ཉེ་ལམ་ཕྱི་ཟླ་བཞི་པའི་ཚེས་ ༡༤ ཉིན། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་ཨ་རིའི་དཔར་སྐྲུན་ཁང་ཞིག་གིས་འགྲེམ་སྤེལ་བྱས་མ་ཐག བོད་པ་དང་བོད་དོན་ལ་དོ་སྣང་ཡོད་རིགས་ཡོངས་ཀྱིས་ཧབ་ཐོབ་ཀྱིས་ཀློག་གི་ཡོད་ཀྱང་། དབྱིན་ཡིག་མི་ཤེས་མཁན་ཚོར་ཀློག་པའི་སྐལ་བ་མི་ལྡན་སྟབས། ཨ་རིར་གནས་སྡོད་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་དང་ལྷན་དུ་དེབ་དེའི་སྐོར་ལ་དྲ་ཐོག་ནས་གླེང་མོལ་བྱས་པའི་ནང་དོན་ཡིག་ཐོག་ཏུ་ཕབ་པ་དང་། གནས་ཚུལ་རེ་ཟུང་ཐོག་བསྐྱར་དུ་རྩད་ཞིབ་བྱས་ཏེ་འདིར་བཀོད།


      དོན་འགྲུབ་བཀྲ་ཤིས། ཉེ་ལམ་༧གོང་ས་མཆོག་གི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་༼ཀ་བློན་སྦུག་གི་ཐུག་བཟོ་བ།༽ཞེས་པ་དེ་ཉེ་ལམ་ཨ་རིའི་ (Public affairs) དཔར་སྐྲུན་ཁང་གིས་དཔར་འགྲེམ་བྱས་སོང་། ཁྱེད་རང་གིས་དྲ་ཐོག་ནས་དཔེ་དེབ་དེ་ཉོས་ནས་བཀླགས་ཚར་ཡོད་སྟབས། ཁྱེད་རང་ཧ་ལམ་བོད་པའི་སྤྱི་ཚོགས་ནང་གི་དེབ་དེ་ཀློག་མཁན་སྔ་ཤོས་གྲས་ཡིན་རྒྱུ་རེད།

      འཇམ་དབྱངས་བཀྲ་ཤིས། དེབ་འདི་ཉེ་ལམ་ཨ་རིའི་ཕབ་ལི་ཁི་ཨ་ཧྥེར་དཔེ་སྐྲུན་ཁང་གིས་ཕྱི་ལོགས་སུ་འགྲེམས་སྤེལ་བྱས་མ་ཐག ཨེ་མ་རྫོན་(Amazon)སོགས་ཀྱི་དྲ་ཐོག་ནས་ཀྱང་ཉོ་ཐུབ་ཀྱི་འདུག ནམ་རྒྱུན་དབྱིན་ཡིག་གི་དཔེ་དེབ་རིགས་དྲ་ཐོག་ནས་ཉོ་བཞིན་ཡོད། དེབ་འདི་ལ་མཚོན་ན་དྲ་ཐོག་ནས་དེབ་གཟུགས་མངགས་ཉོ་བྱེད་ཐུབ་པ་མ་ཟད། འཕྲུལ་དེབ་ཀྱང་ཉོ་ཐུབ་པའི་ཆ་རྐྱེན་འདུག་སྟབས། འཕྲུལ་དེབ་ཉོས་ན་ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གྱི་མཚན་མོ་ནས་སོ་སོའི་སོ་སོའི་དེབ་ཀློག་སྤྱད་ཀྱི་མཉེན་ཆས་ནང་འབྱོར་འདུག རིན་གོང་ཡང་དེབ་གཟུགས་ལས་ཧ་ལམ་ཕྱེད་ཙམ་གྱིས་ཁེ་བ་འདུག དེར་བརྟེན་ཕྱི་ཟླ་ ༥ པའི་ཟླ་མཇུག་ཙམ་ལ་དེབ་ཧྲིལ་བོ་བཀླགས་ཚར་སོང་།རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་ལ་མཚོན་ན། སྤྱི་ཚོགས་ནང་རེ་སྒུག་བྱེད་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་རེད་བསམ་གྱི་འདུག དེ་གང་རེད་ཟེར་ན། གཅིག་ནས་ཁོང་༧གོང་ས་མཆོག་གི་གཅེན་པོ་རེད། བོད་ཀྱི་དུས་འགྱུར་མགོ་བཙུགས་པ་ནས་ད་ལྟའི་བར་གྱི་མི་སྣ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། གཉིས་ནས་ཁོང་ལ་སྤྱི་ཚོགས་ནང་རྒྱལ་གཅེས་པ་དང་རྒྱལ་བཙོང་བ་ཞེས་བཟང་ཕྱོགས་ངན་ཕྱོགས་གཉིས་ཐད་ནས་གླེང་མཁན་ཡོད་པ་རེད། གསུམ་པ། ད་སྔ་བོད་པའི་འཐབ་རྩོད་ཁྲོད་ཀྱི་མི་སྣ་རྒན་གྲས་སྐོར་ཞིག་གིས་ལོ་རྒྱུས་བྲིས་ཡོད་པ་དེ་དག་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་བྱུང་བ་དང་བསྟུན་ཏེ། སྐུ་གཅེན་རྒྱལ་ལོ་དོན་གྲུབ་མཆོག་གིས་ལོ་རྒྱུས་ཤིག་བྲིས་ན་གང་འདྲ་ཡོད་ངམ། ཞེས་མང་ཚོགས་ནང་ཨམ་ཅོག་ཀྲོང་ཀྲོང་བྱས་སྡོད་མཁན་མང་པོ་ཡོད་པ་རེད་བསམ་གྱི་འདུག

