ཀ་ལོན་སྦུག་གི་ཐུག་པ་བཟོ་མཁན། ༼༣༽

ཉེ་ལམ་གསར་དུ་ཐོན་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་སྐོར་ལ། འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་དང་གླེང་མོལ་བྱས་པའི་དུམ་བུ་གསུམ་པ།


        དོན་འགྲུབ་བཀྲ་ཤིས། བོད་དོན་ཆབ་སྲིད་ལ་དོ་སྣང་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོད་གནང་མཁན་ཕྱི་རྒྱལ་བ་སུ་ཞིག་ཡིན་ཡང་། རྒྱལ་ལོ་དོན་གྲུབ་ཞེས་བོས་ན་ཨང་དང་པོ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཅེན་པོ་ཡིན་པ་དང་། ཨང་གཉིས་པ་བོད་རྒྱའི་དཀའ་རྙོག་ཁྲོད་ཀྱི་འཐབ་མོ་བ་རྒན་པ་ཞིག་དང་། རྒྱ་བོད་གྲོས་མོལ་སྔ་ཕྱིའི་འབྲེལ་མཐུད་པ་ཞིག་ཡིན་པའི་སྣང་བརྙན་དེ་འགོག་ཐབས་མེད་པ་ཞིག་རེད། ༡༩༧༩ ལོར་བོད་རྒྱའི་འབྲེལ་ལམ་ཐོག་མར་མཐུད་མཁན་ཁོ་རང་ཡིན་པ་མ་ཟད། བོད་གནས་དཔྱད་བརྗོད་པ་རེ་ཟུང་གིས་ ༢༠༠༢ ལོར་འབྲེལ་བ་བསྐྱར་མཐུད་བྱུང་བའང་ཁོང་ལ་འབྲེལ་སྐོར་གླེང་གི་ཡོད་པ་རེད།

       འཇགས་དབྱངས་བཀྲ་ཤིས། རེད། རེད། རྒྱལ་ལོ་དོན་འགྲུབ་བོད་རྒྱའི་བར་འབྲེལ་བ་བྱེད་མཁན་གཙོ་བོ་ཞིག་རེད། ཡིན་ནའང་ ༢༠༠༢ ལོར་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་བ་དེའི་སྐོར་དེབ་ནང་གསལ་བོ་མི་འདུག སྐད་ཆ་བཤད་སྟངས་ལ་བལྟས་ན་འབྲེལ་བ་མེད་འགྲོ་བསམ་པ་ཞིག་འདུག གང་ཡིན་ཟེར་ན། དུས་ཚིགས་དེའི་སྔ་ཕྱིར་ཁོས་རྒྱ་ནག་ལ་འབྲེལ་བ་མང་པོ་བྱས་འདུག་པ་མ་ཟད། ཁོང་བོད་ནང་སྐོར་སྐྱོད་བྱས་བའང་ ༢༠༠༢ ལོ་རེད་འདུག སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་ལོ་དོན་གྲུབ་ལ། ཁོ་རང་ཚོས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་ཐུག་དགོས་སྐོར་བཤད་པའི་ལན་དུ་རྒྱལ་ལོ་དོན་གྲུབ་ཀྱིས་དེ་འགྲིག་གི་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མར་ཡང་ཐུག་འདོད་ཡོད་ཅེས་ཆ་རྐྱེན་བཏོན་པར་རྒྱ་ནག་གཞུང་གིས་དེ་ལ་མོས་མཐུན་བྱས་མེད་པ་དང་། ཕྲུ་གུ་དེར་སེམས་ཁྲལ་མེད་ནན་ཅིན་དུ་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་སོགས་ལབ་ཡོད་འདུག    ༡༩༧༨ ལོའི་ལོ་མཇུག་ཙམ་ལ་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་ཞིན་ཧྭ་གསར་ཁང་གི་འགན་འཛིན་གཞོན་པ་ལཱའེ་(Li Jusheng)ཟེར་བ་དེས་རྒྱལ་ལོ་དོན་གྲུབ་ལ་འབྲེལ་བ་ཡང་ཡང་བྱས་འདུག སྐབས་དེར་རྒྱལ་ལོ་དོན་གྲུབ་ཀྱིས་ང་ལ་དམིགས་བསལ་ཆབ་སྲིད་ཀྱི་འགན་དེ་འདྲ་ཡོད་པ་མ་རེད་ཅེས་གཡོལ་ཐབས་བྱས་འདུག་ཀྱང་། རྗེས་སུ་ཡང་དང་བསྐྱར་དུ་འབྲེལ་བ་བྱས་པར་བརྟེན་ཏེ། གནས་ཚུལ་དེ་༧གོང་ས་མཆོག་ལ་སྙན་སེང་ཞུས་སྐབས། ༧གོང་ས་མཆོག་གིས་སྐད་ཆར་ཉན་ན་འགྲིག་གི་རེད་གསུངས་ཏེ། ༡༩༧༩ ལོར་རྒྱལ་ལོ་དོན་གྲུབ་པེ་ཅིན་ལ་སོང་སྟེ་ཟླ་གཅིག་ཙམ་རྗེས་ཀྱི་ཕྱི་ཟླ་ ༣ པའི་ནང་ཏིན་ཞའོ་ཕིན་ལ་དངོས་སུ་ཐུག་འདུག