བཅུད་པར་རྫ་སྐྱེས།   (ཨོ་གླིང )

ཕ་ཡུལ་གྱི་ཧྲག་བར་ནས་དལ་གྱིས
སྦྲ་ནག་མཐིང་སྨུག་གི་སྨིན་ཏོག་གང་བུ་ཆུང་ཆུང་ཞིག
གཡང་དཀར་ལུག་གི་འབའ་སྒྲའི་ཁྲོད་ལམ་ལ་ལངས
གནའ་སྔ་མོའི་རྐང་ལམ་སྐྱ་མོ་ན
རྨ་ཆུའི་ཕར་ཚུར་དང
མཚོ་གཡས་རི་གཡོན་རི་ཟེར་བའི་གཏམ་རྒྱུད་ཁྲོད་ཀྱི
འཇིག་རྟེན་ཆེ་ཆེ་དེ་མིའུ་ཐུང་ཞིག་གི་རྐང་ཤེད་ཀྱིས་མཇལ
ལོ་རྒྱུས་རེ་རེ་མིག་ཁར་ཉིལ་བཞིན
ཕ་ཡུལ་རུམ་ཞོར་སེམས་ཀྱིས་མྱོང་བཞིན་ཆས་སོང

རྐང་རྗེས་རེ་རེ་གངས་ལ་ཕབ་དུས
ཕ་སའི་བྲང་གཞུང་ན་ཡན་པའི་འབྲོང་ཁྱུ་དང
དགོ་ཁྱུ    རྐྱང་ཁྱུ་སོགས་རེ་རེ    ད་དུང
ཕྱོགས་བཞིར་ན་ལྷོད་ཀྱིས་བཀྲམ་ནས་ཡོད་པ་མཐོང་ངམ

ཁྱེད་ཀྱི་མིག་ཁར་ལྕེབ་པས་རྨི་ལམ་གྱི་རྫོངས་པ་རེ་རེ
ཁད་ཀྱིས་མགྲིན་པར་འཚང་འོང་དུས
ཁྱེད་རང      འུ་ཚང་གི་རུས་རྐང་སྣུམ་པོ་ཡིན་ངེས

ང་ཡི་མི་ལ་ཙི་ཙི
ཁྱེད་རང་མེས་པོའི་སྒྲུང་རིང་གི་གླེགས་བམ་ཁྲོད་ན
ཁྱེད་ལ་བློ་ངོར་མི་ཤོང་བའི་ནུས་མཐུ་མངའ་ཟེར
ས་རྡོ་གསེར་དུ་བསྒྱུར་ཐུབ་ཟེར
རྐང་པས་འཇལ་ཚད་དང  མིག་མཐོང་ཚད
སེམས་ཀྱིས་མྱངས་ཚད་རེ་རེ
ཁྱེད་ཀྱི་མི་ཚེ་འདིའི་གྱ་ནོམ་པའི་རྫོངས་པ་མ་ཡིན་ནམ

དེ་རིང་ཕ་ཡུལ་ཧ་ཅང་ཆུང་ལ
ཁྱེད་ཀྱི་རྐང་རྗེས་དེ་ཧ་ཅང་ཆེ
ང་ཡི་མི་ལ་ཙི་ཙི
སྟོད་ཀྱི་ཉི་མ་ལྷ་ས་དེ
ལོ་རྒྱུས་ཀྱི་ཟུངས་ཁྲག་རྒྱུ་སའི་རྐང་མར་ཡིན་ན
ད་དུང  མ་མཇལ་བའི་ཕ་ས་རྨས་མ་ཡོད

ང་ཡི་མི་ལ་ཙི་ཙི་ཡ
སྟོད་མངའ་རིས་སྐོར་གསུམ་ནས་བོར་སོང་བའི
སྦལ་ཏི་དང   ལ་དྭགས    ཁུ་ནུ   ཟངས་དཀར  འབྲས་ལྗོངས
འབྲུག་ཡུལ    མོན་རྟ་དབང་དག་ཁ་སང་སུ་ཞིག་གི་ཟས་རིན་བཞིན
ང་ཚོ་དང་བར་ཐག་ཅི་ཞིག་ལ་བཀྱེད་སོང་བ་ཡིན་ནམ

ཨ་ཧོ འདི་ནི་དེ་རིང
སུ་ཞིག་གི་མིག་ཆུ་དང་ནག་ཉེས་ཡིན་ནམ
ཤོར་སོང་བའི་རི་ཐང་ལུང་གསུམ་ཡོད་ཚད་ན
བཙན་པོའི་ཞབས་རྗེས་རེ་རེ་བྲག་ཅར་འཐིམ་ཡོད
སྦྲ་མཐིང་སྨུག་རུ་སྡེ་གཅིག་རེད
ང་ཡི་མི་ལ་ཙི་ཙི
ཁྱེད་ཀྱི་རྐང་པས་འཇལ་མི་ཐུབ་རུང་སེམས་ཀྱིས་རུམ

2015་ལོའི་ཟླ་6་ཚེས་10་ཉིན་ཨོ་གླིང་ནས་བྲིས།

              ངེད་དྲ་ཚིགས།

One thought on “འབྲོག་བུ་ལྕགས་ཞོན་མི་ལ་ཙི་ཙི།

  1. གནམ་ལྷོ། ཕྱི་ལོ། ༢༠༡༥ ཟླ། ༠༦ ཚེས། ༡༣ at ༡:༡༨ pm

    བྲིས་ནོ་ཧྲ་གི མི་ལ་ཙི་ཙི་འདི་མྱི་ངར་ཡིན་ཐ

དཔྱད་མཆན་སྤེལ།

%d