 


       དོན་འགྲུབ་བཀྲ་ཤིས། དེབ་འདིའི་རྩོམ་པ་པོ་ལྕམ་སྐུ་(Anne F. Thurston)ལ་མཚོན་ན་སྔོན་ཆད་དེབ་མང་པོ་ཞིག་བྲིས་ཡོད་པ་དག་ལས།  སྐད་གྲགས་ཆེ་ཤོས་གཅིག་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཟུར་བ་མའོ་ཙེ་ཏུང་གི་སྐོར་ལ་<< The Private Life of Chairman Mao>>ཞེས་པ་ཞིག་བྲིས་ཡོད་པ་དེ་རེད། དེབ་དེའི་ནང་དོན་གྱི་ཆ་ནས་མའོ་ཙེ་ཏུང་གི་གསང་རྣམ་དང་ཚུལ་མིན་ཆགས་སྤྱོད་རིགས། འབྲི་སྟངས་ཀྱི་ཆ་ནས་ལོ་ངོ་ ༢༠ ལྷག་རིང་མའོ་ཙེ་ཏུང་ལ་མཉམ་གཤིབ་བྱས་མྱོང་མཁན་མའོ་སྒེར་གྱི་སྨན་པ་(Li Zhisui)ཟེར་བ་དང་མཉམ་འབྲེལ་གྱིས་བྲིས་པ་ཞིག་རེད། ད་རེབ་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་འདི་ལ་མཚོན་ན་འབྲི་སྟངས་དང་ནང་དོན་གྱི་ཆ་ལ་དམིགས་བསལ་དེ་འདྲ་མཐོང་གི་འདུག་གམ།

 

