གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་དུམ་བུ་འགའ།

བཞུད་སོང་བ་དག་བདེ་མོ།

དོ་ནུབ།
མུན་པར་ཕྱོགས་ཏེ་རོལ་དབྱངས་ལ་ཉན་ཡོད།
རྒྱང་རིང་གི་མེ་ཕུང་ཁོ་ནས།
ངའི་མིག་ཟུང་ལ་བྱམས་བརྩེ་ཡང་ཡང་བསྐྱལ་བྱུང་།

ཁྱེད་ཀྱི་གཤོག་ཟུང་གིས་བདག་ལ་ཅི་ཞིག་བསྐྱལ་ཡོང་།
མཛེས་སྡུག  འཆར་ཡན།   དྲན་གདུང་སྨྲེང་སྐྱོ།
ཡུན་ཐུང་གི་རྨི་ལམ་དང་དགོད་སྒྲ་ཡོད་ཚད།  གཅིག་ཏུ་སྦྲེལ་ཏེ།
འཇིག་རྟེན་ལ་སྐེག་ཚོས་མང་དུ་བྱུགས་ཀྱང་།
ཉི་འོད་དང་མུན་པའི་བར་གླགས་ནས།
ངས་ད་གཟོད་རྨི་ལམ་ཁོ་ན་འོད་དུ་འཚེར་བ་རྟོགས།

སྙིང་ཉེ་བའི་རི་ཐང་དང་ས་གཞི་ཡོད་ཚད་ཡ།
ང་རང་ཡང་བསྐྱར་ཁྱེད་ཀྱི་ཕང་དུ་ལོག་འདོད།
དུས་གཏན་དུ་ལོག་འདོད།

༢༠༡༤ ༡ ༡ཉིན་བྲིས།


གངས་ཉིལ་བ། 

ཉིན་འདི་ཚོར་བརྙན་འཕྲིན་ལས་གངས་ཉིལ་ཚུལ་བཤད་ཀྱིན་འདུག
ངའི་རྨི་ལམ་དུ་ཡང་གངས་ཉིལ་གྱིན་འདུག

གངས་རིའི་ལྷ་སྒྲུང་གི་གསང་བ་ཉིལ་གྱིན་འདུག

འོད་ཆེམ་ཆེམ་གྱི་ས་གཞིའི་སྤྱི་གཙུག་ནས།
སུ་ཞིག་གི་དྭངས་གཙང་ཉིལ་གྱིན་འདུག
མཛེས་སྡུག་ཉིལ་གྱིན་འདུག

དངོས་ཡོད་ལྟ་བུའི་ངོ་གདོང་ཉིལ་གྱིན་འདུག
སྦས་སྐུང་གི་ལོ་ཟླ་ཉིལ་གྱིན་འདུག

མཚན་གུང་དུ་ང་རང་ཉིད་ཀྱང་ཉིལ་གྱིན་འདུག

༢༠༡༤ ༤ ༣༠ཉིན།


དོ་ནུབ་མུན་པར་འཁྱུད་ཡོད།

འོད་ཀྲིག་ཀྲིག་གི་མཁའ་མཐའི་སྐར་རྒྱུན་རེ་རེ་ཡིས།
ཡིད་དུ་ཡོང་བའི་གསེར་མདོགས་ཀྱི་གཏམ་རྒྱུད་རེ་རེ་སྒྲིག་བྱུང་།
ད་དུང་སྟོང་སང་སང་གི་མཚན་མོ་འདིའི་མིག་ཟུང་གིས།
ང་ལ་གནས་ལུགས་རེ་རེ་འགྲེལ་བརྗོད་བྱེད་ཀྱིན་ཡོད།

རང་ཉིད་རང་ཉིད་ལས་སུ་ཡིས་ཀྱང་རྟོག་མི་སྲིད་པས།
འཕང་སེམས་དང་བློ་འགྱོད་མེད་པར་མུན་ནག་ལ་བསྲེས་དང་།
དེ་ཡིས་ཁྱེད་ལ་སང་ཉིན་གྱི་འོད་སྣང་ཁྱེར་ཡོང་ཟེར།

འདི་ལྟར་ཆེས་ཁེར་རྐྱང་གི་དུས་སུ།
མུན་པ་ནི་ང་དང་ཆེས་ཉེ་བའི་གཏོས་གཟུགས་གཞན་ཞིག་ཡིན་ནམ།
དེ་ལས་ཚིག་འབྲུ་མེད་པའི་དབྱངས་འགྲོས་དག་ལྷོད་ཀྱིས་བཞུར་ཡོང་དུས།
ཁུ་སིམ་སིམ་གྱི་ལམ་ཕྲན་ཞིག་ད་དུང་རྒྱང་ན་ཡོད་པ་ཚོར།

