ལྡེའུའི་བྱུང་འཕེལ་དང་ཁྱད་ཆོས་སྐོར་གླེང་བ།

         རྒུ་རུ་པདྨ་རྡོ་རྗེ།  (བོད)

          ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ལྡེའུ་བྱུང་བའི་དུས་སྔ་ཞིང་རིགས་ཀྱི་ཆ་ནས་རྫས་ལྡེའུ་དང་ངག་ལྡེའུ། ཡིག་ལྡེའུ་གསུམ་དུ་དབྱེ་སྟེ། དེ་ལ་མི་རིག་ཀྱི་ཁྱད་ཆོས་དང་སྤྱོད་སྒོ་ཡངས་པའི་ཁྱད་ཆོས། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་ཁྱད་ཆོས་ལྡན་པ་གཙོ་བོར་བྲིས་ཤིང་། ལྡེའུའི་གོ་བ་ལེན་སྟངས་ཀྱི་ཐད་ནས“ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས”ཞེས་པའི“ལྡེའུ”དེ་ད་ལྟ་ང་ཚོས་གླེང་བཞིན་པའི་“ཁེད”ཁོ་ན་ཙམ་མིན་པར་རྒྱལ་པོས་ཆབ་སྲིད་སྐྱོང་བ་ལ་ཐད་ཀར་དུ་གཞོགས་འདེགས་ཀྱི་ནུས་པ་ལྡན་ཚུལ་བརྗོད་ཡོད།
བརྡ་ཆད་གཙོ་བོ། ལྡེའུ། རྫས་ལྡེའུ། ངག་ལྡེའུ། ཡིག་ལྡེའུ།


དང་པོ། ལྡེའུའི་བྱུང་བ་བརྗོད་པ།

             སྤྱིར་བོད་ཀྱི་ལྡེའུ་ཞེས་པའི་རིག་པ་འདིའི་ལོ་རྒྱུས་ཧ་ཅང་རིང་སྟེ། འདི་ཉིད་དུས་རབས་སམ་རྒྱལ་རབས་ནམ་ཞིག་ལ་བྱུང་བའི་ཐད་ལ་བཞེད་པ་མི་མཐུན་པ་མང་པོ་མེད་དེ། དཔེར་ན། གུ་རི་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་གྱི་བྲག་ཕུགས་ནས་བཏོན་པའི《བཀའ་ཐང་སྡེ་ལྔའི་རྒྱལ་པོ་བཀའི་ཐང་ཡིག》ཏུ“དམ་ཆོས་དང་གཡང་དྲུང་བོན་བྱོན་དུས། །རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ། །ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་། །”① ཞེས་འཁོད་ཡོད་པ་དང་། རྒྱལ་དབང་ལྔ་པས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“སྲས་ཀྱི་རིང་ལ་སྐུ་མཁར་ཕྱིང་བ་སྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་།”②ཞེས་པ་དང་། 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》རུའང་ཚིགས་ལ་བཙན་བདུན་མ་བྲིས་པའི་སྔོན་དུ“ཆབ་སྲིད་བོན་དང་སྒྲུང་ལྡེའུ་གསུམ་གྱིས་བབས་སྐད་པ། སྡེ་སྣོད་བོད་དུ་བྱུང་བའི་སྔ་ལྟས་སུ། བོན་དང་སྒྲུང་དང་ལྡེའུ་གསུམ་སྤྱོད་པའོ། །”③ཞེས་འཁོད་ཡོད་པ་མ་ཟད་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་མཛད་པའི《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》ཞེས་པར་ཡང“དེ་སྔོན་བོད་ཀྱི་ལོ་རྒྱུས་ཚོར་བོད་ལ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བར་རྒྱལ་རབས་ཉི་ཤུ་རྩ་བདུན་གྱི་རིང་བོད་ཀྱི་ཆབ་སྲིད་དེ་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་གསལ་བ་དེར་གཞིར་བཟུང་ན……”④ཞེས་བཀོད་ཡོད་པ་སོགས་ལ་གཞིགས་ན། ལྡེའུ་འདི་ཉིད་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་འགའ་ཞིག་གི་རིང་ལ་རིམ་གྱིས་བྱུང་བར་བསྟན་པར་སྣང་བ་མ་ཟད། ད་དུང་མཁས་པ་རེ་གཉིས་ཤིག་གིས‘ལྡེའུ་ནི་བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོའི་དུས་སུ་དར་བ་ཡིན’ཞེས་ཁ་ཚོན་བཅད་དེ་གསུངས་ཡོད་པ་འཐད་པར་མ་མཐོང་སྟེ། རྒྱུ་མཚན་ནི“ལྡེའུ”ཞེས་པའི་ཐ་སྙད་དེ་གཉའ་ཁྲི་བཙན་པོའམ་པུ་དེ་གུང་རྒྱལ་གང་རུང་ཞིག་གི་དུས་སུ་བྱུང་བ་ཡིན་ཡང“ལྡེའུ”དངོས་དེ་རྒྱལ་པོ་གང་གི་སྐུ་རིང་ལ་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འདོད། ཅིའི་ཕྱིར་ཞེ་ན། བོད་མི་རིགས་འདི་ཉིད་འཛམ་གླིང་གི་ཡང་རྩེ་མདོ་དབུས་མཐོ་སྒང་འདི་རུ་འཚོ་སྡོད་བྱེད་པའི་མགོ་བརྩམས་ཤིང་། ཁོ་ཚོས་རང་བྱུང་ཁམས་ཆེན་པོ་དང་འཐབ་རྩོད་བགྱིས་ཤིང་རིག་གནས་བསྐྲུན་པའི་གོ་རིམ་ཁྲོད། ཕན་ཚུན་འབྲེལ་འདྲིས་ལ་ངེས་པར་དུ་མཁོ་བའི་སྐད་ཆའི་མྱུ་གུ་བཙལ་བ་རེད། མིའི་ཨོལ་སྒོ་མ་འཁྲོལ་བའི་ཡར་སྔོན་ལ། ཕན་ཚུན་ལག་བརྡ་གཏོང་བ་དང་ས་ལ་རི་མོ་འབྲི་བ། ཀིའི་ཐེངས་གྲངས་བརྩི་བ་དང་ས་ཐོ་སློང་བ། ཐ་གུར་མདུད་པ་བརྒྱབ་ནས་ཕན་ཚུན་ལ་ནང་སེམས་ཀྱི་འགྱུར་བ་གང་དེ་ཕ་རོལ་པོར་གོ་བར་བྱ་ཕྱིར་ཐབས་སྣ་ཚོགས་སྤྱད་ནས་བརྡ་སྤྲད་པ་དག་ནི་ཆེས་ཐོག་མའི་ཆེས་ཐབས་ཆག་གི་སྐད་ཆ་ཡིན་ལ། ལྡེའུའི་ཆེས་ཐོག་མའི་རྣམ་པ་རུ་ངོས་གཟུང་ཆོག་པར་འདོད། དེ་ལྟར་དུས་ཡུན་ངེས་ཅན་ཞིག་བརྒྱུད་པས་ན། ཚད་ལྡན་གྱི་སྐད་ཆ་བྱུང་བ་མ་ཟད་ལྡེའུའང་མི་རྣམས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པའི་རིག་པ་ཞིག་ཏུ་གྱུར་པ་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་རིང་མོའི་འཕོ་འགྱུར་ཁྲོད་ལྡེའུ་ནང་དོན་དང་རྣམ་པར་འཕེལ་རྒྱས་བྱུང་སྟེ་ནང་དོན་གྱི་ཆ་ནས་རྒྱལ་པོའི་ཆབ་སྲིད་སྐྱོང་བའི་ཐད་ལ་ནུས་པ་མི་དམན་པ་ཐོན་པ་དང་རྣམ་པའི་ཆ་ནས་རྫས་ལ་བརྟེན་ནས་བརྡ་སྤྲོད་པའི་རྫས་ལྡེའུ་དང་ངག་ཐོག་ནས་བརྡ་སྤྲོད་པའི་ངག་ལྡེའུ། ཡི་གེ་བྱུང་རྗེས་ཡི་གེ་ལ་བརྟེན་ནས་བརྡ་སྤྲོད་པའི་ཡིག་ལྡེའུ་བཅས་ཀྱི་རིགས་སུ་འཕེལ་བར་འདོད་དོ། །