         འཇམ་དབྱངས་བཀྲ་ཤིས། སྤྱིར་བཏང་རྩོམ་པ་པོ་ཨེན་ཐོར་སི་ཊོན་མོ་རང་ཨ་རིའི་མ་རའེ་ལན་ཌའི་མངའ་སྡེའི་(Johns Hopkins University)ཞེས་པའི་གཙུག་ལག་སློབ་ཆེན་ཞིག་གི་དགེ་རྒན་རེད། རྒྱ་ནག་དང་ཨེ་ཤ་ཡའི་སྐོར་གྱི་ཉམས་ཞིབ་པ་ཞིག་རེད། མོས་སྔོན་ཆད་རྒྱ་ནག་སྐོར་ལ་<< Enemies of the People>>ཟེར་བ་སོགས་ཀྱི་དེབ་མང་པོ་བྲིས་ཡོད་ཀྱང་། སྐད་གྲགས་ཆེ་ཤོས་འདྲ་བོ་དེ་མའོ་ཙེ་ཏུང་གི་སྐོར་དེ་རེད། དེབ་དེ་མའོ་ཙེ་ཏུང་གི་སྨན་པས་བརྒྱ་ཆ་མང་ཆེ་བ་བྲིས་ཚར་ཡོད་པ་ཞིག་ལ་མོ་རང་གིས་རྩོམ་སྒྲིག་བྱས་པ་རེད།
དེབ་དེ་སྐད་གྲགས་ཆགས་དགོས་དོན། མའོ་ཙེ་ཏུང་ལ་དགའ་རོགས་མང་པོ་ཡོད་པ་དང་། བུ་མོ་ལོ་ཆུང་མང་པོར་འཁྲིག་སྤྱོད་བྱས་པ། ཐ་ན་ལོ་ ༡༤ ཅན་ལའང་ཆགས་སྤྱོད་བྱས་ཡོད་པ་དང་། ཁོ་རང་རྒན་འཁོགས་ཆགས་ན་འཁྲིག་སྤྱོད་ཀྱི་ནུས་པ་ཉམས་རྒྱུར་སེམས་ཁྲལ་ཆེན་པོ་ཡོད་ས་རེད། འཁྲིག་སྤྱོད་ནུས་པ་མི་ཉམས་ཆེད་ཤ་བོའི་ར་ཁྲག་དང་སྨན་སྣ་ཚོགས་བསྟེན་ཡོད་པ། མཐའ་ན་ཁོ་རང་གི་སྐུ་སྲུང་ཕོ་གསར་སྙིང་རྗེ་བོ་དེ་ཚོར་ཡང་འཐམ་འཁྱུད་བྱེད་པ་སོགས་བྲིས་ཡོད་སྟབས། སྤྱི་ཚོགས་ནང་དེབ་དེར་སྐད་གྲགས་འདྲ་བོ་ཆགས་པ་རེད།  ཨེན་ཐོར་སི་ཊོན་མོ་རང་སྔོན་ཆད་རྒྱ་ནག་པེ་ཅིན་སོགས་སུ་ཕེབས་བཞུགས་མང་པོ་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ཉིས་སྟོང་གཉིས་གསུམ་ལོར་བོད་ནང་དུའང་ཐེངས་མང་པོར་ཕྱིན་འདུག མོས་རྒྱ་ནག་ནང་གི་ཆབ་སྲིད་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་གྱི་ཡོད་སྟབས། རྒྱ་ནག་གཞུང་གིས་རྗེས་སུ་མོ་རང་རྒྱ་ནག་ནང་ཐོངས་མཆན་སྤྲོད་རྒྱུ་མཚམས་འཇོག་བྱས་འདུག
དེབ་འདི་ཐོག་མ་ཨ་རིའི་༧གོང་ས་མཆོག་གི་ངོ་ཤེས་གྲོགས་མོ་རྙིང་པ་ཨེལ་སེ་ཝོལ་ཁཱར་ (Elsie Walker)ཟེར་བ་དེ་བརྒྱུད་ནས་བྲིས་པ་ཞིག་ཆགས་འདུག ཨེལ་སེ་ཝོལ་ཁཱར་ཟེར་བ་དེ་ཨ་རིའི་སྲིད་འཛིན་ཟུར་བ་ཇོར་ཇི་བྷི་ཤིའི་ཨ་ཕ་དང་ཨ་རིའི་སྲིད་འཛིན་སྐབས་ ༤༡ པ་ George H. W. Bush དང་ཕ་མ་སྤུན་གྱི་བུ་སྤུན་ཡིན་ས་རེད། མོ་རང་གིས་བཤད་སྟངས་བྱས་ན། ༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ལ་ཐོག་མར་མཇལ་འཕྲད་གནང་བའང་མོ་རང་གིས་གོ་སྒྲིག་བྱས་འདུག མོས་མའོ་ཙེ་ཏུང་སྐོར་གྱི་དེབ་དེ་བཀླགས་ནས་དེབ་དེའི་རྩོམ་སྒྲིག་པ་ཨནེ་ཐོར་སི་ཊོན་ལ་དོ་སྣང་བྱུང་ནས་རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་འབྲི་རྒྱུར་སྐུལ་མ་བྱས་འདུག  རྩོམ་པ་པོས་དེབ་འདི་འབྲི་རྒྱུའི་ཐོག་དཀའ་ལས་མང་པོ་བརྒྱབ་འདུག མོ་རང་སྡོད་ས་ཨ་རི་རེད། རྒྱ་གར་ནང་ཐེངས་མང་པོར་ཡོང་སྟེ་ཀ་ལོན་སྦུག་དང་ལྡི་ལི་སོགས་ནས་རྒྱལ་ལོ་དོན་གྲུབ་ལ་ཐུག་འཕྲད་བྱས་པ་དང་། ཝ་ཞིན་ཏྲོན་དང་ཧོང་ཀོང་སོགས་སུའང་རྒྱལ་ལོ་ལ་སྐད་ཆ་དྲིས་འདུག དེར་མ་ཟད་དེབ་འདི་འབྲི་ཆེད་མོ་རང་གིས་བོད་དོན་སྐོར་གྱི་དེབ་ཀྱང་མང་པོ་བཀླགས་དགོས་བྱུང་ཡོད་ས་རེད། ཁྱོན་དེབ་འདི་ལ་ཤོག་ངོས་ ༣༥༤ དང་ལེའུ་ ༣༤ ཙམ་འདུག