ཏིན་ཞའོ་ཕིན་གྱིས་དགའ་དགའ་དུང་དུང་གི་རྣམ་པའི་ཐོག་ནས་སྣེ་ལེན་བྱས་ཡོད་པ་དང་། སྐབས་དེར་ཁོང་གཉིས་ཐུག་འཕྲད་གནང་ཡུལ་དེ་རྒྱལ་ཡོངས་མི་མང་ཚོགས་ཁང་ཆེན་མོའི་ཟུར་གྱི་སྐུ་མགྲོན་མཇལ་འཕྲད་ཁང་ཡིན་ས་རེད། ཁོང་གཉིས་གླེང་མོལ་གྱི་ཐོག་མར་ཏིན་ཞའོ་ཕིན་གྱིས་ “རྒྱལ་བ་རིན་པོ་ཆེའི་སྐུ་གཟིགས་བདེ་ཐང་ཡིན་ནམ”ཞེས་དང་། “ཁྱོད་རང་ཕྱི་ལོགས་སུ་ཕྱིན་ཏེ་ལོ་ག་ཚོད་ཕྱིན་སོང་། ད་ལྟ་ཕྱིར་ཡོང་ནས་བལྟས་ན་(རིག་གནས་གསར་བརྗེའི་གོད་ཆག་གི་གནས་སྟངས།) མྱོར་ཚོར་གང་འདྲ་འདུག” ཟེར་བ་སོགས་ལབ་ཡོད་འདུག

ཏིན་ཞའོ་ཕིན་གྱིས་ད་དུང་རྒྱལ་ལོ་དོན་གྲུབ་ལ། འདས་ཟིན་པ་འདས་ཟིན་པ་རེད། འདས་ཟིན་པར་བོད་པ་ཚོས་སྡུག་མྱངས་པ་རེད་ལ། རྒྱ་ནག་མི་མང་གིས་ཀྱང་མྱངས་པ་རེད། ང་རང་གིས་ཀྱང་དཀའ་ངལ་མང་པོ་མྱངས་དགོས་བྱུང་སོང་ལ། ཁོ་རང་(སྐབས་དེར་ཁོང་གཉིས་དང་མཉམ་དུ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཝུ་ལན་ཧྥི་Wulanfu ལ་ཟེར།)ཡང་བཙོན་ནས་ལོ་མང་པོར་བསྡད་དགོས་ཐུག་པ་རེད། ཡིན་ནའང་ད་ལྟ་འདས་ཟིན་པ་གླེང་ནས་ཡོང་རྒྱུ་ཡོད་པ་མ་རེད། དེ་བས་ཚང་མས་མ་འོངས་པར་ཇི་ལྟར་བྱ་དགོས་མིན་ལ་བསམ་བློ་གཏོང་རྒྱུ་གལ་ཆེ་ཤོས་རེད། “ངེད་གཉིས་ཐེངས་འདིར་ཐུག་དགོས་པའི་རྒྱུ་མཚན་གཙོ་བོ་བོད་དོན་སྐོར་རེད། བོད་དོན་སྐོར་ནས་བོད་རང་བཙན་ཟེར་བ་དེ་རྒྱ་ནག་གི་དཔོན་རིགས་སུས་མཉམ་དུ་ཡང་གླེང་ཐབས་ཡོད་པ་མ་རེད། རང་བཙན་མ་ཡིན་པའི་གནད་དོན་གང་ཡིན་ཡང་གྲོས་མོལ་བྱེད་ཆོག་གི་རེད།” ཅེས་སོགས་བརྗོད་ཡོད་པ་མ་ཟད། ཏཱ་ལའི་བླ་མ་ཕྱིར་ཕེབས་ན་ཡག་གི་རེད། ཁོང་ཕྱིར་ཕེབས་ན་ཁོང་གི་གོ་གནས་བསྐྱར་གསོ་བྱེད་རྒྱུ་མ་ཟད། ཕྱི་ལོགས་སུ་ཡོད་པའི་བོད་མི་ཚང་མའང་ཕྱིར་ལོག་ན་སྲིད་གཞུང་གིས་གོ་སྒྲིག་ཡག་པོ་བྱེད་ངེས་ཡིན། ཞེས་སོགས་ལབ་ཡོད་འདུག ཉིན་དེར་ཁོང་གཉིས་དང་མཉམ་དུ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཝུ་ལཱན་ཧྥུ་(Wulanfu)དང་། ཡཱང་ཅིན་རིན་(Yang Jingren)སོགས་ཡོད་ས་རེད།
སྐབས་དེར་རྒྱལ་ལོ་དོན་གྲུབ་ཀྱིས་གྲོས་གཞི་དོན་ཚན་ ༤ འཁྱེར་ཡོད་པ་ལས། དོན་ཚན་དང་པོ། ལོ་ངོ་ ༢༠ རིང་བོད་ཕྱི་ནང་བར་འབྲེལ་བ་ཆད་དེ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་སྟབས། མ་འོངས་པར་བོད་ཕྱི་ནང་བར་ལམ་ཁ་ཕྱེ་དགོས་པའི་སྐོར་ཡིན་འདུག དེ་ལ་ཏིན་ཞའོ་ཕིན་གྱིས་ངོས་ལེན་བྱས་ཡོད་འདུག དོན་ཚན་གཉིས་པ། བཙོན་གྲོལ་ཐོབ་མ་ཐག་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གོ་གནས་བསྐྱར་གསོའི་སྐོར་ཡིན་ཞིང་། དེ་ལའང་ཏིན་ཞའོ་ཕིན་གྱིས་ཁས་ལེན་བྱས་ཡོད་པ་མ་ཟད། སྐབས་དེ་རང་ལ་པཎ་ཆེན་རིན་པོ་ཆེར་ཨུ་ཡོན་ཀྲེང་གཞོན་པའི་གོ་གནས་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་འདུག གསུམ་པ། སྐབས་དེར་བོད་ནང་ཤེས་ཡོན་སློབ་གསོ་ཉམས་ཆག་ཆེན་པོ་ཕྱིན་ཡོད་པའི་ཐད་བོད་ཕྱི་ལོགས་ནས་བོད་ཡིག་དགེ་རྒན་ཉི་ཤུ་སུམ་བཅུ་རེ་ལོ་ལྟར་གཏོང་རྒྱུའི་སྐོར་ཡིན་ཞིང་། དེ་ལའང་ཏིན་ཞའོ་ཕིན་གྱིས་ངོས་ལེན་བྱས་ཡོད་པ་མ་ཟད། བོད་ནང་དགེ་རྒན་གཏོང་རྒྱུ་དེ་ཅུང་ཉུང་དྲགས་འདུག