གཉིས་པ། ལྡེའུའི་རིགས་དབྱེ།

གཅིག རྫས་ལྡེའུ་བཤད་པ།

       དེ་ཡང་རྫས་ལྡེའུ་ཞེས་པ་ནི་མི་རྣམས་ཀྱིས་དངོས་རྫས་ཀྱི་དབྱིབས་དང་ཁ་དོག རྣམ་པ། དེའི་མིང་དང་སྒྲའི་ཆ་ཤས་སོགས་ལ་བརྟེན་ནས་ཕན་ཚུན་གོ་བརྡ་སྤྲོད་པའམ་བརྗོད་དོན་སྦས་ཏེ་སྟོན་པ་ཞིག་ལ་ཟེར། འདིར་ཕ་རོལ་པོར་ལྐོག་གྱུར་གྱི་རྫས་སྤྲད་པ་ལ་བརྟེན་ནས་བརྡ་སྤྲོད་པའམ་འཕྲིན་གཏོང་བའི་ནུས་པ་གལ་ཆེན་པོ་ལྡན་ཡོད། དཔེར་ན། “སྔོན་ཚོ་བ་ཞིག་ནས་རྒད་པོ་ཞིག་གིས་མི་ཞིག་བསད་རྗེས་ས་མཐར་བྲོས། ཤུལ་དུ་ཁོའི་ཆུང་མས་གྱོད་དོན་ལེགས་པར་ཐག་བཅད་ཅིང་སྟོང་སོགས་འཇལ་རྗེས་རྒད་པོར་བྱུ་རུ(ཕྱིར)་ཞིག་དང་རྭ་ཅོ་(ར)ཞིག ཤོག་གུ་ཐར་གཅིག་བཅས་བསྐུར། རྒད་པོས་བརྟག་དཔྱད་ཡུན་རིང་བྱས་མཐར‘ཕྱིར་ལ་(ར)ཤོག’ཅེས་པའི་དོན་ཡིན་པ་ཤེས་ཏེ་ཡུལ་ལ་ལོག”(དམངས་ཁྲོད)པར་གྲགས་པ་ལྟ་བུ་ནི་དངོས་རྫས་ཀྱི་མིང་ལས་བརྗོད་པར་འདོད་པའི་དོན་ཕ་རོལ་པོར་གོ་བར་བྱས་པའི་རྫས་ལྡེའུ་དང་། གཞན་ཡང“སྔོན་སྤུན་གཉིས་ཡོད་པ་ལ་སྤུན་ཆུང་བ་ལུགས་དང་འགལ་ནས་ཁྲིམས་སུ་ཚུད། ཕུ་བོས་ནམ་རྒྱུན་ནུ་བོ་ལ་ལུག་གི་མགོ་བོ་རྐྱང་རྐྱང་རྒྱགས་སུ་བསྐུར་བས་ནུ་བོས་དོན་ཅི་ཡིན་ཤེས་པར་ཟོས་ཚར་དུས་རུས་པ་དག་ཕྱིར་དོར་བ་རེད། ཉིན་ཞིག་ནུ་བོས་ལུག་མགོ་ཟས་ཚར་ཞིང་གདོང་འཁྲམ་ཟ་སྐབས་ནང་དུ། ཨ་བུ་ངན་གླེན་པ་གོ་མེད་པོ། །ལུག་ཕོ་ཐོང་འགྲམ་ཁེས་སོག་ལེ་ཡིན། །ཤིང་གསོམ་པ་གཅིད་དང་རྩམ་པ་ཡིན། །ཞེས་པའི་ཡི་གེ་ཡོད་པ་མཐོང་ནས་བསམ་བློ་ཞིབ་པར་བཏང་བ་ན་ད་གཟོད་བཙོན་ཁང་ཤིང་ལས་བཟོས་པ་དང་དེ་ལ་ལུག་གི་འགྲམ་ཁེས་ཀྱིས་གཅིད་ན་ཆད་འགྲོ་བའི་དོན་ཡིན་པ་ཤེས་ཏེ་བཙོན་ལས་ཐར”བར་(དམངས་ཁྲོད)གྲགས་པ་ལྟ་བུ་ནི་དངོས་རྫས་ཀྱི་རྣམ་པ་དང་ནུས་པ་ལ་བརྟེན་ནས་ཕ་རོལ་པོར་དོན་སྙིང་གོ་བ་སྤྲད་པའི་རྫས་ལྡེའུ་དང་།  རྗེ་བཙུན་མི་རས་པའི་རྣམ་ཐར་དུའང་ཡུམ་མྱང་ཚ་དཀར་རྒྱན་གྱིས་རང་གི་བུ་ལ་རྒྱགས་དང་འཕྲིན་སྐུར་དུས“བེམ་པོའི་ནང་གི་རྒྱབ་གཞུང་དུ། རྣལ་འབྱོར་བ་ལ་རྒྱུས་མེད་པའི་གསེར་སྲང་བདུན་པོ་སྤས་པའི་སྟེང་དུ་ལྷན་པ་ནག་པོ་ཁ་གང་གྲུ་བཞི་བ་ཞིག་བརྒྱབ། དབུས་སུ་སྐུད་པ་དཀར་ལ་སྦོམ་པའི་གཟེར་ཚོམ་སྐར་མ་སྨིན་དྲུག་གི་དབྱིབས་འདྲ་བ་ཕྱིར་མི་མངོན་པ་ཞིག་གིས་མནན་ཏེ”⑤ཞོར་ལ“རྒྱགས་ཆད་ན་ལུང་བ་ཁ་བྱང་དུ་ལྟ་བ། སྤྲིན་ནག་པོ་ལྡིང་ཞིང་། སྐར་མ་སྨིན་དྲུག་འཆར་བའི་འོག་ན་རང་རེའི་ཉེ་ཚན་གྲོང་པ་བདུན་ཡོད་པས་ལོངས། རྩད་མ་ཆོད་ན་ལུང་བ་དེའི་ནང་ན་རྣལ་འབྱོར་བ་འདི་རང་བཞུགས་པ་ཡིན་པས་གཞན་དུ་མ་འདྲི ”⑥ཞེས་པའི་ཡི་གེ་དང་སྦྲགས་ནས་བསྐུར་བ་ལ་མི་ལ་རས་པ་ཁོང་གིས་དོན་མ་གོ་བར་ཡོད་པ་ན་ཁོང་གི་བླ་མའི་ཇོ་མོ་ཡེ་ཤེས་མཁའ་འགྲོའི་མཚན་དང་ལྡན་པ་ཞིག་ཡོད་པ་དེས་དོན་གོ་སྟེ་མི་ལར“ཐོས་པ་དགའ་ལ་མ་གྲུང་མོ་རང་ཞིག་ཡོད་པར་གདའ། ལུང་བ་ཁ་བྱང་དུ་ལྟ་བ་ལ་ཉི་མ་མི་འཆར་བ་ལྟར་རྣལ་འབྱོར་བའི་བེམ་པོའི་ནང་ལ་ཉི་མ་མི་འཆར་བ་ལ་ཟེར་བར་གདའ། སྤྲིན་ནག་པོ་ལྡིང་བ་ལྷན་པ་ནག་པོ་ཁ་གང་བཏབ་པ་ལ་ཟེར་བར་གདའ། སྐར་མ་སྨིན་དྲུག་འཆར་བ་སྐུད་པ་དཀར་པོའི་ཧབ་བཙེམས་ལ་ཟེར་བར་གདའ། དེའི་འོག་གི་ཉེ་ཚན་གྲོང་པ་བདུན་པོ་གསེར་སྲང་བདུན་པོ་ལ་ཟེར་བར་གདའ། རྩད་མ་ཆོད་ན་ལུང་བ་དེའི་ནང་ན་རྣལ་འབྱོར་པ་འདི་རང་བཞུགས་པས་གཞན་དུ་མ་འདྲི་བྱ་བ། མ་གོ་ན་གསེར་རྣལ་འབྱོར་པའི་བེམ་པོ་ལ་ཡོད་པས་གཞན་དུ་མ་འཚོལ་བྱ་བར་གདའ”⑦ཞེས་འགྲེལ་བ་ལྟ་བུ་ནི་དངོས་རྫས་ཀྱི་དབྱིབས་དང་ཁ་དོག་གྲངས་སོགས་ཀྱི་ཐད་ནས་དོན་གྱི་བརྗོད་པ་ཕ་རོལ་པོར་སྤྲད་པའི་རྫས་ལྡེའུ་རུ་ངོས་བཟུང་ཆོག འདིར་བཀོད་པའི་དཔེ་གཞི་གཉིས་པ་དང་གསུམ་པ་ལ་ཡི་གེས་ཀྱང་རམ་འདེགས་བྱས་ཡོད་པས་ཅིའི་ཕྱིར་ཡིག་ལྡེའུ་རུ་མ་བགྲང་བ་ཡིན་ཟེར་ན། དེ་ལའང་གནས་ལུགས་ཡོད་མོད། འདི་གཉིས་ལྟ་བུ་ནི་དངོས་རྫས་དང་ཡི་གེ་གཉིས་སྦྲགས་མར་ཡོད་པའི་ལྡེའུའི་རིགས་ཤིག་ཏུ་ངོས་བཟུང་ཡང་ཆོག་མོད། འདི་གཉིས་ལ་རྩ་བའི་ཆ་ནས་བལྟས་ན་དངོས་རྫས་ཀྱི་ནུས་པ་དེ་གལ་ཆེ་བར་མཐོང་ནས་རྫས་ལྡེའུ་རུ་བགྲང་ན་འོས་པར་སྙམ་མོ། །