       དོན་འགྲུབ་བཀྲ་ཤིས། ལོ་ཤས་གོང་ནས་བཟུང་སྤྱི་ཚོགས་ནང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ཕྱི་གླིང་བ་ཞིག་གིས་འབྲི་བཞིན་ཡོད་སྐོར་གོ་སོང་། རྒྱལ་ལོ་དོན་འགྲུབ་ཁོ་རང་གིས། ང་རང་གི་མི་ཚེའི་ལོ་རྒྱུས་དེ་མ་བྲིས་ན་འགྲིག་གི་མི་འདུག བྲིས་ན་གནས་ཚུལ་དྲང་མོར་བཤད་དགོས་སྟབས། གཞུང་སྒེར་མང་པོ་ཞིག་ལ་ཕོག་ཐུག་འགྲོ་སྲིད་པ་རེད་ཅེས་གསུང་གི་ཡོད་པ་ཞིག་གོ་སོང་།

        འཇམ་དབྱངས་བཀྲ་ཤིས། གནས་ཚུལ་དེ་འདྲ་རེ་གཉིས་འདུག དཔེར་ན། ཚ་རོང་ཚང་གིས་བོད་གཞུང་གི་གསེར་བཙོང་བའི་དངུལ་མང་ཆེ་བ་བོད་གཞུང་ལ་རྩིས་སྤྲོད་མ་བྱས་པ་རེད་ཟེར་བ་འདྲ་བོ་དང་། ང་ཚོ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གཡོ་འོག་ཏུ་ཚུད་པ་རེད་ཟེར་བ། རྒྱ་གར་གཞུང་གིས་བོད་རྒྱའི་གནད་དོན་འགྲིག་འཇགས་ཡོངས་རྒྱུར་འགོག་རྐྱེན་བཟོས་སྐོར། རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་སྔ་ཕྱི་བར་གསུམ་དུ་རྒྱལ་ལོ་དོན་གྲུབ་ལ་འབྲེལ་བ་བྱས་ཏེ། ཁོ་རང་གི་བསམ་བློ་ལ་འགྱུར་བ་མང་པོ་ཐེབས་ཡོད་ནའང་བར་སྐབས་ཤིག་ལ་རྒྱ་ནག་ལ་དམག་རྒྱག་རྒྱུར་བོད་པར་རྒྱབ་སྐྱོར་བྱ་འདོད་ཡོད་པའི་སྐད་ཆ་བྱུང་ཚུལ་སོགས་བཀོད་འདུག  དེ་ནས། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་འབྲུག་རྒྱལ་བོའི་ཟུར་བསྟེན་མ་བོད་པའི་བུ་མོ་ཨ་ཤེ་གཡང་སྐྱིད་ཟེར་བ་ཞིག་བེད་སྤྱོད་བཏང་སྟེ། འབྲུག་རྒྱལ་བོའི་སྲས་ངོ་མའི་ལག་ནས་སྲིད་དབང་འཕྲོགས་ཏེ། ཟུར་བསྟེན་མ་དེའི་ཕྲུ་གུ་འབྲུག་རྒྱལ་བོར་བསྐོ་རྒྱུའི་གསང་ཇུས་ཤིག་འཐེན་འདུག དེའི་དམིགས་ཡུལ་སྐབས་དེར་རྒྱ་གར་གཞུང་གིས་འབྲུག་ཟ་འདོད་དང་འབྲས་ལྗོངས་ལྟར་རྒྱ་གར་འོག་འཇུག་འདོད་ཀྱི་འཆར་གཞི་ཡོད་ཀྱང་། རྗེས་སུ་འབྲུག་གཞུང་གིས་གནས་ཚུལ་དེ་ཧ་གོ་སྟེ། ནག་ཉེས་ཡོངས་རྫོགས་བོད་པའི་མགོར་ལྷུང་ཡོད་ས་རེད། ལྷག་པར་དུ་རྒྱལ་ལོ་དོན་གྲུབ་ཀྱི་མགོ་ལ་གཡོགས་ཏེ། འབྲུག་ཡུལ་གྱི་བོད་པ་མང་པོ་བཙོན་འཇུག་མནར་གཅོད་དང་། འབྲུག་ནས་ཕྱིར་འཕུད་བཏང་བ་སོགས་བྱུང་འདུག འདིས་རྒྱ་གར་གཞུང་དང་འབྲུག་གི་བར་དོ་ཕོག་ཟེར་ན་འདྲ་གོ་ཕྱོགས་ཉན་ཕྱོགས་མ་བདེ་བ་ཡོང་སྲིད་པ་རེད།