བོད་ཙམ་མ་རེད། པེ་ཅིན་སོགས་མི་རིགས་སློབ་གྲྭ་ཆེ་མོ་ཁག་ཏུའང་དགེ་རྒན་དགོས་ཀྱི་འདུག དགེ་རྒན་ཆིག་སྟོང་གཏོང་ཐུབ་ཀྱི་འདུག་གམ་ཞེས་ཚུར་སྐད་ཆ་དྲིས་ཡོད་འདུག བཞི་པ། པེ་ཅིན་དུ་བོད་པའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཤིག་འཛུགས་དགོས་པའི་སྐོར་ཡིན་པ་དང་། གནད་དོན་དེ་ཡང་ངོས་ལེན་གནང་སོང་ཞེས་བཀོད་འདུག  དེ་ལྟར་ཁོང་གཉིས་བོད་དོན་སྐོར་ལ་གྲོས་མོལ་གནང་བའི་རྗེས་ལ། ཏིན་ཞའོ་ཕིན་གྱིས་རྒྱལ་ལོ་དོན་གྲུབ་ལ། ཁྱེད་རང་ཕྱིར་ལོག་ཁར་སྐབས་དེའི་ཐེ་ཝན་སྲིད་འཛིན་ཅིང་ཅིན་ཀོ་(Chiang Ching-Kuo)ལ། ཁོའི་ཕ་ཅིང་ཅེ་ཧྲིའི་(Chiang Kai-shek)སྐུ་ཕུང་ཕྱིར་ཁོ་རང་གི་ཕ་ཡུལ་ཀྲེ་ཅིང་ཞིང་ཆེན་གྱི་ཧྥིན་ཧྭ་(Fenghua)དུ་འཁྱེར་ཡོང་ནས་དུར་སྦས་བྱས་ན་འགྲིག་གི་རེད་ཅེས་ལབ་རོགས། ཞེས་སྐད་བསྐུར་བྱས་ཡོད་འདུག་ལ། རྒྱལ་ལོ་དོན་གྲུབ་ཀྱིས་རྗེས་སུ་སྐད་སྐུར་དེ་བསྐྱལ་རྗེས་ཐེ་ཝན་གཞུང་གིས་རྒྱལ་ལོ་དོན་གྲུབ་ཐེ་ཝན་ནང་ཡོང་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་འདུག  སྐབས་དེ་ནས་བཟུང་བོད་ནང་གཟིགས་སྐོར་ཚོགས་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཕེབས་ཐུབ་ཡོད་པ་མ་ཟད། དེའི་རྗེས་ལ་བོད་རྒྱའི་གནད་དོན་ཐོག་དངོས་སུ་གྲོས་མོལ་གནང་མཁན་གྱི་སྐུ་ཚབ་ཀྱང་རིམ་པ་གཉིས་ཙམ་ཕེབས་ཐུབ་ཡོད་སྐོར་སོགས་བཀོད་འདུག འདི་ལྟར་བལྟས་ཡོང་ན། བོད་རྒྱའི་བར་འབྲེལ་བ་བྱུང་བ་དེ་ཐོག་མཐའ་བར་གསུམ་དུ་བོད་ཕྱོགས་ནས་ཕར་ལག་པ་བསྐྱངས་པ་ཞིག་མ་ཡིན་པར། རྒྱ་ནག་གི་ཕྱོགས་ནས་ཚུར་ལག་པ་བསྐྱངས་པ་ཡིན་པ་མ་ཟད། རྒྱ་ནག་གིས་སྐད་ཆ་བཤད་རྒྱུར་འདོད་པ་ཡོད་དུས་ཚུར་བཤད། འདོད་པ་མེད་དུས་ང་ཚོའི་ཕྱོགས་ལ་སྐྱོན་བརྗོད་བྱས་ཏེ་མཚམས་བཞག་པ་དེ་འདྲ་རྐྱང་རྐྱང་བྱས་ནས་ཡོང་བ་ཞིག་ཏུ་མཐོང་སོང་།


      དོན་འགྲུབ་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ཤིག་ལ། ཁེ་ན་ཌར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཁོང་གིས། ཕར་སྤྲོད་ཚུར་ལེན་(Give and take)ཞེས་པའི་སྐད་ཆ་ཞིག་བཤད་ཡོད་ས་རེད། དེ་ལ་སྤྱི་ཚོགས་ནང་གོ་བ་ལེན་སྟངས་སྣ་ཚོགས་བྱུང་སྟེ། ཁ་ཤས་ཀྱིས་སྐད་ཆ་དེའི་ནང་དོན་འབྲི་ཆུའི་ཕར་ཁ་ཕར་རྒྱ་ནག་ལ་སྤྲོད་རྒྱུ་དང་། འབྲི་ཆུའི་ཚུར་ཁ་ཚུར་བོད་གཞུང་གིས་ལེན་རྒྱུའི་དོན་ཡིན་ཚུལ་བཤད་མཁན་བྱུང་ཡོད་ཀྱང་། རྗེས་སུ་རྒྱལ་ལོ་དོན་གྲུབ་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གསལ་བཤད་ཅིག་གནང་སྟེ། ཕར་སྤྲོད་རྒྱུ་དེ་བོད་བཙན་པོའི་དུས་སྐབས་ཀྱི་བོད་པའི་ས་ཁོངས་ཞཱི་ཨན་སོགས་ཡིན་པ་དང་། ཚུར་ལེན་རྒྱུ་དེ་ད་ལྟའི་བོད་ཆོལ་ཁ་གསུམ་གྱི་ས་ཁོངས་ཧྲིལ་བོ་དེ་ཡིན་ཚུལ་གསུངས་ཡོད་ས་རེད།

