གངས་རིའི་ཞོགས་ཉི།

གཟུངས་ཕྱུག་སྐྱིད།

____འོད་ཀྱི་ཐེམ་སྐས་བརྒྱད་ཅུ།

གངས་རིའི་སྤྱི་གཙུག་ན་འོད་དུ་འཚེར་བའི
ལྷ་སྒྲུང་གི་གསང་བ་དེ་ཁྱེད་ཡིན་ནམ
ལྷ་ཆེན་གྱི་བཞུགས་མདུན་ན
རང་ལུས་འོད་དུ་འཚེར་བའི་མར་མེ་དེ་ཡང་ཁྱེད་ཡིན་ནམ

ཆེས་དག་སྣང་གི་བྱམས་བརྩེ་དེ་ཉི་མའི་འོད་སྣང་བཞིན
ས་ཆེན་གྱི་སྨག་རིམ་བརྟོལ་བཞིན
སུ་ཞིག་གི་སྐྱ་ཐིང་ཐིང་གི་ངོ་གདོང་ལ་དཔྱིད་ཀྱི་རྨི་ལམ་དྲངས
སུ་ཞིག་གི་འཁྱ་འཁྱོར་གྱི་ལམ་བུ་ལ་ཁ་ཕྱོགས་ཀྱི་སྒྲོན་མེ་སྦར

གངས་རིའི་བདག་པོ་ལགས།
ཧ་ཅང་ཐེག་དཀའ་བའི་ཁུར་ཆེན་ཞིག
ཁྱེད་ཀྱིས་ངུར་སྨུག་གི་ཕྲག་ཞེང་ལ་བཞེས་ཏེ།
ལྗིད་ཏིག་ཏིག་གི་ཞབས་རྗེས་དཀར་པོ
ས་ཆེན་གྱི་ཡང་སྟེང་ལ་དལ་གྱིས་བརྐྱོངས་དུས།
རིགས་རྒྱུད་ཅིག་གི་གསེར་མདོག་གི་གཤིས་རྒྱུད།
དེ་ལྟར་གསུབ་ཏུ་མེད་པའི་ཡིག་འབྲུ་ལ་བརྐོས

མུན་ནག་དང་འུར་ཟིང་གི་གཡོ་འགུལ་ཁྲོད
དེ་ལྟར་བྲེལ་སྟོབས་ཀྱིས་ལམ་དུ་ཆས་དུས།
གྲང་ཤུར་ཤུར་གྱི་ཡུལ་གྱར་བའི་འཚོ་བཞེས་སྐྱ་བོར།
རེ་སྨོན་གྱི་མེ་ཁ་དྲོན་མོ་ཐོག་མར་གསོས་ཤིང་།
ལོ་རྒྱུས་ཤིག་གི་ཆགས་འཇིག་གི་སྐྱོ་གར་རིང་མོ་ལ།
ལྗང་མདོག་གི་རྣམ་ཤེས་ཤིག་གསར་དུ་བཏབ།

འདི་ལྟར།   ཐག་རིང་ཐག་རིང་ཞིག་ནས།
ངལ་བ་ཡོད་ཚད་འཛུམ་མདངས་ལ་སྤྲོས་ཏེ།
ཡང་ན་ཐག་ཉེ་ཐག་ཉེ་ཞིག་ནས།
མཛད་འཕྲིན་རེ་རེ་དྲོད་ཁོལ་དུ་བསྒྱུར་ནས།
ང་ཚོའི་ཁ་སང་གི་གཏམ་རྒྱུད་སང་ཉིན་གྱི་རྨི་ལམ་མཐུད།
ཁ་བའི་རྣམ་ཤེས་ཀྱི་རྨུ་ཐག་རིང་མོ་ས་གཞིའི་རྒྱ་ཁྱོན་ལ་འཐེན།

དེ་རིང་།  ང་ཚོས་ཁྱེད་ཀྱི་ལྗིག་ཏིག་ཏིག་གི་སྟོན་ཁ་འཐུ་བཞིན།
རང་ཉིད་ཀྱི་བརྟན་འཇགས་མིན་པའི་འཚོ་གནས་དང་འགྲུལ་བཞུད་ཁྲོད་ན།
འདར་ལྕུག་ལྕུག་གི་སེམས་པ་ཕྲ་མོ་ཁྱེད་ལ་བསྲིངས་ཡོད།

ལོ་ཟླ་མང་པོར་མུན་ནག་གིས་ཟོས་པའི་པོ་ཏ་ལའི་ཐེམ་སྐས་ལ
ཁྱེད་ཀྱིས་དྲོད་ལམ་ལམ་གྱི་ལོ་རྒྱུས་ཤིག་མཐོ་རུ་བརྩེགས
འཚོ་གཞིས་བཟོད་སྒོམ་གྱིས་བསྐྱལ་བའི་གངས་རིའི་རང་མདངས་ལ
ཁྱེད་ཀྱིས་མཚར་སྡུག་གི་བླ་སྲོག་ཞིག་གསར་དུ་བསྣན།

ཉམ་ཆུང་བའི་ཡུལ་གྱར་བའི་ངོ་གདོང་ལ་འགྲེང་ནས།
བྱམས་བརྩེ་དང་གཏན་ཚིགས་ཁོ་ནའི་སྦྱན་ཟུང་གིས།
མཐའ་མི་མངོན་པའི་མི་ཡུལ་ཧྲིལ་བོ་འདི།
ཡུམ་ཆེན་ལྟ་བུའི་ཐུགས་བརྩེ་ཡིས་ཡང་ཡང་རུམ།

དེ་རིང་།    འཛམ་གླིང་གི་ཕྱོགས་བཞིར་འཁྱར་བའི་ང་ཚོས།
ཁྱེད་ཀྱི་བླ་གོས་སེར་པོ་རྒྱགས་བྲོ་རུ་བཏུས་ཤིང་།
ཁྱེད་ཀྱི་གསེར་ཞལ་དྲོན་པོ་ཡིད་ཆེས་སུ་རློམ་ནས།
ཡུན་རིང་གི་རེ་སྒུག་དང་སྨོན་པ་མཐོ་རུ་བཏེགས་ཡོད།

ས་སྒང་འདིའི་མཐོ་ས་མཐོ་ས་ཞིག་ན།
བརྩེ་ཆེན་ཞི་འཇམ་གྱིས་འཁྱིལ་བའི་ཁྱེད།
རྟག་ཏུ་གྱེར་ཆོག་ཆོག་གི་ཞུམ་མེད་ཀྱི་གདངས་དབྱངས་རིང་མོ་ཡིན།

༢༠༡༥   ༦  ༡༣    ཉིན་བྲིས།

ངེད་དྲ་ཚིགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s