   གཞན། སྐུ་དྲག་དང་བླ་དཔོན་དེ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་ཐེར་འདོན་མང་པོ་བྱས་འདུག དཔེར་ན། སྔོན་ཆད་བོད་པ་བཙན་བྱོལ་དུ་འབྱོར་བའི་རྗེས་ལ་དྷ་རམ་ས་ལར་བོད་གཞུང་འཛུགས་སྐབས། གཡུ་ཐོག་དང་ཟུར་ཁང་སོགས་ཀྱིས་རྒྱལ་བ་རིན་པོ་ཆེར་འབོད་སྐུལ་ཞུས་ཏེ་རྒྱ་གར་གཞུང་ལ་ཧིན་སྒོར་ས་ཡ་ ༢༠༠ གཡར་རོགས་ཞུས་ཡོད་ཀྱང་། སྲིད་བློན་ནེ་རུས་ང་ལ་དངུལ་དེ་འདྲ་གཡར་རྒྱུ་མེད་ལབ་ནས་གཡར་མེད་སྟབས། རྗེས་སུ་ཟུར་ཁང་དང་གཡུ་ཐོག་སོགས་དྷ་རམ་ས་ལ་ནས་མ་བསྡད་པར་ཕྱིན་འདུག རྗེས་སུ་ཁོང་ཅག་ཐེ་ཝན་ལ་སོང་ནས་བཀའ་ཤག་ཡིག་ཚང་ཟེར་བ་ཞིག་བཙུགས་ཏེ་ལས་ཀ་འདྲ་མིན་སྣ་ཚོགས་བྱས་ཚུལ་སོགས་བཀོད་འདུག  གནས་ཚུལ་འདི་དག་ལ་ཕྱོགས་གཞན་ནས་བསམ་བློ་བཏང་ན། ད་ལྟ་སྤྱི་ཚོགས་གུ་ཡངས་དང་བརྡ་འཕྲིན་ཅན་ཆགས་ཏེ། གནས་ཚུལ་ག་རེ་ཡིན་ནའང་ཕྱི་ལོགས་ལ་འཐོན་ཡོང་གི་ཡོད་པ་རེད། ལྷག་པར་དུ་དེང་སྐབས་མི་སྒེར་བའི་མི་ཚེའི་ལོ་རྒྱུས་འབྲི་མཁན་ཚོས་ཡག་སྡུག་ག་རེ་ཡིན་ཡང་དྲང་མོ་དྲང་བཞག་གིས་འབྲི་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་སྟབས། ཕར་ཕྱོགས་ནས་ཀྱང་བརྩི་བཀུར་དང་གུ་ཡངས་བྱེད་མ་ཐུབ་པ་དེ་འདྲ་ཡོད་པ་མ་རེད་བསམ་གྱི་འདུག རྦད་དེ་གཞི་རྩ་མེད་པའི་སྐྱོན་འཛུགས་དེ་འདྲ་ཡིན་ན་གནས་ཚུལ་ཐ་དད་རེད། གཉིས་ནས་རྒྱལ་ལོ་དོན་གྲུབ་ཁོ་རང་ཉིད་ཀྱིས་ཀྱང་སྔོན་མ་ནས་བསམ་བློ་བཏང་མེད་པ་དེ་འདྲ་མ་རེད། དཀའ་རྙོག་ག་རེ་བྱུང་ཡང་ཁོང་རང་གིས་འཁུར་རྒྱུ་ཡིན་གསུངས་འདུག གང་ཡིན་ཟེར་ན་ཁོང་རང་ཉིད་ཀྱི་ངོས་ནས་བཤད་ན་གནས་ཚུལ་དེ་དག་ཚང་མ་དྲང་མོ་དྲང་བཞག་ཡིན་བསམ་བསྡད་ཡོད་པ་རེད། གང་ལྟར། ཁོ་རང་གི་སེམས་ནང་གནས་ཚུལ་མང་པོ་ཞིག་དྲང་བོར་བཤད་ན་གཞུང་སྒེར་མང་པོར་ཕོག་ཐུགས་འགྲོ་གི་རེད་ཟེར་བ་དེའི་དུས་ཚོད་ཡོལ་ཚར་བ་རེད་བསམ་གྱི་འདུག


       དོན་འགྲུབ་བཀྲ་ཤིས། ཉེ་ལམ་རྒྱལ་ལོ་དོན་གྲུབ་ཀྱི་དེབ་འདི་ཐོན་པའི་རྗེས་ཏག་ཏག་ལ། ཚ་རོང་བདུད་འདུལ་རྣམ་རྒྱལ་གྱི་བུ་མོ་སྟག་ལྷ་རྣམ་རྒྱལ་གྱིས་རྒྱལ་ལོ་དོན་གྲུབ་ཀྱིས་ཁོང་ཚང་ལ་ཉེས་འཛུགས་བྱས་འདུག་ཅེས་མོ་རང་གི་ངོ་དེབ་ནང་དབྱིན་ཡིག་ཐོག་དགག་པ་ལྟ་བུ་ཞིག་བསྐྱོན་སོང་། དེའི་རྗེས་ལ་ཚ་རོང་ཚེ་བརྟན་དཔལ་འབྱོར་གྱིས་ཀྱང་བོད་གནས་བསྐྱར་ཞིབ་(tibetan review)སྟེང་ལན་འདེབས་ཤིག་གནང་འདུག དེ་དག་ལྟ་ཀློག་བྱེད་རྒྱུ་བྱུང་སོང་ངམ།