དོ་ནུབ་རང་སེམས་ཀྱི་ཟུར་ངོས་རེ་རེ་འདི་ལྟར་ཐ་སྙད་ཀྱིས་བསྒུལ་ཡོང་དུས།
རང་ཉིད་ནི་འབར་ཆོག་ཆོག་གི་མེ་ལྕེ་ཞིག་ཡིན་པ་གཞི་ནས་ཚོར།

དེ་བས་ད་ནི་སུ་ལ་འཁང་ར་བྱེད་མི་སྲིད།
རྒྱུ་མཚན་རང་ཉིད་ལ་རང་ཉིད་ཀྱི་ངག་གི་གཙང་བོ་དང་མིག་གི་མཚོ་མོ་ཡོད་པས
ནུབ་ཏུ་མེད་པའི་ནང་སེམས་ཀྱི་གླིང་ཕྲན་འདི་ང་ཁོ་ནས་བརྒལ་ཆོག་ཨང་།

སྙིང་ཉེ་བའི་བདག་གི་ཡོད་ཚད།
མདུན་ཕྱོགས་ནི་ཁྱེད་ཀྱི་གཤོག་ཟུང་དང་ང་ཡི་ས་གཞི་ཡིན་ན།
དེ་རུ་མུན་པ་མ་ཡིན་པའི་ནམ་མཁའ་གཞན་ཞིག་ཡོད་སྲིད་པས།
ངས་དོ་ནུབ་ཀྱི་ལྷང་འཇགས་འདི་ལྟར་ཁེར་རྐྱང་གིས་གཞལ་འདོད།

༢༠༡༥ ༦ ༧མཚན་མོར་བྲིས།


མཐོང་མི་ཐུབ་པའི་ཁྱེད།

རི་བོ་ཆག་འཇིག་གིས་བསྐྱོམས་པའི་ས་སྲོད་འདིར།
ཁྱེད་འོང་བ་འཕྱི་སོང་།
མེ་ཏོག་གི་དུས་ཚིགས་སྐམ་ཤུལ་ན།
རྩྭ་ཕྲན་ཁོ་ནས་སྨྲེང་གླུ་གྱེར་ཚུལ།
ངས་སུ་ལ་ཡང་བཤད་མི་འདོད།

ད་ནི་གསེར་མདོག་གི་སྟོན་ཀ་ཞིག་རྨི་ལམ་ལ་སྦྲུམ་ཡང་།
བོར་བཞིན་པའི་སྦྲ་ནག་གི་གཏམ་རྒྱུད་རེ་རེ།
ངས་སེར་སྣའི་ལག་ཟུང་གིས་སྐྱོར་བཞིན།
གང་དུ་འགྲོ

ལྷ་སྒྲུང་ནང་གི་འདས་སོང་གི་ལོ་ཟླ།
སུ་ཞིག་གི་བྱིས་དུས་ཀྱི་ནམ་མཁའ་དང་ས་གཞི་ཡིན།
སྨིན་དྲུག་བག་ལ་ཆས་པའི་ངག་སྒྲུང་གི་གཏིང་རིམ་ནས།
བདག་གི་མེས་པོའི་སྲ་མཁྲེགས་ཀྱི་རུས་པ་གང་དུ་ཡལ་སོང་།
རྫི་བོ་མེད་པའི་དུས་ཚིགས་འདིའི་ཞོགས་ཁ་ནས།
མིག་ཟུང་ཁོ་ན་རྒྱང་ལ་ཡང་ཡང་གཏད་དོན།
མཐོང་མི་ཐུབ་པའི་ཁྱེད་ཀྱི་ཆེད་དུ་ཡིན།

༥/༤/༢༠༡༥


རྨི་ལམ་དཀར་པོ།

ཉི་འོད་ཧ་ཅང་འཇམ་པའི་ཞོགས་པ་ཞིག་ལ།
ངས་དཀར་གཙང་གི་གངས་རི་ཞིག་རྨི་ལམ་དུ་བབས་ཚུལ།
གཟབ་ནན་གྱིས་ཡི་གེར་ཕབ་བཞིན་ཡོད།

དབུ་རྩེ་ཉི་འོད་ལ་ཕྱོགས་ཤིང་།
སྤྱན་ཟུང་མཚོ་མོར་ཟུག་པའི་གངས་རི་དེ།
ངའི་རྟོག་བཏགས་ཀྱི་ཡིད་ངོས་སུ་དལ་གྱིས་འཁྱིལ་ཞིང་།
དྲན་སྣང་གི་དབྱངས་འགྲོས་ལས་ཁད་ཀྱིས་བཞུར་བྱུང་།