      འཇམ་དབྱངས་བཀྲ་ཤིས། དེའི་སྐོར་དེབ་འདིའི་ནང་མཐོང་མ་སོང་། ཁོ་རང་བཀའ་བློན་ཁྲི་པ་ཡིན་སྐབས་ཀྱི་གནས་ཚུལ་སྐོར་ཉུང་ཉུང་རེད། རྒྱལ་ལོ་དོན་གྲུབ་ཀྱིས་ ༡༩༨༣  ལོར་བོད་རྒྱའི་བར་འབྲེལ་མཐུད་གནང་བའི་ལས་ཀ་ནས་དགོངས་པ་ཞུས་འདུག ༡༩༨༣ ནས་ ༡༩༨༦ ལོའི་བར་བོད་རྒྱའི་གནད་དོན་ཐོག་སྐད་ཆ་བཤད་མཁན་གྱི་གྲོས་མོལ་སྐུ་ཚབ་རིམ་པ་ཁ་ཤས་བཏང་ཡང་དོན་འབྲས་གང་ཡང་ཐོན་མེད་པ་མ་ཟད། རྗེས་སུ་རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་ཚོར་ཁྱེད་རང་ཚོ་ཡང་བསྐྱར་ཡོང་མི་དགོས་ལབ་ཡོད་ས་རེད། སྐབས་དེར་རྒྱལ་ལོ་དོན་འགྲུབ་ལའང་རྒྱ་གཞུང་གིས་འཇུ་ཆེན་དང་ཨ་ལགས་འཇིགས་མེད། རྒྱ་རི་བློ་གྲོས་སོགས་མི་དེ་དག་བེད་སྤྱོད་མི་འདུག་(useless)ཅེས་ལབ་འདུག དེ་ནས་རེ་ཞིག་བོད་རྒྱའི་བར་འབྲེལ་བ་ཆད་ཡོད་ས་རེད།  དེབ་འདིའི་ནང་འཁོད་སྟངས་བྱས་ན། ༡༩༨༧ ལོར་བོད་གཞུང་གིས་རྒྱལ་ལོ་དོན་གྲུབ་སླར་ཡང་དྷ་རམ་ས་ལར་སྐད་བཏང་ཡང་ཕེབས་ཡོད་ས་མ་རེད། དེའི་རྗེས་ལ་༧རྒྱལ་བ་རིན་པོ་ཆེའི་བཀའ་འབྲེལ་འོག འཇུ་ཆེན་དང་རྒྱ་རི་སོགས་མར་ལྡི་ལིར་རྒྱལ་ལོ་དོན་གྲུབ་ལ་ཐུག་ཏུ་བསྐྱོད་དེ། རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཕྱོགས་སྐོར་ལ་བློ་འདྲི་ལམ་སྟོན་ཞུས་ཡོད་པ་མ་ཟད། རྒྱལ་ལོ་དོན་གྲུབ་ལ་བོད་རྒྱའི་གྲོས་མོལ་བསྐྱར་མཐུད་ཐོག་རོགས་རམ་གནང་དགོས་པའི་རེ་སྐུལ་ཞུས་ཡོད་སྟབས། རྒྱལ་ལོ་དོན་གྲུབ་ཡང་བསྐྱར་རྒྱ་ནག་ལ་ཕྱིན་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན། ཡན་མིང་ཧྥུ་(Yan Mingfu)ལ་ཐུག་འཕྲད་གནང་སྟེ་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་གནང་ཡོད་འདུག   ༧གོང་ས་མཆོག་གིས་ ༡༩༨༨ ལོར་སི་ཊི་སྦག་ཏུ་ཞི་བའི་དོན་ཚན་ལྔ་ཟེར་བ་དེ་བསྒྲགས་རྗེས། ཡན་མིང་ཧྥུ་ཡིས་རྒྱལ་ལོ་དོན་གྲུབ་ལ་ཞི་བའི་དོན་ཚན་ལྔ་ཟེར་བ་དེ་ཆ་ཚང་ངོས་ལེན་བྱེད་ཐུབ་པ་ཞིག་མིན་ཡང་། ང་ཚོས་དོན་ཚན་དེ་དག་གཞི་རྩར་བཞག་བཟུང་སྟེ་གྲོས་མོལ་བྱས་ན་འགྲིག་གི་རེད་ཅེས་ལབ་ཡོད་པ་མ་ཟད། གྲོས་མོལ་གྱི་དུས་ཚོད་དང་ས་གནས་སོགས་རྒྱལ་བ་རིན་པོ་ཆེས་གཏན་འཁེལ་བྱས་ན་འགྲིག་གི་རེད་ཅེས་ལབ་ཡོད་སྟབས། རྒྱལ་ལོ་དོན་གྲུབ་དགའ་ཐག་ཆོད་དེ་དྷ་རམ་ས་ལར་ཡོང་སྟེ་རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་སོགས་ལ་གནས་ཚུལ་དེ་སྙན་སེང་ཞུས་ཏེ། ༡༩༨༩ ལོའི་ཟླ་ ༡ ཚེས་ ༡༥ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝར་བོད་རྒྱའི་གྲོས་མོལ་བྱེད་རྒྱུའི་ཐག་གཅོད་གནང་ཡོད་འདུག
སྐབས་དེར་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་བོད་རྒྱའི་བར་གྲོས་མོལ་གནང་འཆར་ཡོད་པ་ཤེས་ཏེ། རྒྱལ་ལོ་དོན་གྲུབ་ལྡི་ལིར་སྐད་བཏང་འདུག རྒྱལ་ལོས་གནས་ཚུལ་ག་རེ་ཡིན་ཡང་དཔང་བོ་ཡོད་ན་ཡག་གི་རེད་དགོངས་ཏེ། ཁོའི་རོགས་པར་ལྡི་ལི་དོན་གཅོད་བཀྲ་ཤིས་དབང་འདུས་དང་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ཁྲིད་ནས་རྒྱ་གར་གསང་བའི་ལས་ཁུངས་སུ་ཕྱིན་ཏེ། ཁོང་ཚོས་བོད་རྒྱའི་གྲོས་མོལ་གྱི་གནས་ཚུལ་ཆ་ཚང་བཤད་ཚར་མ་ཐག རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྣས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་རྒྱུ་མེད་སྐོར་དང་། གྲོས་མོལ་དེར་མཉམ་ཞུགས་བྱེད་མི་འོས་ཚུལ། དེ་ལས་བོད་པ་ཚོས་རང་བཙན་འཐབ་རྩོད་བྱེད་དགོས་སྐོར་སོགས་བཤད་ཡོད་འདུག   རྒྱལ་ལོ་དོན་གྲུབ་ཕྱིར་ཧོང་ཀོང་དུ་ལོག་རྗེས་བཀྲ་ཤིས་དབང་འདུས་ཀྱིས་ལྡི་ལི་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་བོད་རྒྱའི་གྲོས་མོལ་དེ་ཁྱབ་བསྒྲགས་བྱས་ཡོད་སྟབས། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག ཡན་མིང་ཧྥུ་ཡིས་དེ་མ་ཐག་རྒྱལ་ལོ་དོན་གྲུབ་པེ་ཅིན་དུ་སྐད་བཏང་སྟེ། རྒྱ་གཞུང་ལ་སྐད་ཆ་མ་དྲིས་པར་ཕྱོགས་གཅིག་གིས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དེ་རྒྱལ་སྤྱིའི་གྲོས་མོལ་གྱི་འགྲོ་ལུགས་དང་འགལ་ཡོད་སྟབས། རྒྱལ་བ་རིན་པོ་ཆེ་གྲོས་མོལ་བྱ་རྒྱུར་ལྷག་བསམ་རྣམ་དག་མ་རེད། ཅེས་སོགས་ཀྱི་རྙོག་དྲ་མང་པོ་བཤད་སོང་། ཞེས་བཀོད་འདུག  རྒྱལ་ལོ་དོན་གྲུབ་ཀྱིས་རྗེས་སུ་བཀྲ་ཤིས་དབང་འདུས་ལ་གསར་འགོད་གསལ་བསྒྲགས་སྤེལ་དོན་གང་ཡིན་སྐོར་སྐད་ཆ་དྲིས་སྐབས། ཁོས་རྒྱ་གར་གཞུང་གི་དཔོན་རིགས་ཤིག་གིས་ཕྱོགས་གཅིག་གིས་ཁྱབ་བསྒྲགས་བྱེད་པའི་ཐོབ་ཐང་ཡོད་པ་མ་ཟད། དེ་ལྟར་གསལ་བསྒྲགས་སྤེལ་དགོས་པའི་སྐུལ་མ་ཡང་བྱས་ཡོད་ཚུལ་བརྗོད་ཡོད་ཀྱང་། རྒྱ་གར་དཔོན་རིགས་སུ་ཞིག་གིས་དེ་ལྟར་ལབ་པ་གསལ་བོ་བཤད་རྒྱུ་མི་འདུག་ཅེས་བཀོད་འདུག གནས་ཚུལ་དེར་རྒྱལ་ལོ་དོན་གྲུབ་ཀྱིས་བློ་ཕམ་ཆེན་པོ་གནང་གི་འདུག དེ་ནི་རྒྱ་ནག་ལ་འབྲེལ་བ་བྱས་པའི་བརྒྱུད་རིམ་ཁྲོད་ང་ཚོའི་ཕམ་ཁ་ཆེ་ཤོས་ཤིག་ཆགས་ཡོད་གསུངས་འདུག དེར་མ་ཟད། རྗེས་སུ་༧གོང་ས་མཆོག་དང་བཀའ་ཤག་གིས་ཀྱང་ནོར་འཁྲུལ་ངོས་ལེན་གནང་སྟེ། རྒྱལ་ལོ་དོན་གྲུབ་རྒྱ་ནག་གཞུང་ལ་དགོངས་སེལ་ཞུ་རུ་ཡང་བཏང་ཡོད་འདུག  ད་དུང་རྒྱལ་ལོ་དོན་གྲུབ་ཀྱིས་རྒྱ་གར་གཞུང་ལ་སྐབས་དེར་བོད་རྒྱའི་གྲོས་མོལ་ལམ་ལྷུང་ཡོང་རྒྱུར་འདོད་པ་མེད་པ་དང་། བོད་རྒྱའི་གྲོས་མོལ་ལ་འགོག་རྐྱེན་(sabotage)མང་པོ་བཟོས་བར་བརྟེན་ཏེ། སྐབས་དེའི་བོད་རྒྱའི་གྲོས་མོལ་འགག་པ་རེད། ཅེས་སོགས་ལབ་འདུག  ༡༩༨༩ ལོར་སླར་ཡང་རྒྱལ་ལོ་དོན་གྲུབ་ཧྲིན་ཀྲིན་དུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣ་སུང་ཡིན་ཡིན་(Song Yingying)ལ་ཐུག་འཕྲད་ཐེངས་གཅིག་བྱས་ཡོད་པ་དང་། ༡༩༩༠ ལོར་རྒྱལ་ལོ་དོན་གྲུབ་སྐབས་དེའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཞི་ཀྲུང་ཞོན་(Xi Zhongxun)(ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱི་ཨ་ཕ།)ལ་ཐུག་འཕྲད་བྱས་ཏེ་བོད་དོན་སྐོར་གླེང་ཡོད་པ་མ་ཟད། རྒྱལ་ལོ་དོན་གྲུབ་བོད་ནང་ལྟ་སྐོར་དུ་འགྲོ་རྒྱུར་ཆོག་མཆན་ཞུས་པར་ཞི་ཀྲུང་ཞོན་གྱིས་ཆོག་མཆན་སྤྲད་ཡོད་ཀྱང་། རྗེས་སུ་ཕ་ཡུལ་སྟག་མཚེར་དུ་ཕྱིན་ན་འགྲིག་ཀྱང་། བོད་པའི་ས་ཁུལ་གཞན་དག་ནང་ཕེབས་ན་སྟབས་བདེ་མིན་ཚུལ་བཤད་ཡོད་སྟབས། རྒྱལ་ལོ་དོན་གྲུབ་རླུང་ལངས་ཏེ། དེ་འདྲ་ཡིན་ན་ང་བོད་ནང་དང་སྟག་མཚེར་གང་ལའང་འགྲོ་རྒྱུ་མིན་ཞེས་བོད་ནང་འགྲོ་རྒྱུ་ཕྱིར་འཐེན་བྱས་ཡོད་འདུག