       འཇམས་དབྱངས་བཀྲ་ཤིས། ཚ་རོང་གི་སྐོར་དེ་དེབ་འདིའི་ནང་མི་སྒེར་དང་འབྲེལ་བའི་རྙོག་གྲ་ཆེ་ཤོས་འདྲ་བོ་རེད། གང་ཡིན་ཟེར་ན། སྔོན་མ་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་ཁོ་རང་གི་ནང་དུ་བོད་གཞུང་གི་དངུལ་རྫུན་མ་དཔར་ཡོད་སྐོར་དང་། ཁོས་རྒྱ་གར་དབྱིན་གཞུང་ལ་འབྲེལ་བ་བྱས་ཏེ་བོད་གཞུང་མགོ་རྟིང་སློག་རྩིས་བྱས་སྐོར། ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་བོད་ས་ཤོར་རྗེས་རྒྱ་གར་ནང་བོད་གཞུང་གི་གསེར་བཙོང་བའི་དངུལ་འབོར་ཆེན་ཞིག་མེད་པ་བཟོས་ཏེ་གཞུང་ལ་རྩིས་འཕྲོད་མེད་ཚུལ་སོགས་བཀོད་འདུག
རྒྱལ་ལོའི་དེབ་འདིའི་ནང་། སྔོན་ཆད་ལྷ་སར་ཚ་རོང་ཚང་རྒྱུ་ཆེན་པོ་ཞེ་དྲག་ཆགས་ཡོད་པ་དང་། དེ་ནི་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་ནང་དུ་བོད་གཞུང་གི་དངུལ་དཔར་སྤྱད་ཅིག་ཉར་ཡོད་པ་སྐབས་དེར་ལྷ་སར་ཡོད་པའི་ཟླ་བ་བཟང་པོ་ཟེར་བའི་སོག་པོ་ཡིན་ཟེར་མཁན་གྲྭ་པ་ཞིག་གིས་མཐོང་བ་ཁོ་རང་ལ་དངོས་སུ་བཤད་མྱོང་ཡོད་སྐོར་བཀོད་འདུག གྲྭ་བ་དེའང་རྒྱུ་ཆེན་པོ་དང་མཐོ་རིམ་སྐུ་གྲགས་ཚོར་འབྲེལ་བ་ཡག་པོ་ཡོད་མཁན། རྒྱ་གར་དང་བལ་ཡུལ་སོགས་སུའང་ཐེངས་མང་སྐྱོད་མྱོང་མཁན་ཞིག་ཡིན་ས་རེད། རྗེས་སུ་ཁོ་རང་སོག་པོ་མིན་པར་ཉི་ཧོང་གཞུང་གི་གསང་མྱུལ་བ་ཞིག་ཡིན་འདུག་ལ། ཁོའི་མིང་ངོ་མར་(Hisao Kimura)ཞེས་ཟེར་གྱི་ཡོད་པ་ཧ་གོ་ཡོད་པ་རེད། ཁོས་ཀྱང་བོད་སྐོར་གྱི་དེབ་ཅིག་བྲིས་ཡོད་ས་རེད།  དེ་ནས་སྔོན་མ་བོད་གཞུང་གིས་གསེར་ཀྱིག་རྩེ་མ་(Gold Bullion)མང་པོ་ཞིག་འབྲས་ལྗོངས་(Sikkim)རྒྱལ་བོར་བཅོལ་ཡོད་པ་དེ་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་བུ་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱི་ལག་ནས་མེད་པ་ཆགས་པ་རེད་ཅེས་བཀོད་འདུག གསེར་དེ་དག་སྔོན་ཆད་བོད་གཞུང་གིས་ཛ་དྲག་དགོས་མཁོར་དམིགས་ཏེ། ཞ་སྒབ་པ་དབང་ཕྱུག་བདེ་ལྡན་ཨ་རི་དང་དབྱིན་ཡུལ་སོགས་སུ་ཚོང་དོན་ལ་སྐྱོད་སྐབས། གསེར་ཏྭོ་ལ་གཅིག་ལ་ཨ་སྒོར་ ༤༠ རེ་སྤྲད་དེ་ཨ་སྒོར་ས་ཡ་གཅིག་གི་རིན་འབབ་ཀྱིས་གསེར་ཉོས་ཡོད་འདུག དེའི་སྟེང་ལ་ལྷ་ས་ནས་ཀྱང་གཞུང་གི་གསེར་དངུལ་དབོར་འདྲེན་བྱས་ཡོད་ས་རེད།   རྒྱལ་ལོ་དོན་གྲུབ་ཀྱིས་ཚ་རོང་བདུད་འདུལ་རྣམ་རྒྱལ་ཆེད་དུ་མངགས་ཏེ་གསེར་དེ་བཙོང་བར་ཀ་ལི་ཀ་ཏར་བཏང་འདུག ཁོ་གཏོང་དགོས་དོན་གཙོ་བོ་གང་རེད་ཟེར་ན། བདུད་འདུལ་རྣམ་རྒྱལ་སྐབས་དེར་ཚོང་བ་ཆེན་པོ་དང་། དབྱིན་ཇའི་སྐད་ཡིག་མཁྱེན་པ། ལྷག་པར་ཏུ་རྒྱ་གར་གྱི་ཚོང་ལས་པ་ཚོར་འབྲེལ་བ་ཡག་པོ་ཡོད་པ་སོགས་ལ་བརྟེན་ཏེ། ཁོ་རང་ལ་ཡིད་ཆེས་བློས་འཁེལ་བྱས་པ་ཡིན་ས་རེད། རྗེས་སུ་གསེར་བཙོང་པའི་དངུལ་མང་ཆེ་བ་བོད་གཞུང་ལ་རྩིས་སྤྲོད་རྒྱུ་མེད་པ་ཆགས་འདུག ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་གསེར་དེ་དག་བཙོངས་ཏེ་དངུལ་ཡར་མར་བཅོལ་བ་དང་གཡར་བ། དེ་བཞིན་བྷོན་ཌི་(Bond)ཚུར་ཉོས་པ་བཅས་ཀྱི་ཡིག་ཆའི་ལག་སྒམ་(Suitcase)ཞིག་བོར་བརླག་ཕྱིན་སོང་ཞེས་ལབ་ཡོད་ས་རེད། འདིའི་སྐོར་ལ་རྒྱལ་ལོ་དོན་གྲུབ་ཀྱིས་བློ་ཕམ་ཆེན་པོ་གནང་གི་འདུག སྐབས་དེར་བོད་གཞུང་ལ་དངུལ་གྱི་དགོས་མཁོ་ཆེན་པོ་ཡོད་པའི་སྐབས་ཤིག་ལ། འདི་ལྟ་བུའི་གྱོང་གུད་ཆེན་པོ་ཞིག་ཕོག་པ་དེ་ཧ་ཅང་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་པ་དང་། དངོས་གནས་བྱས་ན་བོད་གཞུང་གིས་ཁྲིམས་ཐོག་ལ་བསྐྱེལ་དགོས་པའི་གནད་དོན་ཞིག་ཆགས་ཡོད་སྐོར་སོགས་བཀོད་འདུག
ཚ་རོང་ཚང་གི་སྲས་མོ་རྣམ་རྒྱལ་སྟག་ལྷ་ལགས་ཀྱིས་མོ་རང་གི་ངོ་དེབ་ནང་། རྒྱལ་ལོ་དོན་གྲུབ་ཀྱི་སྐད་ཆ་དེ་དག་གཞི་རྩ་མེད་པའི་ཉེས་འཛུགས་ཡིན་སྐོར་དང་། ཚ་རོང་ཕ་བུ་གཉིས་བོད་སྤྱི་ཚོགས་ཀྱིས་ཡིད་ཆེས་བློས་འཁེལ་བྱེད་ཡུལ་ཞིག་ཡིན་ཚུལ། དངུལ་དེ་བོར་བརླག་ཏུ་སོང་བའི་རྐྱེན་རྩ་རྒྱལ་ལོ་དོན་གྲུབ་ལ་ཐུག་ཡོད་སྐོར་སོགས་ལབ་འདུག དེའི་རྗེས་ལ་ཚ་རོང་བདུད་རྣམ་རྒྱལ་གྱི་བུ་ཆུང་བ་ཚེ་བརྟན་དཔལ་འབྱོར་ལགས་ཀྱིས་ཀྱང་ལན་འདེབས་ཅུང་རྒྱས་པོ་ཞིག་སྤེལ་འདུག ངས་དེ་དག་ལ་རོབ་ཙམ་ལྟ་རྒྱུ་བྱུང་། ཚེ་བརྟན་དཔལ་འབྱོར་གྱི་ལན་འདེབས་དེའི་ནང་དུ། སྔོན་ཆད་ཚ་རོང་ཚང་ཕྱུག་པོ་ཡིན་དོན་ཚ་རོང་ཟླ་བཟང་དགྲ་འདུལ་རྒྱ་གར་དང་། བལ་ཡུལ་སོགས་སུ་བསྐྱོད་དེ་ཚོང་བརྒྱབ་སྟེ་ཕྱུག་པོ་ཆགས་པ་ཡིན་སྐོར་བཀོད་འདུག   