         སྤྱིར“ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས”ཞེས་པའི“ལྡེའུ”དེའང་ད་ལྟ་ང་ཚོས་བཤད་བཞིན་པའི“ཁེད”དེ“ཨ་མཚར་མཚར་དགུ”དང“ཨ་ཆགས་ཆགས་དགུ”ལྟ་བུ་ཙམ་ཡིན་མི་སྲིད་ལ། གལ་ཏེ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན་རང་རེའི་བཙན་པོ་དག་གིས་བསྐྱངས་པའི་ཆབ་སྲིད་དེའང་ལས་སླ་མོ་ཞིག་སྟེ་ལོ་གསུམ་བྱིས་པར་མགོ་གཡོག་དང་བརྒྱད་ཅུའི་རྒད་པོས་ཉི་མ་འཕུལ་ཐབས་ཙམ་དུ་སྣང་བས་ཡ་གླིང་ཧྲིལ་པོ་ན་མིང་དུ་གྲགས་པའི་སྟོབས་འབྱོར་མངའ་ཐང་ལྡན་པའི་བཙན་པོའི་རྒྱལ་ཁབ་ཅིག་འཛུགས་ག་ལ་ཐུབ། དེ་བས“ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས”ཞེས་པ་ནི་ལྡེའུས་ཐད་ཀར་ཆབ་སྲིད་དང་དམག་དོན་ལ་གཞོགས་འདེགས་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་ཞིག་སྟེ། དཔེར་ན། ཐང་ཡིག་གསར་མ་རུ“དམག་བྱེད་ཚེ། གསེར་མདའ་ཚུན་བདུན་ཅན་ཞིག་སྔོན་དུ་བརྫངས་ནས་བརྡ་གཏོང་།”⑧ཞེས་དང“དགྲ་བྱུང་ཚེ་མེ་སྦར་ནས་བརྡ་གཏོང་།”⑨ཞེས་པ་ལྟ་བུ་དང་ཏུན་ཧོང་གཏེར་ཡིག་ཏུ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྲིང་མོ་སད་མི་ཀར་གྱིས་རྨང་ཆུང་ལ་བསྐུར་བའི་འཕྲིན་པར“གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ་། །བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་མྱྀ་ངྷྱ་ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག། །རྒོལ་མ་ཕོད་ན་ནི་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ”⑩ ཞེས་པ་དང“སྣང་ནམ་ལེགས་གྲུབ་དང་རྒྱལ་པོ་སྔུན་ལ། ལ་བཙས་ཀྱི་ཁར་བྱོན་ནས་བལྟས་པས། གསེར་ཆུང་གཅིག་དང་དུང་ཆུང་གཅིག དུག་མདེལ་གཅིག་དང་གསུམ་གདའ་འོ། །བོད་ཀྱི་རྒྱལ་པོའི་ཞལ་ནས། ཆུ་སླ་ང་གང་ནི་ཟླ་བ་རྗེས་མའི་ཚེས་བཅོ་ལྔ་ལ་འོང་བྱ་བ་ཡིན། གསེར་ཆུང་དང་དུང་ཆུང་ནི་དང་རའི་གསེར་ཕུག་དང་དུང་ཕུག་གཉིས་སུ་དམག་གིས་སྒུག་ཅིག་བྱ་བ་ཡིན། དུག་མདེལ་ནི་ཞང་ཞུང་རྒྱལ་པོ་དེ་གར་ཐོན་དུས་དུག་མདའ་འཕངས་ཏེ་ཀྲོངས་པར་མཛོད་བྱ་བ་ཡིན……”⑾ཞེས་གསལ་བ་ལྟ་བུ་དང་གཞན་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མིའི་མི་ཆོས་ཀུན་སྤྱོད་དང་བསམ་བློའི་འཁྱེར་སོ། ཡུལ་སྲོལ་གོམས་གཤིས་སོགས་མཚོན་པའི་སྒྲུང་རབས་ཆེན་པོ་ཞིག་ཡིན་པ་མ་ཟད་དེས་བོད་བཙན་པོའི་སྐབས་སུ་ཆབ་སྲིད་ཆོས་བཞིན་བསྐྱངས་ཚུལ། མཐའ་བཞི་དབང་དུ་བསྡུས་ཚུལ་གྱི་མཛད་པ་རྣམས་རྒྱུན་འཛིན་བྱས་ཡོད་པ་ཞིག་ཡིན་པས《ཧོར་གླིང་གཡུལ་འགྱེད》དུ་གེ་སར་ཚོང་པ་ཞིག་ཏུ་སྤྲུལ་ནས་གུར་དཀར་རྒྱལ་པོ་གཙོ་བྱས་པའི་ཧོར་གྱི་རྒྱལ་བློན་རྣམས་ལ་གསེར་སྒ་དང་ལྕགས་ཐག རལ་གྲི་ལ་སོགས་པའི་མཚམས་རྟགས་ཕུལ་བ་གུར་དཀར་སོགས་ཀྱིས་ཧ་མ་གོ་བར་ཡོད་པ་ལ། ཧོར་སྡིག་གཅོད་ཤན་པ་དམར་པོས་དོན་གོ་ནས“ཁྱོད་གསེར་སྒ་གསེར་སྲབ་འབྱོར་མ་འདི། །ཁྱོད་གཅེས་པའི་མཚམས་ཞུ་མ་རེད་དེ། །ཁྱོད་གཉའ་སྒ་བསྟད་ནས་གསོད་རྟགས་རེད། །ད་མཛེར་མ་བཞི་བཅུའི་མཚམས་ཞུ་འདི། །ཁྱོད་གཅེས་པའི་མཚམས་ཞུ་མ་རེད་དེ། །ཁྱོད་སྒལ་ཚིགས་མཛེར་མས་བསྡམ་ལེ་རེད། །གསེར་སེར་པོའི་ཁེམ་ཆུང་ཆ་གཉིས་འདི། །ཁྱོད་གཅེས་པའི་མཚམས་ཞུ་མ་རེད་དེ། །མིག་ཁྲ་ཆུང་གསོན་པོར་འབྲུ་འདོད་རེད། །ཇ་ལན་ཆེན་ལན་ཆུང་བཅུ་གསུམ་དེ། །ཁྱོད་གཅེས་པའི་མཚམས་ཞུ་མ་རེད་དེ། །ཁྱོད་གུར་དཀར་འཆི་ཆོས་བཅའ་སྤྱད་རེད། །བློན་སྟོབས་ཆེན་ཁྱོད་ལ་ལྕགས་ཕུར་བཞི། །ལུས་གཟུགས་གཞི་ཐང་ལ་རྒྱང་འདོད་རེད། །སྨན་འབྲུག་མོ་ཁྱོད་ལ་བྱུ་རུ་ནི། །སྙིང་མིག་ལྡོག་འདྲ་བ་བཅུ་གསུམ་འདི། །གླིང་དཔའ་ཆེན་བཅུ་གསུམ་ཧོར་གྱིས་བཀྲོངས། །དེ་སྙིང་དང་མིག་ལྡོག་འདྲ་བའི་བརྡ། །མི་དེ་ཚོའི་དགྲ་ཤ་ལེན་འདོད་རེད། །དར་དཀར་པོ་འཕྲུལ་གྱི་ཞགས་པ་འདི། །མཐར་འབྲུག་མོ་རང་ཡུལ་ཁྲིད་འདོད་རེད། །ཧོར་མཆོང་ལྷ་ཁྱོད་ལ་ལྕགས་ཁེམ་གཅིག །ཁྱོད་གཅེས་པའི་མཚམས་ཞུ་མ་རེད་དེ། །ཁྱོད་མ་ཤི་ས་འོག་གནོན་འདོད་རེད། །བློན་པྰ་དུར་རེ་ལ་རལ་གྲི་རེ། །གཅེས་པའི་མཚམས་ཞུ་མ་རེད་དེ། །བློན་ཡོད་ཚད་སྲོག་རྩ་གཅོད་རྒྱུ་རེད། །ང་ཤན་པ་ལྕགས་ཐག་ལྕགས་ཕུར་འདི། །གཅེས་པའི་མཚམས་ཞུ་མ་རེད་དེ། །ང་མི་གསོད་བཙོན་ལ་འཛིན་འདོད་རེད། །……”⑿ཅེས་བརྡ་དོན་དཀྲོལ་བ་ལྟ་བུ་སོགས་གང་ཡིན་ཡང་གཅིག་ནས་རྫས་ཀྱི་ངོས་མི་འདྲ་བ་ལ་བརྟེན་ནས་ཕ་རོལ་པོར་གསང་བརྡ་སྤྲད་པ་དང་གཉིས་ནས་ལྡེའུས་ཆབ་སྲིད་སྐྱོང་བའི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད།