དེ་མ་ཐག་ཞི་ཀྲུང་ཞོན་གྱིས་ཀྱང་སྐད་ཆར་འགྱུར་བ་བཏང་སྟེ། ཁྱེད་རང་ག་བར་འགྲོ་འདོད་ཡོད་ན་ཕྱིན་ན་འགྲིག་གི་རེད་ཅེས་ལབ་འདུག་ཀྱང་རྒྱལ་ལོས་ཉན་འཇོག་མ་བྱས་པར་ཕྱིར་ལོག་ཡོད་འདུག དེ་ལྟར་བྱེད་དོན་ནི་རྒྱལ་ལོ་དོན་གྲུབ་ཀྱིས་ཞི་ཀྲུང་ཞོན་ལ་ཡིད་ཆེས་དང་རེ་བ་ཆེན་པོ་ཞིག་འཆང་ཡོད་ཀྱང་། ཞི་ཡིས་སྐད་ཆ་བཤད་སྟངས་དེས་རྒྱལ་ལོ་དོན་འགྲུབ་ལ་བློ་ཕམ་ཆེན་པོ་བྱུང་བཅུག་ཡོད་འདུག


         དོན་འགྲུབ་བཀྲ་ཤིས། ༡༩༨༡ ཟླ་ ༧ ཚེས་ ༢༨ ཉིན་ཧུའུ་ཡའོ་པཱང་གི་མཚན་ཐོག་ནས་ ‘ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་དོན་ཚན་ལྔ’ ཟེར་བ་ཞིག་རྒྱལ་ལོ་དོན་གྲུབ་ལ་སྤྲད་པ་དེ་དང་འབྲེལ་ཏེ། བོད་མིའི་ཁྲོད་ཧུའུ་ཡའོ་པཱང་ལ་ལྟ་སྟངས་འདྲ་མིན་ཞིག་བྱུང་ཡོད་པ་རེད། རྗེས་སུ་རྒྱལ་ལོ་དོན་གྲུབ་ཀྱིས་ཡིག་ཆ་དེ་གསང་བ་བྱས་ཏེ་ ༡༩༨༢ ཟླ་ ༤ པའི་ནང་གྲོས་མོལ་སྐུ་ཚབ་ཐེངས་དང་པོ་སྐྱོད་སྐབས། བོད་པའི་སྐུ་ཚབ་ཚོས་ཡིག་ཆ་དེའི་སྐོར་ཧ་གོ་མེད་པའི་བཤད་སྟངས་ཤིག་ཡོད་པ་རེད།

འཇམ་དབྱངས་བཀྲ་ཤིས། ༡༩༨༡ ལོར་རྒྱལ་ལོ་དོན་གྲུབ་རྒྱ་ནག་ཏུ་ཕྱིན་སྐབས། འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་མི་སྣས་རྒྱ་ལོ་དོན་གྲུབ་ལ་ཁྱེད་རང་མུ་མཐུད་དུ་ཏིན་ཞའོ་ཕིན་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ནམ། ཧུའུ་ཡའོ་པཱང་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ཞེས་གདམ་ག་སྤྲད་སྐབས། རྒྱལ་ལོ་དོན་གྲུབ་ཀྱིས་ཏིན་ཞའོ་ཕིན་ལ་དེ་སྔ་ཐུག་ཚར་ཡོད་སྟབས། སྐབས་དེའི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པཱང་ལ་ཐུག་འདོད་ཡོད་ཚུལ་བཤད་པ་ལྟར་ཧུའུ་ཡའོ་པཱང་ལ་ཐུག་འཕྲད་བྱེད་དུ་བཅུག་ཡོད་ས་རེད། སྐབས་དེར་རྒྱལ་ལོས་ཧུའུ་ཡའོ་པཱང་ལ་བོད་དེ་མན་ཇུའི་སྐབས་ནས་བཅད་བསྒོས་བྱས་ཡོད་པ་དེ་ཁྱོན་ནས་ཡག་པོ་མེད་པ་དང་། མི་ཞིག་ལ་མཚོན་ན་མགོ་རྐང་ལག་སོ་སོར་ཆད་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། བོད་ཡོངས་རྫོགས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་གི་འོག་ཏུ་ཡོང་ན་ཡག་པོ་ཡོད་སྐོར་སོགས་བཤད་པ་ཡིན་ཞེས་ལབ་འདུག སྐབས་དེར་ཧུའུ་ཡའོ་པཱང་ལ་སྐད་ཆ་དེ་ཐོག་མ་ཡིན་སྲིད་ཀྱང་མི་འདོད་པའི་རྣམ་འགྱུར་གང་ཡང་མེད་པར་དེའི་སྐོར་རིམ་པའི་ཤོད་རྒྱུ་ཡོང་གི་རེད་ལབ་སོང་ཞེས་བཀོད་འདུག  དེའི་རྗེས་ལ་ཧུའུ་ཡའོ་པཱང་གིས་རྒྱལ་ལོ་དོན་གྲུབ་ལ་སྔོན་འགྲོའི་དོན་ཚན་ ༥ ཟེར་བའི་ཡིག་ཆ་དེ་སྤྲད་འདུག