__ སྨྱུག་མདའ། 

རྨི་ལམ་ལ་གྲིབ་མ་ཁེན་ནས
ངས་རང་གི་འཚོ་བ་ལ་རྣ་རྒྱན་བཏེགས
ས་ཆེན་པོའི་གས་སྲུབས་ལས་བཞུར་བ
འཆར་ཡན་གྱི་ཡིག་འབྲུ་དེ་གཉིས་རེད
དེ་ནི་རྨི་ལམ་ལ་སྙེག་ཤེས་པ་ནས་བཞུར་གྱིན་ཡོད

དེ་རིང་སུན་སྣང་ཡོད་ཚད་སྣོད་ཅིག་ཏུ་བླུག་སྟེ
ཉི་མ་ཞིག་བོར་སོང་བ་གླེང་གིན་ཡོད
བརྡ་སྤྲོད་ཀྱིན་མེད་པ་གླེང་གིན་ཡོད
ངས་དེ་ལྟར་གླེང
འོན་ཀྱང་ཤི་བོ་ཞིག་ཡིན་པ་ད་རུང་ཤེས་ཐབས་བྲལ

དོ་དགོང་སྙན་ངག་ཅིག་བཀླག་ན་འདོད
རིང་ནས་རིང་དུ་སོང་བའི་སྙན་ངག་ཅིག་བཀླག་ན་འདོད
ཡིད་ཀྱི་ཟབ་ས་ནས་སྒོམ་པའི་ཟླ་ཚེས་དེ་བཀླག་ན་འདོད
རྣམ་ཤེས་ཀྱི་རོལ་དབྱངས་དེ
ཇི་ལྟར་མཉན་ན་དེ་ལྟར་དུ་ལྷུར་ལེན་དཀའ

ངས་རང་ཉིད་ཀྱི་ཚོར་བ་འབྲད་ཐེངས་རེ་རེར
རྣམ་རྟོག་གི་ཉག་མ་ཤོག་སྐྱ་ཐེད་པོ་ཞིག་ཏུ་བཀད་དེ
ཚེ་སྲོག་ལ་སྒྲོ་སྤུའི་རང་རྣམ་ཞིག་སྐད་ཅིག་ལ་བྲིས་སྐབས
སེམས་ཉིད་ཀྱི་ངོ་བོ་ཤང་ཤང་དུ་གྱུར
མ་གཞི་ཚི་དྲག་གིས་ང་བཀབ་པ་ཡིན་ནམ
བུད་མེད་ཅིག་ཚི་དྲག་ངོས་ལ་འབྱར་གྱིན་འདུག
བུད་མེད་དེའང་ཚི་དྲག་གིས་ཟོས་འདུག

2015.5.15 ཕྱི་དྲོ།

ངེད་དྲྭ་ཚིགས།

དཔྱད་མཆན་སྤེལ།

%d