གཉིས། ངག་ལྡེའུ་བཤད་པ།

           ངག་ལྡེའུ་ཞེས་པ་ནི་མི་རྣམས་ཀྱིས་རང་ཉིད་ཀྱི་རིག་པའི་རྩལ་ལ་བརྟེན་ནས་བརྗོད་པར་འདོད་པའི་དོན་དེ་ཐད་ཀར་མ་བཤད་པར་སྦས་པའམ་གསང་བའི་སྒོ་ནས་དཔེ་འཇོག་པའམ་ཟུར་བསྟན་གྱིས་ཕ་རོལ་པོར་རྟོགས་པར་བྱ་བ་ཞིག་སྟེ། དེ་ནི་མིའི་རིགས་ལ་ཚད་ལྡན་གྱི་སྐད་ཆ་བྱུང་ཞིང་བསམ་བློའི་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་རྗེས་ད་གཟོད་བྱུང་བར་མངོན་ལ། འདི་ནི་མི་ཚོགས་ཀྱི་ཁྲོད་ནས་ཕན་ཚུན་གསང་བརྡ་སྤྲོད་པ་དང་རྒྱལ་བློན་ཚོས་དོན་ཆེན་གསང་གྲོས་བྱ་སྐབས་གཞས་དང་མགུར་གྱི་རྣམ་པར་བརྟེན་ནས་སྤྱོད་པ་ཤས་ཆེ་བར་སྣང་སྟེ། དཔེར་ན། བོད་རྒྱལ་གནམ་རི་སྲོང་བཙན་སྐབས་ལ་མྱང་ཙེང་སྐུ་དང་དབའ་དབྱི་ཚབ་གཉིས་ཟིང་པོ་རྗེ་ལ་ཡིད་ཆད་ནས་དབྱི་ཚབ་སྔ་མ་དང་ཙེང་སྐུ་རྗེས་ལ་འགྲོ་དུས་ཙེང་སྐུས“ཆབ་ཆབ་ ནྀ་ཕ་རོལ་ན། །ཡར་ཆབ་ནྀ་ཕ་རོལ་ན། །མྱྀ་འི་ནྀ་མྱྀ་བུ་སྟེ། །ལྷ་འི་ནི་སྲས་པོ་བཞུགས། །རྗེ་བདེན་ནི་བཀོལ་དུ་དགའ། །སྒ་བདེན་ནི་བསྟད་དུ་དགའ”⒀ཞེས་པའི་མགུར་བཏང་བ་སྟེ། དོན་ནི་ཡར་ཀླུང་གཙང་པོའི་ཕ་རོལ་གྱི་སྤུར་རྒྱལ་བཙན་པོ་དེ་ནི་གཞུང་དྲང་བློ་དཀར་ཐབས་མཁས་ལྷའི་སྲས་དང་འདྲ་བ་ཞིག་མཆིས། རྗེ་དེ་ལྟ་བུའི་བྲན་བྱེད་ཐུབ་ན་ཅི་མ་རུང་ཞེས་བླངས་པ་དབྱི་ཚབ་ཀྱིས་དོན་གོ་བ་མ་ཟད་བློ་མོས་མཐུན་ཏེ་ཁོ་གཉིས་རྟ་ལས་བབས་ཤིང་ཟིང་པོ་རྗེར་རྒྱབ་གཏོད་རྒྱུ་དང་སྤུར་རྒྱལ་བཙན་པོ་པང་དུ་ལེན་པའི་མནའ་བོར་བ་ལྟ་བུ་དང་ཁྲི་འདུས་སྲོང་མང་པོ་རྗེའི་དུས་སུ་མགར་གྱི་རྒྱུད་པ་དག་གིས་བོད་ཆེན་པོའི་ཆབ་སྲིད་མཛད་འཕྲིན་བླ་མེད་སྒྲུབ་ཅིང་མཐའ་བཞི་བསྲུངས་ནས་དབང་ཐང་ཆེས་ཆེར་དར་བའི་སྐབས་དེར་གཅིག་ནས་བཙན་པོས་མགར་གྱི་རིགས་རྒྱུད་ཀྱིས་སྲིད་འཕྲོག་པར་དོགས་པ་དང་གཉིས་ནས་རྒྱ་ནག་གིས་བཙན་པོ་རྒྱལ་བློན་གྱི་དབར་དུ་ཕྲ་མ་བཅུག་སྟབས་བཙན་པོས་མགར་ལ་གྱོན་ཕབ་པའི་མགུར་དུ“དོག་སྲིན་ ནྀ་སྦུར་བུ་འྀས། །བྱ་ལྟར་ནྀ་བཅོས་བཅོས་སྟེ། །གནམ་དུ་ནྀ་འཕུར་འདོད་ཀྱང་། །འཕུར་དུ་ནྀ་འདབ་མ་མཆྀས། །འཕུར་དུ་ནྀ་འདབ་མཆིས་ཀྱང་། །དགུང་སྔོན་ནི་ཕང་མཐོས་སྟེ། །སྤྲིན་ཀྱྀ་ནྀ་གོ་མྱི་འདའས། །ཡ་རུ་ནྀ་དགུང་མ་སླེབས། །མ་རུ་ནྀ་དོག་མ་སླེབས། །མ་མཐོ་ནི་མ་དམའ་སྟེ། །ཁྲ་འྀ་ནི་གཟན་དུ་གྱུརད། །……གསེར་གྱྀ་ནྀ་དོང་རལ་ན། །གཡུ་འྀ་ནྀ་མདའ་ཆྀག་མ། །མ་འཕངས་ནྀ་ཤ་མྱི་ཁུམས། །འཕངས་ན་ནི་རལ་ཡང་སྟོང་། །”⒁ཞེས་པ་ལྟ་བུ་ནི་དོན་ལ་མི་ཆུང་ཞིག་གིས་སྤུར་རྒྱལ་བཙན་པོར་རེ་ཡི་ཡོད་ནའང་དེ་མི་སྲིད་པ་ཞིག་ཡིན་ལུགས་དང་སྤྱིར་མགར་གྱི་བློན་པོ་དག་ནི་བཙན་པོའི་ཆབ་སྲིད་ལ་སྐུ་དྲིན་ཧ་ཅང་ཆེ་བས་བརླགས་པར་བྱ་རྒྱུ་ནི་ཕངས་སེམས་སྐྱེ་བ་ཞིག་རེད་མོད། འོན་ཀྱང་སྤུར་རྒྱལ་བཙན་པོའི་ཆབ་སྲིད་མི་གཞན་གྱི་ལག་འོག་ཏུ་མི་འཆོར་བའི་ཆེད་ཐབས་ཟད་ཚུལ་བརྗོད་ཡོད་པ་ལྟ་བུ་དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ལ་བློན་པོ་མགར་ཐང་དུ་ཕོ་ཉར་སོང་ནས་རྒྱ་མོ་བཟའ་བློ་དང་ཐབས་སྣ་ཚོགས་ཀྱིས་བོད་ལ་བསུས་པས་ཐང་རྒྱལ་གྱིས་བློན་པོ་ཕྱིར་བོད་དུ་ལོག་པར་མ་བཅུག་པ་ན་བློན་པོས་རྒྱ་ཡུལ་ནས་མི་འགྱངས་པར་བོད་དུ་སླེབས་འོང་ཞེས་བརྫུས་མའི་སྤྲང་པོ་ལ་གསང་འཕྲིན་འདི་ལྟར་བསྐུར་ཡོད་དེ། “ཐག་རིང་གི་ར་ཕོ་རྒྱ་བོ་ངོ་ཤེས་མི་བྱའོ། །ཁ་རོག་སྡོད་ལ་ ཀུ་ཅོ་ཐོང་། ནག་མོ་ལྕགས་མཁར་ཐུག་ནས་ཡོད། ལུང་བ་ཕུ་བརྡུགས་མདའ་རྡུགས་སུ། ཐུ་རུ་ཅོ་བྲགས་ཁོང་ལ་ཞོག དར་དཀར་དྲིལ་ལ་དར་ནག་བསྐྱོད། ཟླ་བས་ཉི་མའི་རྩ་རུ་སླེབས། ”⒂ཞེས་པའི་དོན་རྒྱ་མོ་ཀོང་ཇོས་གོ་ནས“ཐག་རིང་གི་ར་ཕོ་རྒྱ་བོ་དེ་ལ་ངོ་ཤེས་མ་བྱེད་ཟེར་བ་དེ། ཁོང་རང་རྒྱ་བོ་སྨྲ་ར་ཅན་ལ་ལབ་མ་ཤོད་བྱ་བ་ཡིན། ད་ལེན་ཁ་རོག་སྡོད་ལ་བོད་བློན་རྣམས་ལ་ཤོད་བྱ་བ་ཡིན། ནག་མོ་ལྕགས་མཁར་ཐུག་ནས་ཡོད་ཟེར་བ་དེ་། ས་བོན་ཡོས་སུ་བརྔོས་འདེབ་བཅུག་བྱ་བ་ཡིན། ལུང་བ་ཕུ་བརྡུགས་མདའ་རྡུགས་སུ། ཐུ་རུ་ཅོ་བྲགས་ཁོང་ལ་ཞོག་བྱ་བ་དེ། དོང་པར་མདའ་མང་པོ་ཆུག་བྱ་བ་ཡིན། དར་དཀར་དྲིལ་ལ་དར་ནག་བསྐྱོད་བྱ་བ་དེ་ཉིན་མོ་བསྡད་ཀིན་མཚན་མོར་འོང་ཟེར་བ་ཡིན། ཟླ་བས་ཉི་མའི་རྩར་སླེབ་ཟེར་བ་དེ། ངས་ཁྱེད་རྣམས་ཀྱི་རྩར་མགྱོགས་པོར་སླེབས་བྱ་ཡིན་ཟེར་རོ། །”⒃ཞེས་བརྡ་དཀྲོལ་བ་དང་ད་དུང་སྲོང་བཙན་གྱི་སྲིང་མོ་སྲད་མི་ཀར་གྱིས་སྲོང་བཙན་ལ་བསྐུར་བའི་མགུར་སོགས་བོད་སྤུ་རྒྱལ་བཙན་པོའི་ལོ་རྒྱུས་ཁྲོད་དུ་དེ་ལྟ་བུའི་དཔེ་གཞི་ཧ་ཅང་མང་བ་མ་ཟད། གཞན་ཡང《གཟུགས་ཀྱི་ཉི་མའི་རྣམ་ཐར》དུ་རྔོན་པའི་བུས་ནགས་གསེབ་ནས་བུ་མོ་གཟུགས་ཀྱི་ཉི་མ་མཐོང་བ་རྒྱལ་པོ་ལ་ཞུ་སྙམ་མོད། རྒྱལ་པོའི་ནང་འཁོར་གྱི་བློན་པོ་དང་བཙུན་མོའི་ཚོགས་ཀྱིས་ཐོས་ན་མི་ལེགས་པར་བསམས་ནས་རྒྱལ་པོ་ལ་འདི་ལྟར་ཞུས་ཡོད་དེ། “རྒྱལ་པོའི་ ཕོ་བྲང་ནང་ཤེད་ན། །ཡ་མཚན་ཆུ་མིག་སྟོང་ཕྲག་ལ། །གསེར་གྱི་ཉ་ཆུང་རྒྱུ་བ་འདུག །ཆུ་མིག་རེ་རེའི་ཟུར་ཕུད་ལ། །ཟངས་ཀྱི་བུ་ག་རེ་རེ་འདུག །དེ་ལ་ལྕགས་གཟེར་སྟོང་བཏབ་ན། །ཡིད་བཞིན་ནོར་བུ་དབང་རྒྱལ་དེ། །རྒྱལ་པོའི་ཕྱག་ཏུ་འབྱུང་བར་འདུག །”⒄ཅེས་ཞུས་པས་རྒྱལ་པོས་བསམ་གཞིག་ཡུན་རིང་བཏང་རྗེས་སེམས་ལ“ཁོའི་ཟེར་ལུགས་ལ། ངའི་ཕོ་བྲང་ན་ཆུ་མིག་སྟོང་ཕྲག་འདུག་ཟེར་བ་འདི་བཙུན་མོ་ལྔ་བརྒྱའི་མིག་གཡས་གཡོན་ལ་ཟེར་བར་འདུག དེ་ལ་གསེར་གྱི་ཉ་ཆུང་རྒྱུ་ཟེར་བ་འདི། ཁོང་རྣམས་ལ་མིག་སེར་ཡོད་པར་གདའ། ཟངས་ཀྱི་བུ་ག་རེ་རེ་ཟེར་བ་འདི། བཙུན་མོ་ལྔ་བརྒྱའི་རྣ་བ་དར་ལས་སྲབ་ཟེར་བ་ཡིན་པར་འདུག དེ་ལ་ལྕགས་ཀྱི་གཟེར་རྒྱོབ་ཟེར་བ་འདི། ཁོང་རྣམས་ཀྱིས་མ་ཐོས་པ་བྱེད་ཟེར་བ་ཡིན་པར་འདུག དེ་ནས་ཡིད་བཞིན་ནོར་བུ་ལག་ཏུ་འོང་ཟེར་བ་འདི་བཙུན་མོ་དམ་པ་ཞིག་འོང་བར་འདུག་དགོངས་སོ། །”⒅ ཞེས་འཁོད་ཡོད་པ་སོགས་གང་ཡིན་ཡང་སྐད་ཆའི་ལམ་ནས་ལྡེའུ་ལ་བརྟེན་ཏེ་ཕ་རོལ་པོར་བརྗོད་པར་འདོད་པའི་དོན་བརྡ་སྤྲད་པ་ཡིན་ལ། ལྡེའུ་ལ་དེ་ལྟ་བུའི་སྤྱོད་ལུགས་སམ་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ཡོད་ཕྱིར་བོད་བཙན་པོའི་རྒྱལ་རབས་ཁྲོད་ཆབ་སྲིད་གསང་གྲོས་བྱ་བ་དང་རྒྱལ་བློན་ཕན་ཚུན་དང་དམག་དཔུང་ཕན་ཚུན་བར་གསང་བརྡ་སྤྲོད་པར་བླ་ན་འཕགས་པའི་ནུས་པ་ཞིག་ཐོན་ཡོད་པས་ན་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་གྲགས་པར་སེམས།