ཡིག་ཆ་དེའི་དོན་ཚན་དང་པོའི་ནང་རྒྱ་ནག་སྤྱི་ཚོགས་བརྟན་བརླིང་དང་དཔར་འབྱོར་ཡར་རྒྱས་སོང་ཡོད་པ་ཏཱ་ལའི་བླ་མས་ཤེས་དགོས་པ། གཉིས་པ། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ལྷག་བསམ་རྣམ་དག་གིས་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་པ། གསུམ་པ། ཏཱ་ལའི་བླ་མ་དང་ཁོང་གི་ཉེ་འཁོར་རྣམས་ཕྱིར་ལོག་རྒྱུར་དགའ་བསུ་ཡོད་པ། བཞི་པ། ཏཱ་ལའི་བླ་མ་ཕྱིར་ལོག་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པའི་གོ་གནས་སྤྲོད་རྒྱུ་དང་ཁོང་བོད་དུ་བཞུགས་མི་དགོས་པར་པེ་ཅིན་དུ་བཞུགས་རྒྱུ། ལྔ་པ། ཏཱ་ལའི་བླ་མ་ཕྱིར་ཕེབས་ཕྱོགས་སྐོར་བོད་མི་ཚོས་ཁྱབ་བསྒྲགས་བྱ་ཆོག་པ་སོགས་རེད། རྒྱལ་ལོ་དོན་གྲུབ་ཀྱིས་ཡིག་ཆ་དེ་བསྣམས་ནས་དྷ་རམ་ས་ལར་ཡོང་སྟེ་༧གོང་ས་མཆོག་དང་བཀའ་ཤག་ལ་ཡིག་ཆ་དེའི་སྐོར་སྙན་གསེང་ཞུས་སྐབས། ཁག་ཅིག་གིས་ཡིག་ཆ་དེའི་ནང་གི་དོན་ཚན་ ༤ པ་རྒྱལ་བ་རིན་པོ་ཆེ་ཕྱིར་ཕེབས་ན་པེ་ཅིན་ནས་བཞུགས་དགོས་ཟེར་བ་དེར་དོགས་པ་ཟོས་ཏེ། སྔོན་ཆད་ང་དགུ་ལོར་ལྷ་ས་ནས་ཐཱང་ཀོན་སན་གྱིས་རྒྱལ་བ་རིན་པོ་ཆེ་རྒྱ་ནག་གི་དམག་སྒར་ནང་གདན་འདྲེན་ཞུས་པ་འདྲ་བོ་ཡིན་སྐོར་གླེང་སློང་བྱུང་ཡོད་སྟབས། རྒྱལ་ལོ་དོན་འགྲུབ་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་དོན་ཚན་བཞི་པ་དེ་གནས་སྐབས་རིང་གསང་བ་བྱ་དགོས་པ་མིན་འགྲོ། ཞེས་ཞུས་ཡིན་ལབ་འདུག  རྒྱལ་ལོ་དོན་གྲུབ་ཀྱིས་ཧུའུ་ཡའོ་པཱང་ལ་ངོས་འཛིན་གནང་སྟངས་ག་འདྲ་རེད་ཟེར་ན། རྒྱ་ནག་ནང་ཧུའུ་ཡའོ་པཱང་ནི་མི་ཁ་རུ་ཁ་ཐུག བྱ་བ་གལ་ཆེན་རིགས་ཐག་གཅོད་བྱེད་སྐབས་དཔོན་རིགས་གཞན་པར་གྲོས་བསྡུར་མི་བྱེད་པར་ཁོ་རང་གཅིག་པུས་ཐག་གཅོད་བྱེད་མཁན་ཞིག་ཡིན་པ་མ་ཟད། བསམ་བློ་གུ་ཡངས་དང་སྔོན་ཐོན་པ་ཡིན་པའི་བཤད་ཚུལ་ཡང་ཡོད་ཀྱང་། ང་རང་གིས་ཧུའུ་ཡའོ་པཱང་དེ་བསམ་བློ་སྔོན་ཐོན་པ་ཞིག་རེད་བསམ་གྱི་མི་འདུག རྗེས་སུ་བསམ་བློ་བཏང་ཡོང་ན་སྐབས་དེར་ཧུའུ་ཡའོ་པཱང་ལ་ཐུག་འཕྲད་བྱས་པ་དེ་ནོར་འཁྲུལ་ཤོར་འདུག་ཅེས་སོགས་ལབ་འདུག


       དོན་འགྲུབ་བཀྲ་ཤིས། རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་དང་། ཚོགས་ཆུང་དེའི་འགན་འཁུར་མཁན་གཙོ་བོ་བྱ་བྲལ་རིན་པོ་ཆེ་སོགས་ལ་རྒྱལ་ལོ་དོན་གྲུབ་པེ་ཅིན་ནས་ཐུག་འཕྲད་གནང་ཡོད་པའི་སྐད་ཆ་ཞིག་འདུག་ལ། སྐབས་དེར་རྒྱ་གར་ནས་བོད་གཞུང་དང་༧གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་གནང་བའི་ཐོག རྒྱལ་ལོ་དོན་གྲུབ་ལ་དགོངས་ཚུལ་ཅུང་མ་འདྲ་བ་ཞིག་ཡོད་པའི་སྐད་ཆ་འདུག དེ་རེད་དམ།

འཇམ་དབྱངས་བཀྲ་ཤིས། ༡༩༩༤ ལོར་རྒྱལ་ལོ་དོན་གྲུབ་པེ་ཅིན་དུ་ཕེབས་སྐབས། རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་འགའ་རྒྱལ་ལོ་དོན་གྲུབ་ལ་ཐུག་འཕྲད་གནང་གི་ཡོང་སྟེ། ༧རྒྱལ་བ་རིན་པོ་ཆེ་ལ་ཕྱག་རྟགས་དེ་འདྲ་བསྐུར་ཡོད་པ་མ་ཟད། བྱ་བྲལ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་ལ་ཕྱག་ཡིག་ཅིག་ཀྱང་བསྐུར་ཏེ། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་མྱུར་དུ་བྱོན་པར་ཐུགས་སྨོན་གནང་རོགས་ཞེས་སོགས་ཞུས་ཡོད་ས་རེད། ཡི་གེ་དེ་རྒྱལ་ལོ་དོན