ལན་འདེབས་དེའི་ནང་ཚ་རོང་བདུད་འདུལ་རྣམ་རྒྱལ་གྱིས་བོད་གཞུང་གི་གསེར་དེ་ཇི་ལྟར་འཚོང་བསྒྱུར་བྱས་པ་དང་། དངུལ་རྐྱང་རྒྱ་གར་གྱི་ཚོང་པ་ཆེན་པོ་ཚོར་སྐྱེད་འཇོག་བྱས་པ་རྗེས་སུ་ཕྱིར་སློག་མ་བྱས་སྐོར་སོགས་བཀོད་འདུག་ལ། གནས་ཚུལ་དེའི་སྐོར་ཆ་ཚང་༧གོང་ས་མཆོག་ལའང་སྙན་གསེང་ཞུས་ཡོད་སྐོར་བཀོད་འདུག གལ་སྲིད་གནད་དོན་དེ་ཁྲིམས་ཐོག་ལ་བསྐྱེལ་དགོས་ན། དངུལ་དེ་ཐོག་མ་ཏཱ་ལའི་བླ་མའི་ཐེབས་རྩ་(Dalai Lama Trust)ཡི་མིང་ཐོག་ཏུ་བཞག་ཡོད་སྟབས། ཁྲིམས་ཐོག་ལ་འགྲོ་དགོས་ན་༧གོང་ས་མཆོག་འགྲོ་དགོས་ཆགས་རྒྱུ་ཡིན་སྐོར་སོགས་ལབ་འདུག   རྒྱལ་ལོ་དོན་གྲུབ་ཀྱིས་ད་དུང་འདི་འདྲ་ཞིག་ཀྱང་ལབ་འདུག ༢༠༠༤ ལོ་ཞིག་ལ་སྐུ་སྒེར་དྲུང་ཆེས་ཁོ་ལ་ཡི་གེ་ཞིག་བཏང་ནས་བསླེབས་སོང་། དེ་རྒྱ་གར་ཀ་ལི་ཀ་ཏའི་ཅ་དངོས་བཅོལ་དམ་ཁང་(safe-deposit box)ཞིག་བེད་སྤྱོད་བཏང་བའི་གླ་ཧིན་སྒོར་དྲུག་སྟོང་ལྷག་གི་འཛིན་ཞིག་རེད། ཚ་རོང་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་ང་ལ་བརྡ་ལན་སྤྲད་པ་དེ་རྩ་བའི་གཞུང་གི་གསེར་དངུལ་སྐོར་གྱི་རྙོག་དྲ་དེ་ངའི་སྟེང་ལ་གཡོག་ཐབས་བྱས་པ་ཞིག་རེད། ཅེས་སོགས་བཀོད་འདུག
ཚ་རོང་ཚེ་བརྟན་དཔལ་འབྱོར་གྱིས་གསེར་བཙོང་པའི་དངུལ་དེ་རྒྱལ་ལོ་དོན་གྲུབ་ཀྱིས་མེད་བརླག་བཏང་བ་ཡིན་སྐོར་དང་། ཀ་ལི་ཀ་ཏའི་ཅ་དངོས་བཅོལ་དམ་ཁང་ནས་རྒྱལ་ལོ་དོན་འགྲུབ་ཀྱིས་གསེར་འདོན་འཇུག་བྱས་པའི་ས་རྟགས་ད་ལྟའང་བཅོལ་དམ་ཁང་དེའི་ཐོ་དེབ་ནང་གསལ་བོ་ཡོད་སྐོར་སོགས་བཤད་འདུག་ཀྱང་། རྒྱལ་ལོ་དོན་གྲུབ་ཀྱིས་ངས་བཅོལ་དམ་ཁང་( safe-deposit  box ) གི་སྐོར་གང་ཡང་ཤེས་ཀྱི་མེད། ང་ལ་སྒམ་དེ་འདྲ་ཞིག་གི་ལྡེ་མིག་ཀྱང་རག་མ་སོང་ལ་གསེར་དེ་དག་གི་རིན་འབབ་ལས་སྒོར་རྡོག་གཅིག་ཀྱང་ངས་འཁྱེར་མྱོང་མེད་ཅེས་བཀོད་འདུག

་་་་་་་་་་་་་་་་་་་་་་་་་་་་མུ་འགོད་བྱ་རྒྱུ་ཡིན།

ཡོང་ཁུངས་བོད་ཀྱི་དུས་བབ།

དཔྱད་མཆན་སྤེལ།

%d