གསུམ། ཡིག་ལྡེའུ་བཤད་པ།

        ཡིག་ལྡེའུ་ནི་ཡི་གེའི་སྤྱོད་ཐབས་སྣ་ཚོགས་ལ་བརྟེན་ནས་བརྗོད་བྱའི་དོན་ཕ་རོལ་པོ་ལ་གསང་བའི་སྒོ་ནས་སྟོན་པ་ཞིག་སྟེ། འཛམ་གླིང་མི་རིགས་གང་ཡིན་ཡང་ཡི་གེ་བྱུང་བ་ནས་ཚད་ལྡན་དང་དཔལ་ཡོན་གྱི་དུས་རབས་ལ་ཐོན་པ་རེད་ཅེས་ཤོད་ཀྱིན་ཡོད། སྤྱིར་འཛམ་གླིང་གི་མི་རིགས་སོ་སོར་ཡི་གེ་བྱུང་བའི་དུས་ནི་ཧ་ཅང་སྔ་མོ་ཞིག་ལ་ངོས་འཛིན་གྱིན་ཡོད་མོད། རང་རེ་བོད་ལ་མཚོན་ན་ཡོངས་གྲགས་སུ་སྤྱི་ལོའི་དུས་རབས་བདུན་པར་རྒྱལ་པོ་སྲོང་བཙན་སྒམ་པོ་ཁྲི་ལ་འཁོད་རྗེས་ད་གཟོད་ཡི་གེ་བྱུང་བར་ངོས་འཛིན་གྱིན་ཡོད་པས་ཡིག་ལྡེའུའང་དེ་ཙམ་ལ་བྱུང་བར་ངོས་འཛིན་དགོས། གལ་ཏེ་བོད་རང་གི་བཀོད་སྤྱོད་བྱེད་བཞིན་པའི་ཡི་གེ་འདི་དེའི་སྔོན་ལ་བྱུང་བར་ངོས་བཟུང་ན་ཡིག་ལྡེའུའང་དེ་ལྟར་ངོས་འཛིན་དགོས་པ་ཀུན་གྱིས་མཁྱེན་གསལ་ལོ། །དེ་ཡང་ཡིག་ལྡེའུ་ལ་ནང་གསེས་ཀྱི་དབྱེ་ན་ཡི་གེའི་གྲུབ་ཚུལ་དང་གཟུགས་ལ་བརྟེན་ནས་ཕ་རོལ་པོར་གབ་བྱའི་དོན་སྟོན་པའི་རིགས་དང་ལྡེའུར་བཀོད་ཡོད་པའི་བརྗོད་པ་དེའི་ཚིག་རྐང་དང་པོར་དོན་གྱི་གནད་འཛིན་རྒྱུ་ཡོད་པའི་རིགས། གཞན་ཡང་བརྗོད་པར་འདོད་པའི་དོན་དེ་གབ་པའི་སྒོ་ནས་ཡི་གེའི་ནང་བྲིས་ཏེ་སྟོན་པ་བཅས་གསུམ་དུ་དབྱེ་ན་མི་འཚམ་པ་མེད་པར་འདོད་དོ། །དེ་ཡང་།“འདོད་འཇོ་བ་ཡི་ལག་པ་ལ། །རྡོ་རྗེ་ལེགས་པའི་རྭ་ཐུང་བཏགས། །ཐང་དཀར་རྒོད་ཀྱི་གཤོག་པ་རྐྱོངས། །མི་འགྱངས་ས་མཐར་བསྟད་ན་ལེགས། །”ཞེས་པ་ལྟ་བུ་ནི་མི་ཞིག་རྒྱལ་པོའི་ཁྲིམས་དང་འགལ་བ་ལ་དེའི་གྲོགས་པོས་ཁོ་ལ་བསྐུར་བའི་འཕྲིན་ཏེ། མྱུར་བར་ཡུལ་གཞན་དུ་མ་བྲོས་ན་ཁྲིམས་སུ་ཚུད་ཉེན་ཡོད་པས“བྲོས་ན་ལེགས”ཞེས་པའི་དོན་ཡེ་གེའི་ལམ་ནས་བྲིས་ཤིང་དེ་ལ་ཡང་གཙོ་བོ་ཡི་གེའི་གཟུགས་གྲུབ་སྟངས་ལ་སྦྱར་ནས་ཕ་རོལ་ལ་དོན་གྱི་གོ་བ་སྤྲད་པའི་ལྡེའུའི་རིགས་དང་། ཡང་བོད་རིགས་དམངས་ཁྲོད་དུ“སྔོན་ཕྱུག་པོའི་བུ་དང་དབུལ་པོའི་བུ་སྒྲ་རིག་པ་བསླབ་ཏུ་བཏང་བས། ཕྱུག་པོའི་བུ་ལེ་ལོ་དང་རྣམ་གཡེང་གི་དབང་དུ་སོང་ནས་བསླབ་སྦྱངས་ཡག་པོ་མ་འཁྱོང་བ་དང་།དབུལ་པོའི་བུས་གཉིད་ཆག་ཟས་བརྗེད་ཀྱིས་སྦྱང་བརྩོན་ལྷོད་མེད་བྱས་པས་ཡོན་ཏན་ཀྱང་མི་དམན་པ་འབྱོར། ལོ་ཤས་ཀྱི་རྗེས་ནས་ཁོ་གཉིས་ཡུལ་ལ་ལོག་པའི་ལམ་དུ་ཞུགས། ལམ་སྐེད་དུ་སླེབས་པ་ན། ཕྱུག་པོའི་བུས་རལ་གྲི་བྱུང་ནས་དབུལ་པོའི་བུ་གསད་པར་བརྩམས་པ་ན། དབུལ་པོའི་བུས་ཁོ་རང་ཐར་ཐབས་མེད་པ་ཤེས་ནས་ངས་ཡུལ་ལ་འཕྲིན་ཞིག་སྐུར། དེ་ཁྱེད་ཀྱིས་ངའི་ཕ་མ་ལ་འཕྲོད་པར་གྱིས་དང་ང་བསད་ཆོག་ཅེས་པ་ལ་ཕྱུག་པོའི་བུས་ཀྱང་ཁས་བླངས། དེ་ནས་དབུལ་པོའི་བུས‘ཐང་། གཉེན། སྐྲ། སྐེ’ཞེས་པའི་ཡིག་འབྲུ་བཞི་བསྐུར་རྗེས་ཕྱུག་པོའི་བུའི་ལག་འོག་ཏུ་ཤི་བ་རེད། ཕྱུག་པོའི་བུས་ཀྱང་ཡི་གེ་དེ་དབུལ་པོའི་བུའི་ཕ་མ་གཉིས་ལ་སྤྲད་པས་ཁོང་གཉིས་ཀྱིས་ཡི་གེ་མི་ཤེས་པས་ས་དེའི་སྒྲ་པ་གྲགས་ཅན་ཞིག་ཡོད་པ་དེ་བཙལ་ནས་བསྟན་པ་ན། སྒྲ་པས་ཡུན་རིང་དཔྱད་པ་བཏང་མཐར‘ཐང་མུ་མཐའ་མེད་པའི་ལུང་སྟོང་དུ། །གཉེན་གྲོགས་ཀྱི་བློ་ཁ་དགྲ་ལ་འགྱུར། །སྐྲ་གསེར་གྱི་རལ་བ་སྤྱི་བོར་བཅིངས། །སྐེ་རལ་གྲི་རྣོན་པོས་ལྡུམ་སེ་བཅད། །’ཅེས་དཀྲལ་བ”ལྟ་བུར་མཚོན་ན། ཐ་སྙད་བཞི་པོ་འདིའི་སྟེང་ན་བརྗོད་པར་འདོད་པའི་དོན་ཏེ་འཚོལ་རྒྱུའམ་དཀྲོལ་རྒྱུ་ཡོད་པའི་ལྡེའུ་རིགས་དང་།གཞན་ཡང་སྒྲུང་མཁན་གྲགས་པས་གསུངས་པའི《རྒྱ་གླིང》དུ། རྒྱ་རྗེ་ཀ་ར་ཀུར་ཀོན་གྱི་བཙུན་མོ་སྲིན་མོ་ཉི་མ་ཁྲི་སྐྱིད་ཚེ་ལས་འདས་པ་དང་ཚེ་དུས་ཁར་རྒྱལ་པོ་ལ། ངའི་རོ་དེ་སྨན་སྣ་ཚོགས་དང་ཟ་འོག་གོས་དར་སྣ་ཚོགས་ཀྱིས་བཏུམས་ནས་ལོ་དགུ་དང་ཟླ་བ་དགུ། ཞག་མ་དགུ་ལ་རྒྱལ་པོས་རུམ་ནས་སྡོད་དང་ཕྱིར་སོས་འོང་ཞེས་ཁ་ཆེམ་བཞག་པས་རྒྱལ་པོ་ལ་སྲིན་མོས་དམ་གྲིབ་ཕོག་པས་ཉི་མ་ཉི་མཛོད་ནང་དུ་བཅུག །ཟླ་བ་ཟླ་མཛོད་ནང་དུ་བཅུག །སྐར་མ་སྐར་མཛོད་ནང་དུ་བཅུག །རྒྱ་ནག་མུན་པའི་གླིང་དུ་བསྒྱུར་ཏེ་དེ་ལུགས་བགྱིས་པས། རྒྱ་ཁྲིམས་དར་བུ་མོ་སྤུན་བདུན་གྱིས་ཤེས་ཏེ་གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ནག་ལ་གདན་དྲངས་ནས་སྲིན་མོའི་རོ་མེད་པར་བཏང་ཞིང་རྒྱལ་པོ་གྲིབ་ལས་སེལ་བར་བྱ་དགོས་པར་སེམས་ནས་གླིང་ཡུལ་དུ་བསྐུར་བའི་བརྡ་ཡིག་ཏུ“ཡབ་སེང་བློན་མ་ཤི་སྙིང་ཤ་དགོས། །ཡུམ་འགག་ཟ་མ་ཤི་སྙིང་ཁྲག་དགོས། །སྲི་འབྲུག་མོ་མ་ཤི་ཨ་འབྲས་དགོས། །རྟ་རྐྱང་པོ་མ་ཤི་སུག་པ་དགོས། །……མདའ་རྐྱེན་པོ་བརྒྱ་ཡི་འཐེབ་རྩེ་དགོས། །ཕོ་སྐྱེ་ཡག་བརྒྱ་ཡི་ངོ་ལྤགས་དགོས། །དེ་ཤི་ལེ་མི་ཆོག་གསོན་ལེ་དགོས། །ཤུགས་ཆེན་བརྒྱ་ཡི་དཔུང་ཡ་དགོས། །དེ་ཤི་ལེ་མི་ཆོག་གསོན་ལེ་དགོས། །ཁ་བདེ་མོ་བརྒྱ་ཡི་ལྕེ་རྩེ་དགོས། །དེ་ཤི་ལེ་མི་ཆོག་གསོན་ལེ་དགོས། །……”⒆ཞེས་བྲིས་ཡོད་པ་ལ་གླིང་བ་རྣམས་ཀྱིས་ཅི་ཡིན་འདི་ཡིན་གྱི་དོན་མ་གོ་བར་གནས་པ་ལ། གདོང་ཁུ་བོ་རོང་ཚ་ཁྲ་རྒན་གྱིས་དོན་གྱི་གོ་བ་ལོན་ཏེ“ཡབ་སེང་བློན་མ་ཤི་སྙིང་ཤ་གཅིག །ཡུམ་འགོག་བཟའ་མ་ཤི་སྙིང་ཁྲག་གཉིས། །སྲུ་འབྲུག་མོ་མ་ཤི་ཨ་འབྲས་གསུམ། །རྟ་རྐྱང་པོ་མ་ཤི་སུག་ལག་བཞི། །རྒྱ་ལ་འཛོམས་དགོས་ཟེར་བའི་དོན། ། དཔྱད་བཞག་ན་སེང་ཆེན་ཁྱེད་ལ་ཟེར། །སེང་ཆེན་མི་རྟ་གཉིས་པོ་དེ། །ནག་པོ་རྒྱ་ལ་ཕེབས་དགོས་གདའ། ། མདའ་རྐྱེན་པོ་བརྒྱ་ཡི་མཐེབ་རྩེ་དགོས། །ཟེར་ལེ་དཔྱད་ན་འདན་མ་རེད། །དགུང་གི་ཉི་ཟླ་སྐར་གསུམ་དེ། །ནག་ནག་མུན་པའི་གླིང་ནས་འཐེན། །འཇིག་རྟེན་ཉི་ཟླ་འཕྲོ་ལེ་དགོས། །འདན་མ་རྒྱ་ལ་ཕེབས་དགོས་གདའ། །ཁ་ བདེ་མོ་བརྒྱ་ཡི་ལྕེ་རྩེ་དགོས། །ཁ་ལན་ཁ་རྩོད་རྒྱལ་ལེ་གཅིག །ལྕེ་ལ་མདུད་པ་མེད་ལེ་གཉིས། །དོན་འབྲས་ཚིག་ལ་སྨིན་ལེ་གསུམ། །དཔྱད་ན་མི་ཆུང་ཁ་བདེ་རེད། །གཏམ་གྱི་རྒྱལ་ཁ་ལེན་དགོས་གདའ། །མི་ཆུང་རྒྱ་ལ་ཕེབས་དགོས་གདའ། །སྐྱེ་ཡག་བརྒྱ་ཡི་ངོ་ལྤགས་དེ། །དཔྱད་ན་ཉི་མ་རང་ཤར་རེད། །སྐྱེས་གཟུགས་གོང་བ་ལེན་དགོས་གདའ། །……”⒇ཞེས་དོན་བརྟོལ་བ་ལྟ་བུ་ནི་གསང་བའི་ལྡེའུ་དེ་ཡི་གེ་དངོས་ལ་བྲིས་ཏེ་ཕ་རོལ་པོར་དོན་གྱི་དམིགས་སྤྲད་པའི་ལྡེའུ་རིགས་སུ་གཏོགས་སོ། །