སུ་ཞིག་གི་རྨི་ལམ་འོ་ཞོ་རུ་བསྙལ་བའི་ཚོན་མདོག་དཀར་པོ།
མཚན་མོ་རེ་རེར་རྨི་ལམ་གྱི་སྒོ་མོ་རྡུང་བའི་སྐྱ་མི་དེ་ཡིན་ནམ།
དུས་ཚིགས་དང་ལོ་ཟླའི་ཤོག་ལྷེ་གསང་འཕྲིན་ལ་འབྲི་བཞིན།
འདི་ལྟར་བྲེལ་སྟོབས་ཀྱིས་འོང་ཞིང་།
སུ་ཞིག་གི་ལུས་ངག་ཡིད་གསུམ་ལ་དམ་དུ་འཁྱུད་པས།
ང་ནི་ནམ་ཡང་རང་ཉིད་ལ་དངངས་ཤིང་སྐྲག་པའི་ཉེས་ཅན་ལ་འཁྲུལ།

༢༠༡༥ ༦ ༨ཉིན་བྲིས།


ཉི་འོད་འབོད་པ།

རི་ཆུའི་མིག་ཟུང་ཐག་རིང་ན་ཡོད་དམ།
བདག་གིས་བརྩེ་འདང་གི་དབྱར་ཁ་ཆར་རྒྱུན་ལ་བཀྲུ་བཞིན།
དྲན་འོས་པ་མང་པོ་ཞིག
མཛེས་སྡུག་གི་ཡིག་འབྲུ་ལ་བརྐོས་ཡོད།

མ་གཞི་མི་ཚེ་ནི་ཁ་དོག་གི་ལྡེབས་རིས་ཤིག་ཡིན་ན།
ཡོད་ཆོག་ཆོག་གི་དགའ་སྐྱོའི་ཚོར་བ་མཐའ་དག
དེ་རུ་འགུལ་བསྐྱོད་ཀྱི་རྣམ་པས་འཁྱུག་བྲིས་སུ་ཕབ་ཆོག་ཨང་།

སྣུམ་ཤིག་ཤིག་གི་ཚོན་མདོག་རེ་རེ་ལས།
ཚེ་སྲོག་གི་འཕག་འཚག་རེ་རེ་མཐོང་སྲིད་དམ།
ཧ་ཅང་ཞི་འཇགས་ཀྱི་མཚན་མོ་འདིའི་གཏིང་རིམ་ནས།
བདག་གིས་རྨི་ལམ་དང་དགའ་བ་ཡོད་ཚད་འོད་དུ་སྦྲུམ་ཆོག་གམ།

དུས་ཚིགས་དང་ལོ་ཟླ་རྫོགས་མེད་ཅིག་ལ།
སེམས་དང་སེམས་པའི་བར་ནས།
རྨི་ལམ་གྱི་སྒོ་མོ་ཅི་ཙམ་ཕྱེས་མྱོང་།
བདག་གིས་གཟབ་ནན་གྱིས་འཚོལ་བཞིན་པའི
རང་བྱུང་ཁམས།  ཁྱེད་ཡོད་པས་ང་འདི་ལྟར་རེ་སྨོན་ཁྲོད་འཚོས་ཆོག་ཨང་།

2015    6  9།


མཚན་མོ། ལམ།ད་དུང་གཞན་དག

མཚན་མོ་སུ་ཞིག་གི་རྟོགས་འགྱུ་འཚོལ་སའི་འཇིག་རྟེན་ཡིན།
སྨག་ནག་པའི་མཚན་མོའི་མིག་ཟུང་ལ་ཁེན་ནས།
ང་རང་མུ་མཐའ་མེད་པའི་ཐ་སྙད་ཀྱི་ཐང་ཆེན་ནས་འདི་ལྟར་ལམ་དུ་ཆས་ཏེ།
སྙིང་ཉེ་བའི་ནང་སེམས་ཀྱི་སྐད་ཆ་རེ་རེ་ཧ་ཅང་སེར་སྣས་སྨྱུག་རྩེ་ལ་བླངས་ཏེ།
སུ་ཞིག་ལ་འདྲེན་པར་སྟ་གོན་ལ་འབྲེལ་ཡོད།

དུས་རྒྱུན་ཁུ་སིམ་སིམ་གྱི་མཚན་མོ་འདིའི་མངའ་ཐང་ལ་འཇུ་ཐེངས་རེར།
རང་ཉིད་ནམ་ཡང་ནུབ་པ་མེད་པའི་རྟོགས་བཟོ་ལ་བསྐྲུན་བཞིན།
ཚེ་སྲོག་ཞིག་གི་བསྐྱར་གསོན་ལ་འབོད་པ་ཡང་ཡང་།བཏང་།

དུས་ཚིགས་གང་དུ་གཏོགས་ཀྱང་མཚན་མོ་ཡོད་ན།
ད་གཟོད་རྣམ་ཤེས་མུན་པར་བསྲེས་ཆོག་ལ།
སྡུག་ཡུས་ངག་རྟ་རུ་བཀུག་ཆོག་ཨང་།

སྒེའུ་ཁུང་མེད་པའི་མཚན་མོ་འདི་ཁོ་ན།
ངའི་གཅེར་གཟུགས་ཤོང་སའི་འཇིག་རྟེན་ཡིན་ནམ།

༢༠༡༥ ༦ ༤ཉིན།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s