ལོ་དོན་གྲུབ་ཨ་རི་ནས་རྒྱ་གར་བརྒྱུད་ལྷ་སར་ལོག་སྟེ། ཆབ་སྲིད་དང་སྤྱི་ཚོགས་ལེགས་བཅོས་ཆེན་པོ་ཞིག་གཏོང་རྒྱུའི་འཆར་གཞི་ཡོད་ས་རེད། ཡིན་ནའང་སྐབས་དེར་ལྷ་སར་རྒྱ་ནག་གི་དམག་དཔོན་ཀྲེང་ཅིན་ཝུ་(Zhang Jingwu)སོགས་ཀྱིས་རྙོག་གྲ་ཆེན་པོ་བཟོ་བཞིན་ཡོད་སྟབས། ཁོ་རང་གི་དམིགས་ཡུལ་དེ་འགྲུབ་ཐབས་མེད་པ་ཧ་གོ་སྟེ་གསང་སྟབས་ཀྱིས་ཕྱིར་རྒྱ་གར་ལ་འབྲོ་དགོས་བྱུང་འདུག དེ་ནས་ཁོས་རྒྱ་གར་ཀ་ལོན་སྦུག་ནས་ཨ་རིའི་སྲིད་འཛིན་ཧེ་རེ་ཊརུ་མན་(Harry S. Truman)ལ་ཡི་གེ་ཞིག་བཏང་བ་དེ་རྒྱ་གར་གྱི་སྲིད་བློན་ནེ་རུས་ཧ་གོ་སྟེ། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྒྱལ་ལོ་དོན་གྲུབ་ལ་ཆབ་སྲིད་ལས་ཀ་བྱེད་མི་ཆོག་པའི་ཉེན་བརྡ་ཞིག་བཏང་ཡོད་སྟབས་སྐབས་ཤིག་རིང་ཁོང་གིས་ཚོང་འདྲ་བརྒྱབ་ནས་བསྡད་ཡོད་ས་རེད། རྗེས་སུ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རྒྱལ་ལོ་ལ་ཆབ་སྲིད་ལས་ཀ་བྱས་ཆོག་གི་ཡོད་པ་དང་། ལས་ཀ་གང་བྱས་ཀྱང་རྒྱ་གར་གསང་བའི་ལས་ཁུངས་ལ་སྙན་གསེང་ཞུ་དགོས་སྐོར་བཤད་ཡོད་སྟབས། མཁན་ཆུང་བློ་བཟང་རྒྱལ་མཚན་དང་ཞ་སྒབ་པ་དབང་ཕྱུག་བདེ་ལྡན་ཁོང་ཅག་གསུམ་མཉམ་འབྲེལ་ཐོག་ཀ་སྦུག་བདེ་དོན་(Tibetan Welfare Association)ཞེས་པའི་ཚོགས་པ་དེ་བཙུགས་འདུག ཞ་སྒབ་པ་ ༡༩༥༠ ཙམ་ནས་ཀ་ལོན་སྦུག་ལ་འབྱོར་ཏེ་གཞིས་སྡོད་བྱས་ཡོད་ས་རེད། ཁོང་ཅག་གིས་ཐོག་མ་བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཚོར་རོགས་རམ་བྱེད་རྒྱུ་དང་། བོད་པའི་དུས་ཆེན་ཁག་དང་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་རྒྱུ། ༡༩༥༤ ལོར་རྒྱལ་རྩེ་ཁུལ་དུ་ཆུ་ལོག་གི་གོད་ཆག་ཆེན་པོ་ཞིག་བྱུང་བར་དངུལ་དངོས་ཀྱི་རོགས་རམ་གནང་བ་སོགས་བྱས་ཡོད་པ་དང་། རིམ་གྱིས་རྒྱ་གར་གྲོས་ཚོགས་དང་སྲིད་བློན་ལ་བོད་དོན་འབོད་སྐུལ་དང་། ཨ་རིའི་ནེའུ་ཡོག་ཏུ་བསྐྱོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་ཡིག་ཕུལ་བ་སོགས་ཀྱི་ལས་ཀ་བྱས་ཡོད་འདུག ཚོགས་པ་དེ་གཞུང་འབྲེལ་མིན་ནའང་སྐབས་དེར་སྤྱི་ཚོགས་ནང་ ‘གཅེན་མཁན་རྩིས་གསུམ’ ཞེས་ཁོང་ཅག་གི་ཚོགས་པ་དེར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ས་རེད། རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ཏེ་ལོ་ ༢༥༠༠ འཁོར་བའི་མཛད་སྒོར་ཕེབས་སྐབས། གཅེན་མཁན་རྩིས་གསུམ་གྱིས་དེ་སྔོན་ནས་གྲ་སྒྲིག་བྱས་ཏེ་སྲིད་བློན་ནེ་རུ་ལ་རྒྱལ་བ་རིན་པོ་ཆེ་རྒྱ་གར་ནང་འབྱོར་མ་ཐག་སྐྱབས་བཅོལ་སྤྲོད་དགོས་པའི་སྙན་ཞུ་ཕུལ་ཡོད་པ་མ་ཟད། དེ་ལ་ནེ་རུས་ཁས་ལེན་ཡང་བྱས་ཡོད་འདུག རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་འབྱོར་རྗེས་རྒྱ་ནག་གི་ཀྲུག་ཨན་ལི་ཡང་རྒྱ་གར་ལ་འབྱོར་ཏེ་ནེ་རུ་ལ་ཁ་སྙན་པོ་མང་པོ་བཤད་ཡོད་པ་མ་ཟད། རྒྱལ་བ་རིན་པོ་ཆེ་དང་རྒྱལ་ལོ་དོན་གྲུབ། སྟག་མཚེར་རིན་པོ་ཆེ་སོགས་ལ་ཡང་། བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་སོགས་ལ་བརྟེན་ཏེ། སྲིད་བློན་ནེ་རུ་བློ་འགྱུར་སྐྱེས་ཏེ་རྒྱལ་བ་རིན་པོ་ཆེར་སྐྱབས་བཅོལ་སྤྲོད་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག དེ་ལ་རྒྱལ་ལོ་དོན་གྲུབ་ཧ་ཅང་བློ་ཕམ་ཆེན་པོ་བྱུང་ཡོད་པ་མ་ཟད། ཁོ་རང་སྐབས་དེར་རྒྱ་གར་དཔོན་རིགས་ཚོའི་སར་བསྐྱོད་དེ། ཁྱེད་ཅག་གིས་ངའི་སྤུན་མཆེད་དགྲ་ལག་ཏུ་བཞག་སོང་། ཁྱེད་ཅག་ལ་དྲང་བདེན་དང་སྙིང་རྗེ་མི་འདུག་ཅེས་མིག་ཆུ་འདོན་བཞིན་ཞུས་ཡོད་ཚུལ་བཀོད་འདུག  མཐའ་མར་བྱ་ཐབས་ཟད་དེ་གཅེན་མཁན་རྩིས་གསུམ་དང་སྐབས་དེར་རྒྱ་གར་ནང་སྡོད་པའི་བོད་མི་ཚོས་རྒྱལ་བ་རིན་པོ་ཆེ་ས་མཚམས་བར་སྐྱེལ་མ་བྱས་སྐབས། རྒྱལ་ལོ་དོན་གྲུབ་ཀྱི་སེམས་ནང་། ད་ནས་བཟུང་སྤུན་མཆེད་ཁོང་དང་ངོ་ཐུག་པའི་སྐལ་བ་རྫོགས་སོང་བསམ་ནས་སེམས་པ་ཧ་ཅང་སྐྱོ་བོ་བྱུང་ཡོད་ས་རེད། སྐབས་དེར་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ལ་སེམས་འཁུར་བྱེད་མི་དགོས། བོད་རྒྱ་ཆེའི་མི་མང་ཕར་ལྷག་བསྡད་ཡོད་སྟབས་ང་ཕྱིར་ལོག་དགོས་པ་རེད། ང་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་བདེན་དོན་གྱི་ཆེད་དུ། གནས་ཚུལ་ག་རེ་ཡིན་ཡང་གདོང་ལེན་བྱེད་པར་སྐྲག་སྣང་གང་ཡང་མི་འདུག་ཅེས་གསུངས་ཏེ་ཕེབས་ཡོད་འདུག རྒྱལ་བ་རིན་པོ་ཆེའི་གནང་སྟངས་དེར་རྒྱལ་ལོ་དོན་གྲུབ་ཧང་སང་འདུག རྒྱལ་བ་རིན་པོ་ཆེ་སོ་སོའི་སྤུན་མཆེད་ཡིན་ཡང་ཉིན་དེར་ཁོང་ངོ་མ་གཞན་དང་མ་འདྲ་བ་ཞིག་ཡིན་པའི་ཚོར་བ་སྐྱེས་སོང་། དེ་ནི་ཁོང་ལ་ནང་ཆོས་ཉམས་ལེན་གྱི་བག་ཆགས་གཏིང་ཟབ་མོ་ཡོད་པའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། ཅེས་སོགས་ལབ་འདུག

་་་་་་་་་་་་་་་་་་་་་་་་་་་་མུ་འགོད་བྱ་རྒྱུ་ཡིན།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s