གོང་ནས་བཀོད་པའི་དཔེ་གཞི་འདི་དག་ལས་རང་རེའི་མི་རིགས་འདི་ཉིད་ཀྱིས་ལོ་ངོ་ཁྲི་སྟོང་མང་པོའི་རིང་མཚོ་བོད་མཐོ་སྒང་གི་སྟེང་ནས་རིག་གནས་ཆབ་སྲིད། དཔལ་འབྱོར་དམག་དོན་བཅས་ཀྱི་མཛད་འཕྲིན་རྒྱ་ཆེར་སྤེལ་སྐབས་དྲག་ཤུགས་དང་གཡུལ་འགྱེད། གླེན་རྟགས་ཁོ་ན་ཙམ་ལ་མ་བརྟེན་པར་བློ་རིག་དང་ཐབས་ཤེས་ཀྱིས་འཛམ་གླིང་ན་ངོམས་རིན་ཡོད་པའི་རིག་གནས་བསྐྲུན་པ་དང་། མཐའ་བཞིའི་རྒྱལ་ཕྲན་འབངས་སུ་བསྡུས་ཤིང་མངའ་འབངས་བུ་བཞིན་བསྐྱངས་པ་རྗེས་སུ་དཔག་པས་ཤེས་ནུས་སོ། །


གསུམ་པ། ལྡེའུའི་ཁྱད་ཆོས་བཤད་པ།

            འདི་ལྟར་ལྡེའུ་ནི་བོད་མི་རིགས་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཤིག་ཡིན་པས་བོད་མི་རིགས་རང་གི་རིག་གནས་དང་ཁོར་ཡུག་གི་ཁྱད་ཆོས་ལྡན་པ། བཙན་པོའི་ཆབ་སྲིད་སྐྱོང་བ་ལ་འདས་ཏེ་དོན་ཆེ་མ་ཆུང་ཕྲ་གང་ལའང་བཀོལ་ཆོག་པས་སྤྱོད་སྒོ་ཡངས་པའི་ཁྱད་ཆོས་ལྡན་པ་མ་ཟད་རིག་སྟོབས་འཕེལ་བ་དང་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་ནུས་པ་ཡང་བླ་ལྷག་ལྡན་ནོ། །


གཅིག མི་རིགས་ཀྱི་ཁྱད་ཆོས་ལྡན་པ།

        ལྡེའུ་ནི་བོད་མི་རིགས་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་ཞིང་། བོད་ཀྱི་རིག་གནས་ཁོར་ཡུག་ནས་ནར་སོན་ཏེ་བཀོལ་སྤྱོད་བྱས་པ་ཞིག་ཡིན་ཕྱིར་ལྡེའུ་སྤྲོད་བྱེད་ཀྱི་རྫས་དང་སྐད་ཆ། ཡི་གེ་གང་ཡིན་ཡང་བོད་ཀྱི་ཡུལ་དང་བོད་ཀྱི་སྤྱི་ཚོགས། རིག་གནས་ཀྱི་རྒྱབ་ལྗོངས་སོགས་དང་འབྲལ་ཐབས་མེད་དེ། གལ་ཏེ་བོད་རང་གི་རིག་གནས་དང་འབྲེལ་བ་མེད་པའི་རྫས་སོགས་གང་རུང་ཞིག་གིས་ལྡེའུ་སྤྲད་ན་དོན་གྱི་གོ་བ་ལོན་མི་སྲིད་དེ། དེ་བཞིན་དུ་བོད་ཀྱི་སྤྱོད་རྒྱུགས་ཆེ་བའི་རྫས་དང་སྐད་ཆ་གང་རུང་ཞིག་གིས་མི་རིགས་གཞན་ཞིག་ལ་ལྡེའུ་སྤྲད་ནའང་གོ་མི་སྲིད་དེ། དཔེར་ན། དཔེ་གཞི་དང་པོ་སྟེ། བྱུ་རུ་དང་རྭ་ཅོ་བསྐུར་བ་ལྟ་བུར་མཚོན་ན་བོད་དང་བོད་ཀྱི་རིག་གནས་འཚོ་བ་ལ་རྒྱུས་མེད་ཚེ“གཡག་རོག་རོག་ལ་རྭ་རྡོ་སྤྲད་པ”ནང་བཞིན་མགོ་གཡུག་ནས་འདུག་པ་ལས་དོན་གྱི་གོ་བ་ཅི་ཡང་ལོན་མི་སྲིད་པས་ལྡེའུ་ལ་ཐོག་མར་མི་རིགས་ཀྱི་ཁྱད་ཆོས་ལྡན།