་འགྲུབ་ཀྱིས་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང་། དེ་ལ་༧གོང་ས་མཆོག་གིས་ཡིག་ལན་ཞིག་ཕུལ་ཏེ་བྱ་བྲལ་རིན་པོ་ཆེ་རྒྱ་གར་ལ་ཐེངས་གཅིག་ཕེབས་ཐུབ་ན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ཡག་པོ་ཡོང་སྐོར་སོགས་བཀོད་ཡོད་ས་རེད། རྒྱལ་ལོ་དོན་འགྲུབ་ཀྱིས་ཡི་གེ་དེ་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་ལ་སྤྲད་དེ་བྱ་བྲལ་རིན་པོ་ཆེར་སྤྲོད་དགོས་ཚུལ་ལབ་ཡོད་འདུག རྒྱལ་ལོ་དོན་གྲུབ་ཀྱི་དགོངས་པ་བཞེས་སྟངས་དེ་གང་རེད་ཟེར་ན། བྱ་བྲལ་རིན་པོ་ཆེ་རྒྱའི་བཙན་འོག་ཏུ་ཡོད་པ་དང་། རྒྱལ་བ་རིན་པོ་ཆེར་འབྲེལ་བ་བྱེད་ཀྱི་ཡོད་པ་རྒྱ་ནག་གཞུང་གིས་ཤེས་ཀྱི་ཡོད་ཀྱང་མངོན་གསལ་མིན་པའི་ཐོག་ནས་འབྲེལ་བ་བྱེད་དུ་འཇུག་གི་ཡོད་པ། ཡང་སྲིད་འཚོལ་ཞིབ་ཀྱི་ལས་དོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ལ་བརྟེན་ཏེ། ཕྱོགས་གཉིས་ཀའི་གཞུང་འབྲེལ་ལྟ་བུའི་ཐོག་ནས་འབྲེལ་བ་གནང་ན་ཡག་པོ་ཡོང་གི་རེད་དྲན་ཡོད་ས་རེད། དེའི་རྗེས་ལའང་བྱ་བྲལ་རིན་པོ་ཆེ་མཆོག་གིས་༧གོང་ས་མཆོག་ལ་ཡིག་འབྲེལ་མང་པོ་བྱས་ཡོད་པ་དང་། མཐའ་མ་བྱ་བྲལ་རིན་པོ་ཆེ་མཆོག་གིས་ཕྲུ་གུ་གཉིས་ཀྱི་མཚན་ཐོ་༧གོང་ས་མཆོག་ལ་ཕུལ་ཏེ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་གནང་དགོས་ཚུལ་ཞུས་ཡོད་འདུག  དགོང་མོ་ཞིག་ལ་གློ་བུར་དུ་སྐུ་སྒེར་དྲུང་ཆེ་སྐུ་ངོ་རྟ་ར་མཆོག་གིས་རྒྱལ་ལོ་དོན་གྲུབ་ལ་ཁ་པར་ཡོང་སྟེ། སང་ཉིན་ཞོགས་པར་༧གོང་ས་མཆོག་གིས་དྷ་རམ་ས་ལ་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་གནང་རྒྱུ་རེད། གནས་ཚུལ་དེ་རྒྱ་ནག་གཞུང་ལ་བརྡ་ལན་བསྐྱེལ་རོགས་ཞེས་ལབ་ཡོད་འདུག རྒྱལ་ལོས་དགོང་མོ་དེར་ཐབས་ཤེས་སྣ་ཚོགས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་མི་སྣར་གནས་ཚུལ་དེ་བཤད་སྐབས་ཁོ་ཧ་ལས་ལས་ཀྱིས། བོད་ཕྱོགས་ཀྱི་བྱེད་སྟངས་དེར་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག དེབ་འདིའི་ནང་འཁོད་སྟངས་ལ་གཞིགས་ན། སྐབས་དེར་རྒྱལ་ལོ་དོན་གྲུབ་ཀྱི་བསམ་པར། བྱ་བྲལ་རིན་པོ་ཆེ་མཆོག་གིས་སྐབས་དེར་མཚན་ཐོ་བསྐུར་བ་དེ་དག་ལས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྟེ། གསལ་བསྒྲགས་གནང་རྒྱུའི་གོ་སྐབས་དེ་ཕར་རྒྱ་ནག་ལ་སྤྲད་ཡོད་པ་ཡིན་ན། ད་ལྟའི་རྙོག་གྲ་དེ་བྱུང་མེད་པའི་བསམ་ཚུལ་འདུག ད་དུང་རྒྱལ་ལོ་དོན་གྲུབ་ཀྱིས། “པཎ་ཆེན་རིན་པོའི་ཆེའི་གནད་དོན་ཐད། རྒྱལ་བ་རིན་པོ་ཆེ་ནོར་བ་རེད་དམ། ཡང་ན་རྒྱ་གཞུང་ནོར་བ་རེད་ཅེས་ན། ངས་བལྟས་ན་ང་རང་ཚོ་ནོར་ཡོད་པ་རེད། ང་ཚོ་རྒྱ་ནག་ལ་རྒྱུས་ཆེན་པོ་མེད་པའི་ཐོག་ནས་མཚམས་རེར་དོགས་པ་རྣམ་རྟོག་ཆེ་དྲགས་ཏེ། ནོར་འཁྲུལ་མང་པོ་བཟོས་ཡོང་གི་འདུག” ཅེས་སོགས་དེབ་དེའི་ནང་བཀོད་འདུག

་་་་་་་་་་་་་་་་་་་་་་་་་་་་་་་   མུ་འགོད།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s