གཉིས། སྤྱོད་སྒོ་ཡངས་པའི་ཁྱད་ཆོས་ལྡན་པ།

       ལྡེའུ་ལ་གབ་བྱེད་རིགས་མི་འདྲ་བ་ལ་བརྟེན་ནས་ཡུལ་བྱེ་བྲག་ལ་དོན་ཁྱད་པར་ཅན་སྟོན་པ་ལས། སྤྱིར་བཏང་གི་ཁེད་དེ་ཀ་པས“རི་གསུམ་རྩེ་ལ་བྱ་ཞིག་བབས། བྱ་དེའི་ཁོག་པ་བྱུ་རུས་གང་ཅི་ཁེད”ཅེས་པ་ལ་ཁ་པསགྲོ་མ་བཙོས་པ་རེད”ཅེས་ལན་སྐྱོན་པ་ལྟར་བརྗོད་དོན་གཏན་འཁེལ་ཅན་ནམ་སྣ་རྐྱང་ཅན་མིན་པ་དང་། སྤྱོད་ཡུལ་གྱི་ཆ་ནས་ཀྱང་བྱིས་པའི་བློ་སྒོ་འབྱེད་པ་དང་རང་བྱུང་ཚན་རིག་ངོ་སྤྲོད་བྱེད་པ་ལས་འདས་ཏེ། རྒྱལ་བློན་གསང་གྲོས་བྱེད་པ་དང་དོན་ཆེན་གསང་བརྡ་གཏོང་བ་སོགས་སུ་བཀོལ་རྒྱ་ཆེ་བ་མ་ཟད། “ཚོགས་དབུས་ལང་ཚོ་རབ་རྫོགས་ཟླ་བཞིན་མས། །དངུལ་དཀར་དྲི་མེད་ལས་གྲུབ་བཞིན་གྱི་སྣོད། །མཁའ་ལ་འཕྱར་ཏེ་ས་གཞིར་བཙུགས་པའི་འགྲམ། །ཀུནྡའི་མེ་ཏོག་ཟུང་ཞིག་བཞག་ནས་སོང་། །”(21)ཞེས་པ་ལྟ་བུ་དང“མགོ་ལྷ་རིའི་གུར་ཁང་ནང་ནས། །མིག་ཁྲ་རིལ་སྐོར་ར་བརྡ་རྒྱོབ། །བརྡ་རྒྱོབ་དང་སྡེ་པས་མི་ཤེས། །རོགས་འུ་གཉིས་སེམས་ན་ལོས་ཡོད། །……”ཅེས་པ་ལྟ་བུའི་ན་ཆུང་ཕོ་མོས་དུས་ཆད་བྱེད་པ་དང་ནང་སེམས་ཀྱི་དུང་པ་རྣལ་མ་དེ་ཕན་ཚུན་སྟོན་ཆེད་ཀྱང་བཀོལ་གྱིན་ཡོད་པས་ལྡེའུ་ལ་སྤྱོད་སྒོ་ཡངས་པའི་ཁྱད་ཆོས་ལྡན།


གསུམ། བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱ་བའི་ཁྱད་ཆོས་ལྡན་པ།

           ལྡེའུ་ནི་བོད་རིགསམི་དམངས་ཀྱིས་ལོ་ངོ་ཁྲི་སྟོང་མང་པོར་བཀོལ་སྤྱོད་དང་བརྒྱུད་སྤེལ་བྱས་པ་མ་ཟད། བོད་མི་རིགས་འདི་ཉིད་ཀྱི་དོན་ཆེ་མ་ཆུང་ཕྲ་གང་ཡིན་ཡང་ལྡེའུ་སྤྲོད་པར་དགའ་བ་དང་བསམ་བློ་གཏོང་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་ཕྱིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“བློན་པོ་འདྲ་བ་ཞིག་གིས་འདི་བྱས་ན་ཤར་གྱི་རི་ནུར་དེ་ནུབ་ཀྱི་མཚོ་ཁ་བཅད་ཡོང་ཞེས་སྨྲས་པ་ལ། རྒན་མོ་རིག་པ་ཅན་རྣམས་ཀྱིས་དེའི་ཅི་ཡིན་ཞེས་ཉིན་མང་པོ་བསམ་བློ་གཏོང་བ་སོགས་བྱེད”ཅེས་པ་ནང་བཞིན་ལྡེའུ་ལ་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པའི་ཁྱད་ཆོས་ལྡན་ནོ། །
འདི་དག་ལས་རང་རེའི་མི་རིགས་འདིས་ལོ་ངོ་ཁྲི་སྟོང་མང་པོའི་རིང་མཚོ་བོད་མཐོ་སྒང་དུ་རིག་གནས་ཆབ་སྲིད། དཔལ་འབྱོར་དམག་དོན་བཅས་ཀྱི་མཛད་འཕྲིན་རྒྱ་ཆེར་སྤེལ་སྐབས་དྲག་ཤུགས་དང་གཡུལ་འགྱེད། གླེན་རྟགས་ཁོ་ན་ཙམ་ལ་མ་བརྟེན་པར་བློ་རིག་དང་ཐབས་ཤེས་ཀྱིས་འཛམ་གླིང་ན་ངོམས་རིན་ཡོད་པའི་ལོ་རྒྱུས་དང་རིག་གནས། མཐའ་བཞིའི་རྒྱལ་ཕྲན་འབངས་སུ་བསྡུས་ཤིང་མངའ་འབངས་བུ་བཞིན་བསྐྱངས་པ་རྗེས་སུ་དཔག་ནུས།
མདོར་ན་བོད་ཀྱི་གནའ་དེང་གི་རིག་གནས་འཕེལ་རྒྱས་ཁྲོད་དུ་ལྡེའུས་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། ལྷག་དོན་བོད་རིག་པའི་ཞིབ་འཇུག་གི་རྦ་རླབས་འཛམ་གླིང་གི་ཡང་རྩེར་འཕྱོ་བའི་དུས་རབས་ཉེར་གཅིག་གི་དུས་འདིར་དོན་དམ་པའི་སྟེང་ནས་ལྡེའུ་ལ་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེན་ནང་གི་གཙིགས་ཆེན་ཡིན་པས་ཕྲན་གྱིས་འདི་ལ་དཔྱད་པ་གཏོང་ཁུལ་ཙམ་བྱས་པ་འདིར་གཟུར་གནས་བློ་ལྡན་རྣམ་པས་དགོངས་འཆར་ལྷུག་པོར་སྩོལ་རོགས་ཞུ།

 


དཔྱད་གཞིའི་ཡིག་རིགས།
①<<བཀའ་ཐང་སྡེ་ལྔ>> [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།2010ལོ།ཤ10
②རྒྱལ་དབང་ལྔ་པ་ཆེན་མོ། <<བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>> [M] མི་རིགས་དཔེ་སྐྲུན་ཁང་། 1988ལོ། ཤ13
③མཁས་པ་ལྡེའུ།<<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ>>[M] 2010ལོ། ཤ236
④དུང་དཀར་བློ་བཟང་འཕྲིན་ལས། <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ>>[M] ཞང་ཀང་ཐེན་མ་དཔེ་སྐྲུན་ཀུང་སི། 2000ལོ། ཤ8
⑤⑥⑦ རུས་པའི་རྒྱན་ཅན། <<རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར>>[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2004ལོ།ཤ42 ཤ43 ཤ45
⑧⑨ དོན་གྲུབ་རྒྱལ།<<དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ>> པོད་བཞི་པ། བསྒྱུར་རྩོམ་ཕྱོགས་བསྒྲིགས། [M] 1997ལོ། མི་རིགས་དཔེ་སྐྲུན་ཁང་། ཤ276
⑩⒀⒁གཉའ་གོང་དཀོན་མཆོག་ཚེ་བརྟན།<<བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང>>[M] 2001ལོ། ཤ50  ཤ24  ཤ354–359
⑾ འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད། <<བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས>>[M] 2005ལོ། ཤ348
⑿<<ཧོར་གླིང་གཡུལ་འགྱེད>>སྨད་ཆ[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1961 ཤ200—201
⒂⒃ ས་སྐྱ་བསོད་ནམས་རྒྱལ་མཚན། <<རྒྱལ་རབས་གསལ་བའི་མེ་ལོང>>[M] མི་རིགས་དཔེ་སྐྲུན་ཁང་། 2008ལོ།  ཤ110—120
⒄⒅ <<གཟུགས་ཀྱི་ཉི་མའི་རྣམ་ཐར>>[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008ལོ། ཤ15—16
⒆⒇སྒྲུང་མཁན་གྲགས་པ། <<རྒྱ་གླིང>>[M] མི་རིགས་དཔེ་སྐྲུན་ཁང་། 1999ལོ། ཤ37–38
(21) དུང་དཀར་བློ་བཟང་འཕྲིན་ལས། <<སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད>>[M] མི་རིགས་དཔེ་སྐྲུན་ཁང་། 2001ལོ།ཤ368

༢༠༡༢ལོའི<<བོད་ལྗོངས་ཞིབ་འཇུག>>དེབ་དང་པོ་ལས་དྲངས།    

ངེད་དྲ་ཚིགས།

1 Comment on ལྡེའུའི་བྱུང་འཕེལ་དང་ཁྱད་ཆོས་སྐོར་གླེང་བ།

  1. གནམ་ལྷོ། // 06/13/2015 at 1:19 pm // Reply

    ལེགས་རྩོམ་རེད། བཀླགས་ཟིན

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s